ལེ་ལོ་ཅན་དང་བརྩོན་འགྲུས་ཅན།

10e585c33cc.jpg

དོན་གྲུབ་རྒྱལ། 

དུས་ཚོད་ཀྱི་འཁོར་ལོ་བར་མེད་འཁོར། །དྲན་སྐུལ་གྱི་ཅོང་བརྡ་རྒྱུན་མི་ཆད། །བརྩོན་འགྲུས་ཀྱིས་ཅོང་བརྡ་ཐོས་མ་ཐག །གྲིམ་རིལ་ཅིག་བརྒྱབ་ནས་མལ་ལས་ལངས། །དཔེ་དེབ་ཅིག་མཆན་ལ་བཟུང་ནས་ནི། །ལྷས་རའི་ནང་རང་སྦྱོང་བྱེད་དུ་སོང་། །ལེ་ལོ་ནི་ད་དུང་ཉིད་དུ་ཡུར། །རྨི་ལམ་དུ་རྟ་བོ་ཞོན་པ་རྨིས། །ཐང་སྟོང་དུ་གམ་པ་འཁྱེར་བ་རྨིས། །ཡུད་ཙམ་ནས་གློ་རྨེད་ཆད་པ་རྨིས། །རྟ་ཐོག་ནས་ཐང་ལ་ལྷུང་བ་རྨིས། །རྐང་པ་གཅིག་ཡོབ་ལ་ཐོགས་པ་རྨིས། །ཚེར་གསེབ་ཏུ་རྟ་ཡིས་དྲུད་པ་རྨིས། །ན་ཟུག་དག་བཟོད་བསྲན་མ་ཚུགས་པར། །ཨ་ཙ་མ་ཟེར་ཞིང་གཉིད་ལས་སད། །དེ་མ་ཐག་སླར་ཡང་གཉིད་དུ་ཁུག །ལེ་ལོ་དངབརྩོན་འགྲུས་ཕུ་ནུ་གཉིས། །རིགས་རུས་ལ་མཆོག་དམན་མ་མཆིས་ཤིང་། །ཆོ་འབྲང་ལ་བཟང་ངན་མེད་ན་ཡང་། །བརྩོན་འགྲུས་དང་ལེ་ལོ་སྤུན་གཉིས་ཀྱི། །སྦྱང་འབྲས་ལ་གནམ་སའི་ཁྱད་པར་བྱུང་། །དེ་མུས་སུ་ལོ་ཟླ་དུ་མ་འདས། །ནམ་ཞིག་ཚེ་ནུ་བོའི་བསམ་པ་ལ། །ཕ་བོ་ནི་ལེ་ལོར་གཡེང་དྲགས་པས། །དྲན་སྐུལ་གྱི་གསལ་ཞིག་འདེབས་དགོས་སྙམ། །དེ་ཙ་ན་དཔྱིད་ཀྱི་དཔལ་ཡོན་ཤར། །ཕུ་ནུ་གཉིས་ལྡུམ་རའི་སྐྱེད་ཚལ་དུ། །སྤྲོ་བསངས་དང་འཆམ་འཆམ་བྱེད་དུ་དེངས། །དཔྱིད་གསུམ་གྱི་དཔལ་ཡོན་དེ་མཐོང་ནས། །བརྩོན་འགྲུས་ཀྱིས་ལེ་ལོར་འདི་སྐད་སྨྲས། །ཀ་ཡེ་ཁྱོད་གསོན་དང་གཅེན་པོ་ལགས། །མེ་ཏོག་གི་སྐྱེད་ཚལ་ཉམས་དགའ་འདིར། །ཁོར་ཡུག་ཀུན་ལྗོན་ཤིང་ཚང་ཚིང་འཁྲིགས། །བྱ་བྱིའུ་རྣམས་གླུ་དབྱངས་ཅི་དགར་སྒྲོག །སྔོ་ལྗང་གི་ནེའུ་གསིང་གཙང་མའི་གཞིར། །ཁྲ་ཆིལ་གྱི་མེ་ཏོག་འཛུམ་ཞིང་དགོད། །རྐང་དྲུག་གི་བུང་བ་འཕུར་ཞིང་ལྡིང་། །འདི་དག་རྣམས་གཞོན་ནུའི་ལང་ཚོར་དཔེ། །དོན་ལྡན་གྱི་ས་བོན་མ་བཏབ་ན། །མ་ཏོག་གི་སྐྱེད་ཚལ་ཇི་ལྟར་ཆགས། །བརྩོན་སེམས་ཀྱིས་མྱུ་གུ་མ་བཙུགས་ན། །ཚང་ཚིང་གི་ལྗོན་ཤིང་ཇི་ལྟར་སྐྱེ། །བྱ་བྱིའུ་རྣམས་གྲེ་བ་མི་བདེ་ན། །ཡིད་འཇེབས་ཀྱི་གླུ་དབྱངས་ཇི་ལྟར་ལེན། །རྐང་དྲུག་གིས་འཕུར་རྩལ་མ་སྦྱངས་ན། །མེ་ཏོག་གི་བཅུད་བཟང་ཇི་ལྟར་ལེན། །དེ་བས་ན་ད་ལྟ་གཞོན་ནུའི་དུས། །ལེ་ལོ་ཡི་དབང་དུ་མི་འགྲོ་ཞིང་། །བརྩོན་པ་ཡི་བློ་དེ་མ་དོར་བར། །ཡོན་ཏན་ཞིག་སྦྱོང་ལ་ཁྱོད་ཀྱང་འབུངས། །དེ་སྐད་ཀྱི་གཏམ་དག་ཐོས་འཕྲལ་དུ། །ལེ་ལོ་ནི་ཁོང་འཛུམ་གཏིང་ནས་ཤོར། །ཁྲེལ་རྒོད་ཀྱི་མེ་ལྕེ་མཁའ་ལ་མཆེད། །ཟུར་ཟ་ཡི་ཆུ་མོ་རླབས་ལྟར་འཕྱུར། །སངས་རྒྱས་ཁྱོད་རང་མགོ་མ་ཐོན་པར། །སེམས་ཅན་རྣམས་ཡར་འདྲེན་ཅི་ལ་ཡོང་། །མོ་མ་ཁྱོད་རང་བྱས་མི་དྲན་པར། །སེམས་ཅན་རྣམས་ཡར་འདྲེན་ཅི་ལ་ཡོང་། །མོ་མ་ཁྱོད་རང་མི་དྲན་པར། །སེམས་ཅན་གྱི་བདེ་སྡུག་ཇི་ལྟར་མཁྱེན། །ནུ་བོ་ཁྱོད་རང་མགོ་མི་འཁྱོངས་བཞིན། །ཕུ་བོ་ལ་བསླབ་བྱ་ཇི་ལྟར་བྱེད། །ཞེས་པ་སོགས་འཆལ་གཏམ་བྱུང་རྒྱལ་སྨྲས། །དེ་ནས་བཟུང་མ་གཅིག་ཕུ་ནུ་གཉིས། །རང་རང་སར་འཚོ་བ་སྐྱེལ་ཞིང་འདས། །ལེ་ལོ་ནི་གཉིད་དང་སྒྱིད་ལུག་བྱེད། །བརྩོན་འགྲུས་ཀྱིས་ལྔ་རིག་མཁས་པར་སྦྱངས། །ལོ་ཟླ་ཡི་དུས་ཚོད་དལ་གྱིས་འདས། །སོ་དཀར་གྱི་ལང་ཚོ་རིམ་གྱིས་ཡལ། །སྐྲ་དཀར་གྱི་ཕོ་ཉ་མྱུར་དུ་སླེབས། །བརྩོན་འགྲུས་ནི་མཁས་པའི་གྲལ་དུ་མཛེས། །ལེ་ལོ་ནི་གླེན་པ་གཅིག་པུར་ལུས། །ཐམས་ཅད་གྱིས་འཕྱ་ཞིང་རྒོད་པའི་ཚེ། །སྔར་བྱས་ལ་འགྱོད་ཀྱང་འཕྱིས་པ་ཤེས། །

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།