བདུད་བྷེ་དྲན་པ།

ཟི་ལིང་། སྨུག་པོ།

res01_attpic_brief (1).jpg

དོ་ནུབ།ཙོང་ཁའི་སྐྱེས་རིའི་སུལ་ན་ཡོད།

རྣོ་ངར་རལ་གྲི་ཐོགས་པའི་འཕྲིན་གྱིས།

སྙིང་ཆུང་ཚལ་བར་བཏང་།

གངས་ལྗོངས་ཁུ་བྱུག་སྔོན་མོ།

རེ་སྒུག་སྟོང་གི་ཞལ་ཁྱིམ་ནས་འཕུར་སོང་འདུག


གྲེ་འགྱུར་ཕྲ་མོས་བསྐྱོར་བའི་གླུ།

དབྱངས་ཅན་ལྷ་མོར་བསྒྲུན་པའི་ངག

དྲི་ཟ་བུ་མོར་མངའ་བའི་དབྱངས།

ད་ནི་སྲིད་པའི་གདངས་མཚམས་གང་ན་ལུས།


ཉི་ཟླའི་འོད་ཕྲེང་རྒྱས་པའི་སྙན་དབྱངས།

སྨན་ཤར་ལང་ཚོ་དར་བའི་སྙན་དབྱངས།

འཁོར་བ་ཡི་བདེ་བ་ཪྙེད་པའི་གདངས་དབྱངས།

ད་ནི་དུས་ཀྱི་ཉིན་སྲིབ་གང་ནས་བཙལ།


ཁྱེད་ཀྱི་མགྲིན་ངག་ཟས་སུ་སྒོམ་པ་དག

སྒྱུ་རྩལ་གྱི་མུ་གེས་མནར་ན།

ཟས་གོས་ཀྱི་ལོངས་སྤྱོད་འདིས་ཅི།

དབྱངས་རྟ་ཪྙིང་པ་ཞིག་ལ།

ཚེ་སྲོག་གི་གསོན་ཤུགས་སུ་ཡིས་འབྲི།


གངས་ལྗོངས་ཁུ་བྱུག་སྔོན་མོ།

གཤོག་འགྱུར་རྩེན་པའི་སྐྱོ་ངལ།

ཡིག་འབྲུ་དག་གི་འགྲམ་པར་བཀལ་ཡང་།

རྩྭ་ལྗང་གི་བསིལ་བ་ཐོར་བའི་དབྱངས་སྙན།

མི་ཏོག་གི་བཀྲག་མདངས་རྒྱས་པའི་དབྱངས་སྙན།

འཇའ་ཚོན་གྱི་མཛེས་སྡུག་བཞད་པའི་དབྱངས་སྙན།

རྒྱུད་སྐུད་ཕྲ་མོའི་མཐོང་ག་ནས་བསྐྱུར་ན།

འགྱུར་ཁུགས་འདི་ཐེག་པའི་མགྲིན་ངག་གང་ན་ཡོད།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།