ཁྲོ་མི་སྨུག་པོ་ཞིག་ལམ་ལ་ཆས་སོང་།

——— ཁྲོ་ཁོའི་བདུད་འདུལ་རྡོ་རྗེ་ལ།

ཀན་ལྷོ།  རྨ་འོད།

བོད་ཡུལ་འདི་གླུ་ས་ཞིག་ཡིན་ཟེར

ད་ཆ་ཨག་འདེབས་མཁན་མང་བས

ཁྱོད་ཁོ་ནའི་སྐད་ངག་བྲང་ལ་མི་གླན་ཀ་མིད་རེད

དེ་ནི་བོད་པ་ཚོས་འཚོ་བའི་གྲི་སོ་ནས

སྤྲོ་སྤྲོ་རྒྱག་སྟངས་ཤིག་ཡིན


དྲ་བ་དེ་སྤྱང་ཚོགས་འདུར་སའི་རྫ་རོག་པོ་ཞིག་རེད

ལུ་གུ་སྙིང་རྗེ་བོ་དག་འཇབ་རྒོལ་གྱིས་ཁྱུར་མིད་བཏང་ཡོང

ཁྱོད་ཀྱང་ལུ་གུ་དེ་ཚོ་དང་འདྲ་སྙམ་ན་སྙིང་ལ་གཟེར་ཤ་བརྒྱབ་ཡོང


མི་དེ་འགྲོགས་རིང་ན་འཁྱག་པ་ཞིག་རེད

འཁྱག་པ་རྡོ་འདྲ་བ་ཞིག་རེད

རྡོ་འཁྱག་པ་དེ་ལ་གློ་མཆིན་པ་གླན་ན

ཤ་དུམ་བུ་དུམ་བུ་དང་ཁྲག་ཐུམ་བུ་ཐུམ་བུར་ཆགས་ཡོང

ཕྱི་སྲོག་གི་སྙི་ས་དེ་ནས

ནང་སྲོག་གི་སྲབ་ས་དེ་ནས

ཁྱོད་ལ་སྒོར་གྱི་ཕྱིང་ལྭ་ཞིག་མཁོ་ཟེར་བ་བདེན་ནམ


འཆི་བ་དེ་སྔ་ཕྱི་ཙམ་རེད

ལན་རེར་གོ་རིམ་འཁྲུལ་བ་ཙམ་རེད

དོན་དམ་དུ་འཇིག་རྟེན་ཁྲམ་པའི་ཡུལ་ནས

མིག་བཙུམས་ནས་ཤར་སེ་འགྲོ་ཐུབ་ན

དེ་ཡང་ཐར་བ་ཞིག་ཡིན་ན་ཐང


མང་པོ་ཞིག་གིས་མི་ཡུལ་དེ་སྐྱིད་པར་གླེང་མོད

ཞིབ་ཏུ་བསམས་ན་སྡུག་པོ་རུ་ཆགས་ས་ཤིན་ཏུ་མང

རེས་སྐྱིད་རེས་སྡུག་གི་ཉིན་སྲིབ་དེ་ནས

ཁྱོད་ལ་སྒོར་གྱི་རལ་བ་ཞིག་མཁོ་ཟེར་བ་བདེན་ནམ

གང་ལྟར   ཁྱེད་རང་གཅེར་བུར་ལམ་ལ་ཆས་སོང

མི་ཡུལ་གྱི་ཚུལ་འཆོས་དག་རལ་བར་གྱུར་སོང

ཐར་བའི་སྒོ་ཆེན་དེ་ནས་ཡང་ཐར་བའི་ལམ་སྣ་ཞིག་ཪྙེད་སྲིད་དམ

འཇིགས་པའི་གནས་ཆེན་དག་ནས

དཀོན་མཆོག་གི་བདེན་པའི་སྲུང་བ་དག་མཐོང་སོང་ངམ


དེ་རིང་གངས་ཀྱི་ཞིང་ན

སྨྲེང་བ་རི་འདྲ་བ་ཞིག་ཟིལ་བ་ཕྲོམ་མིར་ཡོད

དེ་རིང་སྤང་གི་གཞུང་ན

ཕངས་སེམས་མཚོ་འདྲ་བ་ཞིག་རླངས་པ་ཐུལ་ལེར་ཡོད

དེ་རིང་གི་ས་དོག་ལ་གནམ་ཆུང་བ་དེ

ཁྱོད་ཁོ་ན་སྐྱོ་སྣང་གིས་བཞེངས་པས་རེད


གང་ལྟར  ཁྲོ་མི་སྨུག་པོ་ཞིག་ལམ་ལ་ཆས་སོང

སྐད་ངག་སྙན་མོ་ཞིག་བོད་ལ་བསྐྱིལ་སོང

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།