ཀྲུང་གོ་བོད་ཀྱི་དྲ་བ།

སྒེའུ་ཁུང་གྲུ་བཞི།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ།   སྤེལ་དུས། : 2022-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཞོན་ནུ་བློ་གྲོས་ཉིན་ཞག་བཅོ་བརྒྱད་ལ་ཁང་པ་ཁོ་ནར་བསྡད་དེ་ཕྱི་རོལ་ཏུ་འགྲུལ་སྐྱོད་མ་བྱས་པ་ནས་བཟུང་། ཁོ་དང་འཇིག་རྟེན་གྱི་བར་དུ་སྒེའུ་ཁུང་གྲུ་བཞི་ཞིག་གིས་ཆོད་ཅིང་། སྒེའུ་ཁུང་གྲུ་བཞི་དེ་ཁོ་ནས་ད་གཟོད་ཁོ་དང་འཇིག་རྟེན་གཉིས་གཞི་གཅིག་ཏུ་སྦྲེལ་ལ་དྲོད་ལམ་ལམ་གྱི་ཉི་འོད་ཀྱང་ནང་དུ་འདྲེན་པར་བྱེད། སྒེའུ་ཁུང་གྲུ་བཞི་དེ་ཁོ་ནས་ད་གཟོད་ཡིད་མུག་གི་མུན་པ་དྭངས་པར་བྱེད་ཅིང་སྐྱོ་གདུང་མ་ལུས་ཅིག་གྱུར་ཏུ་འཇོམས། སྒེའུ་ཁུང་གྲུ་བཞི་དེ་ཁོ་ནས་ད་གཟོད་དབྱར་གྱི་མཛེས་ཉམས་དང་ཕྱི་རོལ་ངོ་མཚར་གྱི་སྒྱུ་འཕྲུལ་སྣ་ཚོགས་མཐོང་བར་བྱེད། སྒེའུ་ཁུང་གྲུ་བཞི་དེ་ཁོ་ནས་ད་གཟོད་ཁོ་ལ་རེ་བའི་འོད་སྣང་སྦྱིན་ཅིང་དགའ་བདེའི་དཔལ་ཡོན་སྩོལ་བར་བྱེད། སྒེའུ་ཁུང་གྲུ་བཞི། གཞོན་ནུ་བློ་གྲོས་དང་འཇིག་རྟེན་ངོ་མཚར་གྱི་ལྟད་མོའི་བར་ན།

གཞོན་ནུ་བློ་གྲོས་ཀྱིས་རྟག་པར་སྒེའུ་ཁུང་ལས་ཕྱི་རོལ་ལ་བཅར་བ་ན། ངོ་མཚར་ལྟ་ན་སྡུག་པའི་འཇིག་རྟེན་གྱི་མཛེས་སྡུག་མ་ལུས་མིག་གི་རྒྱལ་མོའི་ལོངས་སྤྱོད་ཀྱི་དང་མར་འདྲེན་ཏེ། ཟི་ན་གསེར་ལུང་ལྗོངས་ནི་ལྷའི་དགའ་ཚལ་ས་ལ་འཕོས་པ་ལྟ་བུར་བཀོད་པ་ལེགས་པས་སྐྱེ་དགུ་མཐའ་དག་གི་ཡིད་ཀྱི་བརྟན་པ་ཅིག་གྱུར་ཏུ་འཕྲོག་པ། ཕུ་སྟོད་ཀྱི་ལྷོ་ནུབ་བྱང་གསུམ་དུ་ཙོང་ཁའི་སྐྱེས་རི་གཙོ་བོར་གྱུར་པའི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཉན་བཙན་མཐུ་བོ་ཆེས་བདག་གིར་བཞེས་པའི་རི་རབ་ཀྱི་ཕྲེང་བ་བར་མ་ཆད་པར་ལྷུན་སྡུག་ཅིང་། ཆུ་དཀར་ཐང་དང་འོམ་བུ་ཐང་རྣམས་གཡུའི་མཎ་ཌལ་དུང་གི་ཚོམ་བུས་སྤྲས་པ་ལྟ་བུ། མདའ་གསུམ་དར་དཀར་གྱི་ཡོལ་བ་བྲེས་པ་བཞིན་ཉམས་དགའ་ཞིང་། བེེཌཱུརྱ་ཞུན་མ་ལྟར་སྔོ་ལ་ཤེལ་དཀར་ལྟ་བུའི་ལྦུ་ཕྲེང་གི་ཟེགས་མ་མངོན་པར་འཐོར་བཞིན་པའི་གཙང་ཆབ་གྱ་གྱུར་དལ་གྱིས་འབབ་པ། རི་ཡི་སྐེད་གསུམ་དག་འཕང་མཐོ་ཞིང་ཚངས་པའི་འཇིག་རྟེན་དུ་སྙེག་པ་འདྲ་ལ་རིན་པོ་ཆེ་སྣ་ཚོགས་འདུས་པ་ལྟར་བཀྲ་པའི་བྲག་རིས་མངོན་པར་གཏམས་པ། རྒྱ་སྟག་དགུང་དུ་འཕྱོ་བ་ལྟ་བུའི་སྡོང་བུ་ཡལ་འདབ་འབྲས་བུ་ལྡན་པའི་ནགས་ཀླུང་གིས་ཁྱབ་པ་ཅན་གྱི་དགའ་སྟོན་དཔལ་གྱིས་མྱོས་པར་བྱེད།

ལྷག་པར་དུ་ཟི་ན་གསེར་ལུང་ལྗོངས་ཀྱི་ཉེ་བའི་ཆར་ནི། རྒྱབ་རི་གསང་བའི་དབང་པོ་རྣམ་ཐོས་ཀྱི་བུ་རྒྱལ་མཚན་དང་ནེའུ་ལེ་འཛིན་པ་གདོང་ལྔ་དྲེགས་པའི་ཉམས་ཀྱིས་སྟེང་དུ་འགྱིང་བ་ལྟ་བུ་ལ། རི་ཕྲན་བློན་པོ་དང་། མངག་པ་དང་། ཕོ་ཉ་དང་། བྲན་གྱི་ཚུལ་དུ་བཀོད་པ་རྣམས་འདུད་པའི་རྣམ་པས་ནི་གནས། ལྗོན་ཤིང་གི་ནགས་ཚལ་ཉམས་དགའ་བ་དག་ནི་ལོ་མ་དང་འབྲས་བུའི་ཁུར་གྱི་ལྗིད་པར་བྱས་པ་རྣམས་རླུང་གིས་བསྐྱོད་པ་ལས་དྲི་བསུང་ཞིམ་པོ་བསིལ་བ་དག་ནི་ལྡང་། བྱ་བྱེའུ་རིགས་དུ་མ་རྩེད་དགའི་ཉམས་ཀྱིས་གཤོག་འགྱུར་ལྡེམ་ཞིང་མཁའ་ལ་ནི་རྩེན། དེའུ་འབར་དང་ཤང་ཤོང་རྣམ་པ་མང་པོ་ཁ་དོག་དང་དབྱིབས་དུ་མ་དག་ནི་ཆེད་དུ་བཤམས་པ་བཞིན་དུ་བཀོད། རིན་པོ་ཆེ་མརྒད་བཞུས་པ་ལྟ་བུའི་ཆུ་བའི་རྒྱུན་ནི་གཡས་ནས་བསྐོར་ཞིང་འབབ། རིན་ཆེན་མཎ་ཌལ་བཀོད་པ་ལྟ་བུའི་ཐང་བརྩེགས་མ་བརྩེགས་མས་ནི་བརྒྱན། རྩྭ་ལྗང་ཁུ་གསར་པས་ཁེངས་པའི་ནེའུ་གསིང་ཉམས་དགའ་བ་དག་ལ་གནས་པའི་རི་དྭགས་དུ་མ་ནི་ཉེ་བར་འཚེ་བའི་དོགས་པ་སྤངས་ཏེ་མྱུ་གུ་གསར་པས་འཚོ་ཞིང་བག་ཕེབས་པར་གནས། ཆུ་སྐྱེས་མེ་ཏོག་གི་རིགས་དུ་མ་མདངས་བཀྲ་བ་ཟིལ་དངར་ཆགས་པའི་རོ་ལྡན་པའི་དྲྭ་བས་གཡོགས་པའི་ཚལ་དུ་ཕྱེ་མ་ལེབ་དང་སྦྲང་མའི་ཚོགས་དིར་དིར་གྱི་དབྱངས་དང་བཅས་པས་འཁོར་ཞིང་ལྡིང་། ལྡུམ་བུ་དང་ལོ་མ་ཁ་དོག་སྣ་ཚོགས་པ་མཛེས་པར་བཀོད་པ་དུ་མས་བརྒྱན། རི་ངོས་གཟར་བ་དག་ལས་འབབ་པའི་ཆུ་རྒྱུན་འོ་མའི་རྒྱུན་སྦྲེངས་པ་ལྟ་བུ་དག་བྲག་ཀྱང་ཤེལ་གྱི་བཟེད་ཞལ་བཀོད་པ་ལྟ་བུ་ལ་ཕྱར་ཞིང་བརྡབས་པའི་སྒྲ་ལས་ཆོས་ཐམས་ཅན་མཛེས་སྡུག་གི་རང་བཞིན་དུ་སྟོན་པའི་སྒྲ་སྐད་ལྷུན་གྲུབ་ཏུ་འབྱུང་། མ་ལི་ཀའི་ཕྲེང་བས་ཀུན་ནས་མཛེས་པར་བྱས་པའི་ནགས་ཚལ་ཉམས་དགའ་བ་དག་ན་ཁུ་བྱུག་དང་ངུར་བ་དང་འཇོལ་མོ་ལ་སོགས་པ་འདབ་ཆགས་སྣ་ཚོགས་ནི་ཡིད་དུ་འོང་བའི་སྒྲ་སྐད་སྣ་ཚོགས་ནི་འབྱིན། ལྗོན་པའི་ཡལ་འདབ་ཀྱི་ལྕུག་ཕྲན་གཡོ་བས་དུད་པ་དག་ལས་མེ་ཏོག་དུ་མ་འཐོར་བ་ནི་རིན་པོ་ཆེའི་རྔ་ཡབ་གཡོབ་པ་དང་བྲག་རི་རིན་པོ་ཆེའི་ཟེ་པྲོག་བཀོད་པ་ལྟ་བུ་ལ་པ་ཏྲ་དག་གི་རི་མོ་ནི་མཛེས། ཁང་མིག་རབ་ཏུ་བརྩེགས་པ་མཐོ་དམའ་མི་སྙོམས་པའི་ཐོག་ཁང་ཆེན་མོ་དག་ནི་ལྷ་ཡི་འཕྲུལ་སྤྲུལ་གྱི་མཐུ་ལ་བརྟེན་ནས་བྱུང་བ་ལྟ་བུའི་ངོ་མཚར་གྱི་བཀོད་པས་ལྟ་བས་ཆོག་མི་ཤེས་ཤིང་། དྲྭ་བ་དང་དྲྭ་བ་ཕྱེད་ཀྱི་རྣམ་པ་ལྟ་བུའི་གཞུང་ལམ་དག་ཡངས་དོག་མཉམ་པར་བདེ་འཇམ་ངང་འདུ་འཛི་དབེན་པར་གནས་པས། ཟི་ན་གསེར་ལུང་ལྗོངས་ཆེན་མོ་ནི་རི་ཁྲོད་དགོན་པའི་ཚུལ་དུ་སྣང་ཞིང་དབེན་གནས་ཡིད་དགའ་ཆོས་འཛིན་ལྟ་བུའི་བརྟུལ་ཞུགས་འཛིན་པའི་ཉམས་ཀྱིས་འགྲོ་བ་མཐའ་དག་ལ་ཞི་གནས་བག་ཕེབས་ཀྱི་ཏིང་འཛིན་ལ་ཞུགས་པའི་དགའ་བདེ་མ་ལུས་ཅི་དགར་སྦྱིན་ཞིང་དགའ་སྟོན་ལ་ནི་མཆོག་ཏུ་རོལ་བར་བྱེད་དོ། །

དེ་དང་དེ་ལ་སོགས་པའི་འཇིག་རྟེན་ངོ་མཚར་གྱི་མཛེས་སྡུག་མ་ལུས་གཅིག་ཏུ་བསྡུས་ལྟ་བུའི་སྒེའུ་ཁུང་ཕྱི་རོལ་གྱི་མཛེས་ལྗོངས་ལ་ཡིད་ཆགས་ཤིང་སྨོན་པ་གཏིང་ནས་ཤོར་བའི་དབང་གིས། གཞོན་ནུ་བློ་གྲོས་རྟག་པར་སྒེའུ་ཁུང་ལས་ཕྱི་རོལ་ཡུལ་བཅར་ཏེ། དུས་ཡུན་རིང་པོར་ཁུ་སུམ་མེར་མིག་རྒྱང་གིས་གང་ཟིན་ལ་བལྟས་ནས་སྡོད་དོ། །

《སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱི་རྣམ་ཐར》ལ་དཔེ་ལྟོས་ཤིང་ཅུང་ཙམ་བཅོས་ནས་སྦྱར།

རྩོམ་སྒྲིག་པ། : གསང་བདག་རྒྱལ།