ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལུགས་ཀྱི་སྤྲིན་རིས་ཤིག་དང་ངའི་རྣམ་རྟོག་གི་ཡོ་ལང་སྣ་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སེང་རྡོར།   སྤེལ་དུས། : 2022-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་རང་བོད་ཀྱི་རི་མོའི་སྒྱུ་རྩལ་ལས་སྤྲིན་རིས་འབྲི་སྟངས་ཤིག་ལ་ཤིན་ཏུ་དགའ། ང་དགའ་སའི་སྤྲིན་རིས་དེ་ལ་ཁ་མདོག་སེར་པོ་བཏང་ན་ལྷག་ཏུ་ཡིད་ཀྱི་དབང་པོ་ཅིག་ཅར་འཕྲོག་ཐུབ། ངས་ན་ཆུང་དུས་ཚོན་ཆུ་དཀར་དམར་སེར་གསུམ་གྱིས་སྤྲིན་རིས་ཅུང་མང་པོ་བྲིས་མྱོང་ལ། དེ་དུས་ངས་སྐུ་སྨད་སྤྲིན་འོག་ཏུ་ཡོད་པའི་ལྷ་དང་ལྷ་མོ་དང་། རྭ་རྩེར་སྤྲིན་མདུད་བརྒྱབ་ཡོད་པའི་འབྲོང་གཡག་ཤྭ་བ། མཁར་གྱི་སྤེན་པད་ལ་སྤྲིན་འཁྱིལ་ལྷུང་ཡོད་པ་ཞིག་བཅས་འབྲི་ཨེ་ཐུབ་ལ་སེམས་ཚེགས་ཆེན་པོ་བྱས་མྱོང་།

ད་ལྟ་ཕར་བལྟས་ཚོད་ལ། ང་དགའ་སའི་སྤྲིན་རིས་དེའི་དུམ་བུ་གཅིག་འབྲི་ན་ནི་སྨྱུག་ཁ་མང་པོ་དཀྱོག་མི་དགོས་ཤིང་བྱང་བ་ཞིག་གིས་ཧ་ལམ་སྨྱུག་ཁ་གཅིག་གིས་ཀྱང་འབྲི་ཐུབ་པ་འདྲ། འོན་ཀྱང་དེའི་མཛེས་པའི་ཆ་ནི་ང་ལ་མཚོན་ན་དངོས་གནས་བརྗོད་ལས་འདས་པ་ཞིག་རེད་འདོད། ཧོར་གླིང་གཡུལ་འགྱེད་ཀྱི་པར་གཞི་རྙིང་བའི་སྣང་ཆུང་གཡུ་སྟག་བསད་ཚུལ་གྱི་རི་མོ་དེར་ང་དགའ་སའི་སྤྲིན་རིས་ཅུང་ཟད་ཡོད་ལ། དང་མའི་བོད་དཀར་འབྲུག་རིས་མའི་ཐོག་ནའང་ང་དགའ་སའི་སྤྲིན་རིས་དེ་འདྲ་ཞིག་ཡོད་སྙམ།

ངས་ཐང་ཀ་ཞིག་མཐོང་མ་ཐག་ཏུའང་དེའི་གཙོ་སྐུ་དང་འཁོར་སློབ་གང་ཡིན་དང་དེ་དག་གི་ཕྱག་རྒྱ་ཅི་ཡིན་དང་། གོས་ཐང་དང་རས་ཐང་གི་ཁྱད་པར་སོགས་ལ་མཉམ་འཇོག་མི་ཐུབ་པར། ཐད་ཀར་ཐང་ཀའི་སྟོད་ཀྱི་ཆར་ཧ་ཅང་ཐར་ཐོར་དུ་ཡོད་པའི་སྤྲིན་རིས་ལ་མིག་ཟུག་འགྲོ་བ་ཞིག་གདའ། ལོ་ཧ་ཅང་མང་པོའི་སྔོན་དུ་བཞེངས་པའི་གཙགས་དྲུབ་ཀྱི་ཐང་ཀ་དང་གསེར་ཆུ་བྱུགས་པའི་ཐང་ཀ་སོགས་ལ་རིན་ཐང་ཆེ་ཞིང་ཁྱད་ཆོས་མང་ཚུལ་ངས་གོ་མྱོང་ནའང་། ངའི་སེམས་འགྱུ་དེ་ནམ་ཡང་ཐོག་མར་ངེས་པར་སྤྲིན་རིས་ཤིག་གི་སྟེང་ལ་འབབ་དགོས་པ་དང་། དེ་ནས་ག་ལེར་ཐང་ཀའི་བརྒྱ་ཆའི་བཅུ་ཙམ་ཡང་མི་ཟིན་པའི་རི་ལྗོངས་ཕྲ་མོ་དང་བྲག་ཐེམ་བྱ་ཆུང་སོགས་ལ་འཁོར་བར་འགྱུར། མཇུག་མཐར་ཡང་བསྐྱར་སྤྲིན་རིས་དག་ལ་བལྟ་འཆོར་བ་ཞིག་ཡིན་ནོ། །

སྤྲིན་རིས་ཤིག་ལ་ང་རང་འདི་འདྲ་དགའ་དོན་ཅི་ཡིན་ནམ། ནམ་མཁར་དངོས་སུ་རྒྱུ་བའི་སྤྲིན་ལ་ངས་དམིགས་བསལ་གྱིས་དོ་སྣང་ཆེན་པོ་བྱས་མྱོང་མེད་ལ། སྤྲིན་ངོ་མའི་འདྲ་པར་སོགས་ལའང་ང་རང་དེ་ཙམ་མི་སྤྲོ་བ་འདྲ། འོན་ཀྱང་ལག་བྲིས་ཀྱི་སྤྲིན་རིས་རིགས་ཤིག་སྟེ། ལྷ་བཟོ་ཚོས་འགྲོ་ཞོར་འདུག་ཞོར་ལ་ཤིང་སྒམ་དང་རྫ་སྡེར་སོགས་སུ་འཁྱུག་ཙམ་གྱིས་ཕབ་འགྲོ་བ་དེར་ངས་བལྟས་ཀྱིན་བལྟས་ཀྱིན་ད་དུང་བལྟ་རྒྱུ་ཞིག་དང་།ངས་མྱངས་ཀྱིན་མྱངས་ཀྱིན་ད་དུང་མྱོང་རྒྱུ་ཞིག་ཡོད་པ་འདྲ།

སྤྲིན་ནི་ཅི་ཞིག་ཡིན་པའི་ཐད་ལ་ཚན་རིག་པས་སྡོམ་ཚིག་གསལ་པོ་བཞག་ཡོད། སྡོམ་ཚིག་དེ་རབ་ཏུ་འགྲིག་ངེས་ཀྱང་དེས་ང་སྤྲིན་རིས་ལ་དགའ་དོན་ཅི་ཡིན་ལུགས་ཟུར་ཙམ་ཡང་སྨྲས་མི་འདུག འབྲི་ཐབས་མི་འདྲ་བའི་སྤྲིན་རིས་སྣ་ཚོགས་ཀྱི་གསལ་བཤད་དང་དེ་དག་གི་བྱུང་འཕེལ་སྐོར་ངོ་སྤྲོད་བྱས་པའི་ཤེས་བྱ་ཡང་ངས་བཀླགས་མྱོང་མོད། དེས་ཀྱང་ང་རང་ཅིའི་ཕྱིར་སྤྲིན་རིས་ལ་དགའ་སོང་བར་ལན་ཅི་ཡང་བཏབ་མི་འདུག་པ་འདྲ།

མཁའ་ལ་ངང་གིས་ལྷོག་ལྷོག་འདུ་ཞིང་ཡང་ཐོལ་གྱིས་གང་སར་འཆད་བཞིན་པའི་སྤྲིན་པའི་ཚོགས་དང་ངའི་བར་ན་ཐད་ཀའི་འབྲེལ་བ་ཅི་ཡང་མེད་ལ། དེས་ང་རང་ཁོ་ནར་བག་ཆགས་ཟབ་མོ་ཞིག་འཇོག་དོན་ཡང་མེད་ཨང་། སྤྲིན་ནི་མ་བགོས་ཐུན་མོང་རེད་ཨང་།ཡིན་ནའང་སྤྲིན་རིས་རིགས་ཤིག་ངའི་སེམས་ཀྱི་ཨ་ལོང་དུ་ལྡང་སྟེ་ཡོང་། སྤྲིན་རིས་རིགས་ཤིག་ངའི་བློ་ངོའི་རི་སྣ་རུ་འཁྲིལ་ཏེ་ཡོང་། ལག་བྲིས་ཀྱི་སྤྲིན་རིས་རིགས་ཤིག་ཡིན་ཕྱིན་འཁྱོངས་ལ་མི་འཁྱོང་བ་ཞིག་ལས་མེད་ཀྱང་དེས་ངའི་མིག་ཆུ་འཆོར་བར་བྱེད་ཅིང་དེས་ངའི་མིག་མཐའ་བརླན་པར་བྱེད།

རྒྱ་གར་གྱི་སྙན་ངག་ཅིག་ཏུ། “ཆུ་སྟོད་ཟླ་བ་རྫོགས་པ་ཉིད་ལ་སྤྲིན་རྣམས་རི་ཤོད་རི་སྟེང་ཉལ་བར་འགྱུར”ཞེས་བྲིས་ཡོད་ལ། ཚིག་དེ་དང་ང་དགའ་སའི་སྤྲིན་རིས་རིགས་འདིའི་བར་ན་རྟོག་པ་འོག་འགྱུའི་འབྲེལ་བ་ཞིག་ངེས་ཅན་དུ་ཡོད་པ་འདྲ། ཡང་བོད་ཀྱི་སྙན་ངག་ཅིག་ཏུ། ཤར་གངས་རི་དཀར་པོའི་རྩེ་མོ་ན། ། སྤྲིན་དཀར་པོ་གནམ་ལ་སྙེགས་འདྲ་བ། ། དེ་མཐོང་བའི་མོད་ལ་བླ་མ་དྲན། ། དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེ། ། སྤྲིན་དཀར་པོ་ལྡང་བའི་ཤར་ཕྱོགས་ན། ། འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར། ། མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ། ། ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས། ། ཞེས་ཀྱང་བྲིས་ཡོད་ལ། ཚིག་དེ་ཡང་ང་དགའ་སའི་སྤྲིན་རིས་འདིའི་མུ་རྒྱུན་གཞན་ཞིག་གི་རང་བཞིན་དངོས་ཡིན་ནམ་ཡང་སྙམ།

རླུང་ཤུགས་ཀྱིས་སྤྲིན་པ་ཕྱོགས་ཕྱོགས་སུ་གཏོར་བཞིན་པ་མཐོང་ན་ངའི་སེམས་ཀྱང་དེ་དང་ལྷན་དུ་འཚུབ་ཅིང་ཧ་ཅང་མི་བདེ་བ་ཡིན། ཉི་འོད་འཇམ་དྲགས་པའི་དུས་ལ་སྤྲིན་པ་ནི་བྲག་དབྱིབས་དང་རི་དབྱིབས་ཀྱིས་བརྟན་ཚུགས་སེར་ཡོད། དེ་དུས་ངའི་སེམས་ཀྱང་བག་ཕེབས་དང་དལ་འཇགས་ཀྱིས་གནས་ཐུབ། ཡིན་ནའང་ལིང་ལོང་གི་སྤྲིན་པ་རེ་རེའི་མཛེས་ཉམས་དེ་ཡུན་རིང་ཞིག་ལ་གཏན་ནས་རྟག་མི་སྲིད་པས། ངས་ངེས་པར་དུ་རང་གི་ལག་པ་འགུལ་ནས་སྤྲིན་པ་རེ་ཟུང་ཡིན་ཡང་རི་མོར་ཕབ་ཨེ་ཐུབ་ལ་འབད་ཀྱིན་ཡོད།འོན་ཀྱང་ངས་རི་མོར་ཆེད་དུ་སྦྱངས་མྱོང་མེད་པས། ལག་པ་ནི་ཤིན་ཏུ་དལ། ངས་སྤྲིན་པ་གཅིག་གི་དབྱིབས་རི་མོར་ཕབ་རྗེས་སྤྲིན་པ་གཞན་དེ་འགྱུར་ཚར་ཡོད་པས།སྤྲིན་པའི་འགྱུར་བག་གི་རྗེས་ཆོད་རྒྱུ་ནི་ཁག་ཙམ་གདའ་ཨང་།

སྐབས་ཤིག་ནས་བཟུང་ངས་སྤྲིན་ངོ་མ་ལའང་ཉམས་ཞིབ་བྱས་པ་ཡིན། ཇ་དཀར་ཡོལ་གང་འཐུང་བའི་རིང་ལའང་སྤྲིན་པ་ཞིག་སྤྲིན་པ་གཞན་ཞིག་དང་འདྲེས་ཤིང་། རི་རྩེའི་སྤྲིན་པ་ཤུལ་མེད་དུ་སོང་བའང་ཡོད་པས། མཚམས་རེར་ངས་སྤྲིན་པ་འགྱུར་བ་ཡིན་ནམ་རང་གི་སེམས་འགྱུར་བ་གང་ཡིན་དེ་ཙམ་གསལ་པོར་ཤེས་ཀྱིན་མེད།

ས་ལ་རི་མོ་བྲིས་ནས། ། ནམ་མཁའི་སྐར་ཚོད་བླངས་ཡོད། ། ཅེས་པ་བཞིན། ངས་ཀྱང་ལྷོ་རྒྱལ་འཛམ་བུ་གླིང་གི་སྤྲིན་པ་ཁག་ཅིག་གི་རང་བཞིན་ཧ་གོ་ཡོད་སྙམ། ངས་ངོ་ཤེས་པའི་སྤྲིན་པ་དག་ཏུ་ནག་མོ་ཁོལ་གྱི་སྤྲིན་དང་། རྗེ་དགེ་འདུན་གྲུབ་ཀྱི་སྤྲིན་དང་། སེང་འབྲུག་སྟག་རྩེའི་སྤྲིན་སོགས་ཡོད་ཁར། ཟི་ལིང་ནས་རྐང་ཚར་དཀར་ལམ་ལམ་བཞུར་བའི་སྤྲིན་ཕུང་དང་། རྐང་ཚ་ནས་མདོ་ལར་ཕྱེད་ཙམ་འགྲོ་ཞིང་ཕྱེད་ཙམ་མི་འགྲོ་བའི་སྤྲིན་དམར་དང་། ང་རང་གི་ཁང་ཀླད་དུ་ཆེ་རུ་འདལ་ཞིང་མཐོ་རུ་འཕགས་པའི་སྤྲིན་སྔོན་བཅས་ཡོད།

ང་རང་སྤྲིན་རིས་ལ་དགའ་བའི་དབང་གིས། སྤྲིན་པ་སྤྲིན་རིས་སུ་ཕབ་པའི་ལས་ལ་རྦད་དེ་དབྱིངས་ཞུགས་ཡོད། དེ་རིང་དགོང་ཁར་ངས་འཕྲུལ་རྟའི་གོང་ནས་སྤྲིན་པ་གློ་ཁ་ཞིག་ལྷོ་ནུབ་ཕྱོགས་སུ་ཧ་ཅང་ཁེར་ཆད་དུ་ཡོད་པ་མཐོང་བྱུང་། ངས་སང་ཉིན་སྤྲིན་པ་དེ་ཡ་གིའི་བྱང་ཤར་ཕྱོགས་སུ་ཡོད་ཀྱང་སྲིད་ཅེས་དལ་བུར་ཁེར་ལབ་ཅིག་བརྒྱབ་པ་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།