ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མ་ལགས། ཁྱེད་ནི་ང་ཡི་མི་ཚེའི་ཚེ་ནོམ་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྟིས་ཚང་ཆོས་དབྱིངས་རྡོ་རྗེ།   སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ཨ་མ་ལགས། ལས་སྐལ་གྱིས་ང་རང་ཁྱེད་ཀྱི་མངལ་དུ་སྦྲུམ་པའི་ཉིན་དེ་ནས་བཟུང་། ཁྱེད་ལ་བླ་མེད་ཀྱི་དགའ་སྣང་ཞིག་དང་ལྷད་མེད་ཀྱི་འཛུམ་མདངས་ཤིག་གིས་ཅི་ཞིག་རྙེད་སོང་བ་ལྟ་བུའི་བདེ་སྐྱིད་ཀྱི་ཉི་ཟླ་ཚེས་ཤིང་། ཉིན་དེ་ནས་བཟུང་། ལན་ཆགས་ཀྱི་བུ་ང་བདེ་ཐང་ངང་འཚར་བའི་ཆེད་དུ། ཨ་མ་ཁྱེད་ཀྱིས་རང་གིས་བཟའ་འདོད་ཀྱི་ཟས་རིགས་མང་པོ་ཞིག་བཅད་པ་མ་ཟད། ཁྱིམ་ཚང་གི་ལས་ཀ་མང་པོ་ཞིག་ཀྱང་ཕྲག་ཏུ་བླངས་ཤིང་། ང་རང་སྐྱེ་བར་གཟའ་འཁོར་གཅིག་ལྷག་ཡོད་པའི་སྔ་རོལ་ཏུ་ཁྱེད་ཀྱི་ལུས་སེམས་ངལ་དུབ་ཀྱིས་གདུང་ཡང་། རྫོགས་མཐའ་བྲལ་ཞིང་རེས་འཁོར་སིལ་གྲངས་ལྟ་བུའི་སྒོ་ཕྱི་ནང་གི་ལས་ཀ་ཙག་ཙིག་ལ་འཇུས་ཏེ་མཚམས་བཞག་མ་མྱོང་ལ། སྐུ་ཉིད་ཚེགས་པའི་དཀའ་སྡུག་ཅི་འདྲ་ལྕི་ནའང་། ཁྱེད་ཀྱི་བུ་ཕྲུག་གསུམ་ལས་ཐ་ཆུང་ང་རང་ཁྱེད་ཀྱི་མངལ་དུ་ཞུགས་པ་ལ་དགའ་སྤྲོ་ཆེན་པོ་སྐྱེས་ལ། དཀའ་སྡུག་མཐའ་དག་ཡིད་ཆེས་ཀྱིས་གདོང་གིས་བསུས་ཤིང་འཛུམ་མདངས་ཀྱིས་དང་དུ་བླངས་པ་དེ། ང་རང་ལོ་ན་ཆེར་སོན་དུས་ད་གཟོད་ཉེ་འཁོར་གྱི་མི་དག་གི་ལབ་གླེང་ཁྲོད་ནས་ངའི་རྣ་ཡི་བུ་གར་ཟམ་མ་ཆད་པར་འཇགས་འོངས།

2

ཨ་མ་ལགས། དེ་རིང་ཉིན་གུང་ཆར་ཟིམ་ཏོག་ཙམ་བབས་ཏེ་སྐྱེ་དངོས་དང་བྱ་རིགས་ཡོད་དོ་ཅོག་ལ་བདུད་རྩི་ལྟ་བུའི་དཔྱིད་ཆར་ཟམ་ཟིམ་ཞིག་གིས་བྱབས་ཁྲུས་ཐེངས་ཤིག་བྱས་པས། ཡོད་ཚད་བདེ་སྐྱིད་ཀྱི་དཔལ་དུ་འཁོད་པའི་སྣང་བ་ཞིག་གིས་ཟིན་པར་བྱས་སོང་། ང་རང་གཅིག་པུས་རྭ་རྒྱའི་རྨ་གླིང་ཁུགས་སོ་གཉིས་པའི་སློབ་གྲྭའི་མཐའ་འཁོར་གྱི་རྨ་ཆུའི་འགྲམ་དུ་སྙན་ངག་གི་རབ་བྱེད་བློར་སྐྱོར་བཞིན་ཡོད། ཨ་མ་ལགས། ཁྱེད་ཉིད་བཞུགས་སའི་ཕ་ཡུལ་མེ་ཏོག་ལུང་བར་ཆར་ཟིམ་འབབ་ཀྱིན་ཡོད་དམ། ངེད་སར་བབས་པའི་ཆར་ཟིམ་དེས་ང་དང་མཚུངས་པའི་སློབ་གྲོགས་མང་པོ་ཞིག་གིས་ཕ་ཡུལ་དུ་ཕྱོགས་ཤིང་ཕ་ཡུལ་དུ་ལུས་པའི་དྲན་གདུང་གི་ན་ཟུག་མཐའ་དག་རེ་ཞིག་བརྗེད་པར་གྱུར་ཏེ། སྐྱོ་སྡུག་གི་དབུགས་དབྱུང་གསོ་ལ། འདི་ནི་ཡུལ་མཐའི་ང་ཚོར་ལྷ་ཡིས་ཆེད་དུ་ཕབ་པའི་བདུད་རྩི་ལྟ་བུ་ཞིག་ཏུ་གྱུར་པས། ཁྱེད་ཉིད་བཞུགས་སར་ཡང་ཆར་ཟིམ་འདི་ག་ལེར་བབས་ན་བསམ་བྱུང་།

3

ཨ་མ་ལགས། ད་ནི་དཔྱིད་ཟླ་འདི་རྫོགས་ལ་ཉེ་ཞིང་མེ་ཏོག་སྣ་ཚོགས་ལྷུག་པར་བཞད་དེ། མཚར་སྡུག་ཡིད་འོང་གི་ཨ་མ་ཁྱེད་ཀྱི་དྲོད་ཁོལ་ལྟ་བུའི་དབྱར་ཟླ་ཞིག་ཚེས་ལ་ཉེ། ཉི་མ་རེ་རེར་དཔྱིད་ཆར་ཟམ་ཟིམ་ཞིག་རྒྱུན་དུ་འབབ་ལ། སྐྱ་ཐང་ཐིང་གི་རྩྭ་ཐང་ནས་སྔོ་ལྗང་གི་མྱུ་གུ་འབུས་ཏེ་སློབ་རྭའི་མདུན་རྒྱབ་ཀྱི་ལྗོན་ཤིང་དེ་དག་གི་ཡལ་གར་ནེམ་མོ་ལོ་མ་ཐོགས་ནས་ཧ་ཅང་ཡིད་དུ་འོང་བ་མ་ཟད། ན་ནིང་དཔྱིད་ཀར་འཛིན་གྲྭ་སོ་སོས་བཏབ་པའི་མེ་ཏོག་དག་ལ་རེ་རེ་བཞིན་ཟེའུ་འབྲུ་སྨིན་ཏེ་དྲི་བསུང་གང་སར་འཐུལ་འདུག ང་རང་སློབ་གླིང་གི་ཁོར་ཡུག་ལ་དུངས་ཤིང་ཨ་མ་ཁྱེད་ཀྱིས་གནང་བའི་བསླབ་བྱའི་མན་ངག་སྟེ། ཁ་ཏོན་དགེ་སྦྱོར་ཕྲན་ཙམ་ཞིག་ཆག་མེད་དུ་འདོན་ཞོར་སློབ་སྦྱོང་ལ་འབད་པ་ལྷུར་ལེན་དང་སྤྲོ་བས་འཇུག་བཞིན་ཡོད་པས། ཨ་མ་ལགས་ཀྱིས་སེམས་ཁུར་ཨེན་ཙམ་ཡང་བྱེད་མི་དགོས་པའི་སེམས་གསོ་ཞིག་བྱ་ན་འདོད། འདི་ལྟར་དྲན་ཞིང་འདི་ལྟར་བརྗོད་འདོད་དུས།ང་ཡི་སྣང་ངོར་ཡང་བསྐྱར་ཨ་མ་ཁྱེད་ཀྱིས་ང་ལ་སྣ་སྲིན་འཕར་གྱིན་ཡོད་མེད་དང་། ནད་བཙོག་དེ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་མེད་ལ་སེམས་ཁུར་བླ་ལྷག་ཅིག་བྱེད་ཀྱིན་ཡོད་སྙམ་པའི་ཚོར་འདུ་ཞིག་ཤུགས་དྲག་གིས་སྐྱེས་འོངས། གཟའ་མཇུག་གི་ཁ་པར་ཉན་ཐེངས་རེར། ཐོག་མར་ཁྱེད་ཀྱིས་ང་ལ་ཁྱོད་ཀྱི་སྣ་སྲིན་དེ་ཅི་འདྲ་འདུག ཇེ་སྡུག་ཏུ་འགྲོ་ཡི་ཡོད་མེད་དང་དགོང་མོར་སྣ་མཚུལ་འགགས་མིན། ཟས་རིགས་ཀྱི་བྲོ་བ་ཚོར་མིན་སོགས་ཀྱི་གླེང་སློང་ཡོང་དུས། ངས་ཁྱེད་ཀྱིས་ང་ལ་རྟག་པར་སེམས་ཁྲལ་གནང་བའི་གཅོང་ནད་དེ་མེད་པར་བཟོ་ཆེད་སྐད་གསང་མཐོན་པོས་ཟས་དྲི་ཚོར་ལ་སྣ་མཚུལ་ཡང་མི་འགགས་པར་ཇེ་བཟང་དུ་འགྲོ་བཞིན་ཡོད་ཚུལ་བཤད་པ་ན། ཁྱེད་ཀྱི་ཞེ་སེམས་ལྷོད་ལ་བབས་ནས་ད་དུང་སྣ་སྲིན་ལ་འཛེམ་དགོས་པའི་བྲོ་རྫས་དང་མངར་ཟས་མི་བཟའ་བར། སྨན་པའི་ངག་བཞིན་སྨན་ནི་དུས་ལྟར་འཐུང་རྒྱུ་མ་བརྗེད་ཅིག་ཅེས་པའི་སྐུལ་ལྕག་དེ་དག་རྣ་བར་གཤགས་ཡོང་བས། དེ་རིང་ཡང་ཁྱེད་ཀྱིས་གནས་གང་ཞིག་ཏུ་ང་ཡི་སྣ་སྲིན་ལ་སེམས་ཁུར་ལྷག་མ་རེ་གནང་གི་ཡོད་དམ་སྙམ་པའི་སྐྱོ་སྡུག་གི་ཆུ་བོ་བྲུག་ཡོང་། ཨ་མ་ལགས། སློབ་དཔོན་རྣམ་པས་གསུང་གསེར་ནག་གི་ཉིང་ཁུས་རང་སེམས་གྱོང་བོ་འདི་དགེ་བར་བསྐུལ་ཞིང་སྔོན་བྱོན་ཡབ་མེས་ཚོས་རྣམ་དཔྱོད་གསེར་གྱིས་བཙོ་སྦྱངས་བྱས་པའི་ཤེས་རིག་གི་རྣང་ཞིང་དུ་སློབ་གཉེར་བགྱིད་ཐུབ་པའི་བསོད་ནམས་ལྡན་པ་འདི་ཡང་ཨ་མ་ཁྱེད་ཀྱི་བཀའ་དྲིན་ཡིན། བུ་ཆུང་ངས་མེ་ཏོག་གི་དྲི་ངད་ཕྱོགས་བཅུར་ཁྱབ་པའི་རྨད་བྱུང་གི་ཁོར་ཡུག་འདིའི་ཕུན་ཚོགས་ལ་ཨ་མ་ཁྱེད་ཀྱིས་ཀྱང་མྱོང་ཐུབ་ན་སྙམ་པའི་སྨོན་ལམ་ཡང་དག་ཅིག་བཏབ་ཡོད།

4

ཨ་མ་ལགས། ནམ་ཞར་ཁྱེད་ཀྱིས་བློས་མི་ཐོངས་པའི་མིག་ཟུང་གཉོམ་པོ་དེ་བུ་ཕྲུག་ཚོའི་ཆེད་དུ་ཅེར་ཞིང་བདེ་ལྕག་འཁྱུག་པོའི་ལག་ཟུང་འཇམ་པོ་དེ་ལྕི་འདམ་དུ་བསྙལ་ཏེ། མི་ལོ་ལྔ་བཅུའི་ན་ཚོད་ཀྱི་ཐེམ་སྐས་སུ་སླེབས་ལ་ཉེ་ནའང་། ཁྱེད་ཀྱིས་ད་དུང་ཡང་ངལ་མི་གསོ་ཞིང་། འཁང་ར་དང་སྡུག་ཡུས་མེད་པར་ཡིད་ཆེས་དང་བརྩོན་འགྲུས་ཀྱིས་མཁར་རྫོང་བརྩིགས་ཏེ། དེ་ཡི་གསེར་ཏོག་ལ་གཟི་འོད་སྣོན་བཞིན་མུ་མཐུད་དུ་རྫོགས་མཐའ་བྲལ་བའི་ཁྱིམ་ཚང་འདིའི་དཀའ་སྡུག་ཡོད་དོ་ཅོག་ལ་འཛུམ་མདངས་ཀྱིས་གདོང་གཏད་པར། ངས་ཁྱེད་ལ་བཀའ་དྲིན་ཞུ་བ་དང་ལྷན་དུ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། དེ་མིན། ཁྱེད་རང་ང་ཡིས་ཚེ་རབས་དུ་མར་བསགས་པའི་མི་ཚེ་འདིའི་རྙེད་པ་དང་བསོད་ནམས་ཀྱི་བགོ་སྐལ་དུ་གྱུར་པས། ཨ་མ་ཁྱེད་ལྟ་བུ་ནི་འབྱུང་འགྱུར་གྱི་འཚོ་བའི་ཁྲོད་རྙེད་མི་སྲིད་པའི་ཡིད་བཞིན་གྱི་ནོར་བུ་དང་ཚེ་རབས་འདིའི་ཚེ་ནོམ་དུ་སྒོམ་ཆོག་སྟེ། ཁྱེད་ཉིད་ཡོད་པས་ད་གཟོད་ངས་འཇིག་རྟེན་འདིའི་མཚར་སྡུག་མ་ལུས་སེམས་ཀྱིས་མྱངས་ཤིང་མིག་གིས་མཐོང་བྱུང་ལ། མགོ་བོ་མཐོ་རུ་བཏེགས་ཏེ་སྣང་བ་སྣ་མགོར་བཟུང་ནས་རེ་བ་དང་ཡིད་ཆེས་ཀྱི་སྤོབས་པས་བྱ་དངོས་མང་པོ་ཞིག་ལ་སྤྲོ་བ་བསྐྱེད་མྱོང་། ང་རང་འདི་ལྟར་ཨ་མ་ཁྱེད་ཀྱི་བྱམས་བརྩེའི་ཐུ་འོག་ནས་རིམ་གྱིས་ནར་སོན་སྟབས། ད་གཟོད། ངས་རྒྱང་རིང་ན་བཞད་པའི་ཡིད་འོང་གི་མེ་ཏོག་མཐོང་ཞིང་རྒྱང་རིང་ན་འོད་དུ་འཚེར་བའི་ཤེས་རིག་གི་བདུད་རྩི་མང་པོ་ཞིག་བཞིབས་པའི་སྐལ་བ་ལྡན་ཡོད།

5

ཨ་མ་ལགས། ཟང་ཟིང་གི་འཁོར་བའི་ཀློང་ནས་ཁྱེད་ཀྱིས་ཉིན་ལ་མཚན་མཐུད་ནས་ང་ཚོའི་སླད་དུ་བསྐྱལ་བའི་འཚོ་བ་དེ་མང་མེད་ན་ཉུང་མེད་པས། ད་ནི་ངལ་གསོའི་ལྷིང་འཇགས་ཀྱི་དུས་ཚོད་རེ་བཙལ་ནས་སེམས་པ་ལྷོད་ལྷོད་ངང་ཚེ་སྨད་སྐྱིད་པོ་ཞིག་རོལ་དང་། རྒྱུ་འབྲས་མིག་བཞིན་སྲུང་བའི་རླབས་ཆེན་གྱི་ཨ་མ་ཁྱེད་ལ་མཆོག་གསུམ་གྱིས་བདེན་ལམ་ཡག་པོ་ཞིག་སྟོན་པ་གདོན་མི་ཟ། ནམ་རྒྱུན། ཁྱེད་ཀྱིས་བཙན་སྐུལ་དང་གཅུན་འདོམས་བྱ་དགོས་པའི་ང་ལྟ་བུ་ཞིག་གིས་ཁྱེད་ལ་མ་བསྐུལ་ནའང་། རང་དོན་ངོས་ཟིན་པ་ནི་ང་ལ་ཡིད་ཆེས་ཡོད། ད་ནི་ཁྱིམ་ནང་གི་བྱ་བ་མཐའ་དག་ཕུ་བོ་བཟའ་ཟླ་གཉིས་ཀྱིས་འགན་ལེན་ཐུབ་པས། ཁྱེད་ཀྱིས་རྣམ་དཀར་དགེ་ལས་ཀྱི་ཕྱོགས་ལ་དུས་ཚོད་མང་པོ་ཞིག་བཀོད་སྒྲིག་བྱེད་ཞོར། ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་ཀྱི་གདམས་ངག་དེ་མི་ཚེའི་ཉམས་ལེན་དུ་འཁྱེར་ནས་སྐུ་ངལ་རེ་གསོ་རྒྱུ་ནི་ང་ཡིས་ཁྱེད་ལ་བཏོན་པའི་རེ་བ་ཉག་གཅིག་ཡིན། བརྩེ་བས་བརྟས་པའི་ཨ་མ་ལགས།

6

ཨ་མ་ལགས། ང་ཡི་འཁྲིས་སུ་བཞུར་གྱིན་པའི་རྨ་ཆུ་དལ་ཀླུང་རིང་མོས་སུ་ཞིག་གི་དྲན་གདུང་མ་ཐེག་པར་རྒྱང་རིང་དུ་བྱེར་བཞིན་པ་འདྲ་ལ། ཕ་གའི་དུར་ཁྲོད་དུ་འཁྱུག་པའི་བྱ་རྒོད་དེ་དག་གིས་འདས་པོ་སུ་ཞིག་གི་ཤ་ཁྲག་ཡིད་ཚིམས་པ་ཞིག་ཟོས་རྗེས། རང་རང་བསྙེགས་འདོད་ཀྱི་གནས་མལ་དྲོན་པོ་དེ་རུ་ནམ་འཕང་བསྟད་ནས་འཕུར་འགྲོ། མི་ལོ་ཉི་ཤུའི་དབྱར་གཞུང་ལ་སླེབས་པའི་བས་མཐའི་གནས་མལ་གྱི་བུ་ངས་ཀྱང་ཨ་མ་ཁྱེད་རང་དྲན་པ་ཚོད་ཅིག་མི་འདུག་ལ། ལྷག་པར་དུ། ལོ་ཟླས་གཤེད་མ་སླེབས་ཏེ་ཁྱེད་ཀྱི་སྐུ་ལུས་སྨྱུག་མ་འདྲ་བོ་སྒུར་བཞིན་པ་དང་གནག་སྣུམ་གྱི་སྐྲ་ལོའི་གསེབ་ཏུ་དངུལ་དཀར་གྱི་ཁ་བ་འབབ་བཞིན་པ་དྲན་ཐེངས་རེར། ང་རང་ཁྱེད་ལ་དུངས་ཤིང་ཁྱེད་སར་ལོག་འདོད་ཀྱི་བྲེལ་བ་ཞིག་ངང་གིས་ལངས་ཡོང་། མི་ལོ་ཉི་ཤུའི་ཐེམ་སྐས་བརྒལ་རག་ཏུ་ཁྱེད་ཀྱིས་ང་རང་གཅེས་པར་བསྐྱངས་པའི་ཀྱག་ཀྱོག་གི་ལོ་ཟླ་དག་ལ་བཟོད་པར་དཀའ་བའི་འོ་བརྒྱལ་ཞིག་མྱངས་སོང་། ཨ་མ་ལགས། ཁྱེད་ལ་ཐུགས་རྗེ་ཆེ། ཁྱེད་ཀྱི་མིག་ལམ་དུ་བུ་ང་ནམ་ཡང་ནར་སོན་མེད་པའི་བྱིས་པ་ཞིག་ཏུ་སྒོམ་བཞིན་ཡོད་ཀྱང་། ད་ནི་ང་རང་རང་མགོ་ཐོན་ཅིང་རང་ལམ་འཚོལ་ཐུབ་པའི་མི་ཞིག་ཏུ་གྱུར་ཡོད་པ་ནི་ཁྱེད་ལ་ན་ཚོད་ཀྱིས་ར་སྤྲོད་བྱས་ཆོག ཨ་མ་ལགས། འུ་གཉིས་ཐུན་མོང་གིས་བསགས་པའི་ལས་སྐལ་གྱིས་སྐྱེ་བ་འདིར་ང་ནི་ཁྱེད་ཀྱི་བུ་དང་ཁྱེད་ནི་ང་ཡི་མ་རུ་གྱུར་པ་ནི་ང་ལ་མཚོན་ན་ཇི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་།

7

ཨ་མ་ལགས། མཐར་ངས་ཁྱེད་ལ་གླེང་འདོད་པ་ནི་འཇིག་རྟེན་འདིར་རླངས་འཁོར་རྫིག་པོ་དང་ཁང་རྩེག་མཐོན་པོ། སྒོར་མོ་མོད་པོ་ཡོད་པ་དག་ནི་འཇིག་རྟེན་འདིའི་ཕྱུག་པོར་ཆགས་པའི་མི་ཞིག་ཏུ་འཇོག་གི་ཡོད་ལ། འོན་ཏེ། ངས་བསམས་ན་རྒྱ་མཚོ་ལས་ཟབ་པའི་བརྩེ་བ་དང་གངས་རི་ལས་དཀར་བའི་ལྷག་བསམ་མངའ་བའི་ཨ་མ་ཞིག་ཡོད་ན། ད་གཟོད་དེ་ནི་འཇིག་རྟེན་འདིར་ཆེས་བདེ་སྐྱིད་ལྡན་ཞིང་ཆེས་ཕྱུག་པོའི་མི་ཞིག་རེད་སྙམ། ངང་རྒྱུད་འཇམ་ཞིང་བྱམས་བརྩེས་ཕྱུག་པའི་ཨ་མ་ཁྱེད་ནི་ང་ཡིས་སྐྱེ་བ་ག་ཚོད་ཅིག་ལ་བསགས་པའི་བསོད་ནམས་ཀྱི་བགོ་སྐལ་དང་མི་ཚེ་འདིའི་དྲན་ཤིང་རིང་མོ་ཡིན་ནམ། མི་ཚེ་འདིར་ང་ལ་ཐོབ་པ་ཐམས་ཅད་ཨ་མ་ཁྱེད་ཀྱི་ངལ་འབྲས་ཀྱི་བཀའ་དྲིན་དང་ལྷག་བསམ་གྱི་གཅེས་སྐྱོང་ལས་བྱུང་ལ། ཁྱེད་ནི་ང་ཡི་མི་ཚེའི་བདེ་སྐྱིད་དང་དགོས་འདོད་ཐམས་ཅད་ཆར་ལྟར་འབབ་པའི་དཔག་བསམ་ལྗོན་པ་དེ་ཅི་ལ་མིན་ཨང་། ཨ་མ་ལགས། ཁྱེད་ནི་ང་ཡི་སེམས་ཁོང་ན་འོད་དུ་འཚེར་བའི་ཡིད་བཞིན་གྱི་ནོར་བུ་དང་མི་ཚེ་འདིའི་ཚེ་ནོམ་ཡིན་པས། ཨ་མ་ཁྱེད་ཀྱི་བྱ་གཞག་ལམ་ལྷོངས་མི་ཚེ་བདེ་སྐྱིད་ལྡན་པར་དཀར་ཕྱོགས་ལྷ་ཡིས་སྡོངས་གྲོགས་དང་རྗེ་བཙུན་སྒྲོལ་མས་མགོན་སྐྱབས་མཛོད་ཅིག འཛམ་གླིང་འཛིན་མར་འཚོ་བའི་བྱམས་ལྡན་གྱི་ཨ་མ་ཐམས་ཅད་ལ་རྗེ་བཙུན་སྒྲོལ་མས་མགོན་སྐྱབས་མཛོད་ཅིག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།