མི་འཁྱམ་རབ་རྒྱས་ཀྱི་གོམ་འགྲོས།

མི་ཚེ་འདིར་མི་སུ་དང་འཕྲད་པ་དང་ས་གནས་གང་དུ་འཕྲད་པ། དོན་དག་གང་འདྲ་ཞིག་ལ་བརྟེན་ནས་འཕྲད་པ་སོགས་རང་གི་མོས་པ་ལྟར་མ་ཡིན་ཏེ།རང་ཚོས་མཐོང་རྒྱུ་མེད་ནའང་ང་རང་ཚོའི་མི་ཚེ་ལ་དབང་བཀོད་ནུས་པའི་ལས་སམ་སྐལ་བ་ཟེར་བ་ཞིག་གིས་སྔར་ནས་བཀོད་སྒྲིག་བྱས་ཟིན་པའི་འདུ་ཤེས་ཟབ་མོ་བཅངས་ཡོད།

མི་ལོ་བཅུ་ཡི་སྔོན་ཏེ2012ལོ་ཡི་ཟླ་དང་པོའི་ཉིན་ཞིག་ལ་ང་རང་ལས་ཤག་ཏུ་ལས་ཀ་ཙག་ཙིག་འགའ་ལ་མགོ་འཁོར་བའི་དུས་སུ་ལག་འཁྱེར་ཁ་པར་གྱི་སྐད་གྲག་བྱུང་། ཁ་པར་ལག་ཏུ་བླངས་པ་དང་ཕ་ཡུལ་གྱི་རོང་སྐད་བཤད་པའི་སྐྱེས་པ་ཞིག་གིས་ཁོའི་མིང་ལ་རབ་རྒྱས་ཟེར་ཞིང་ད་ལྟ་རྒྱལ་ཐང་དུ་སླེབས་ཡོད་པས་ངོ་འཕྲད་པའི་རེ་བ་བསྟན་བྱུང་། ང་རང་གིས་མི་འདི་སུ་ཡིན་གསལ་པོ་མ་ཤེས་ཀྱང་གུང་ཟས་མཉམ་དུ་བཟའ་རྒྱུ་ཁས་བླངས་ནས་དུས་ཐོག་ཏུ་ཁོ་རང་གིས་བསྒུགས་ནས་བསྡད་ཡོད་ཟེར་བའི་ཟ་ཁང་དུ་སོང་།ཕན་ཚུན་ཁ་བརྡ་བྱས་ནས་ངེད་གཉིས་ཉེ་དུ་ཡིན་པ་དང་ཁོ་རང་ད་ལྟ་ཚེར་བུ་ཡི་སློབ་ཆུང་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་ལུགས་སོགས་ཧ་གོ་བྱུང་།ང་རང་གིས་ཀྱང་ཁོ་ལ་མུ་མཐུད་ནས་དཔེ་ཆ་བལྟ་དགོས་ལུགས་དང་མོས་པ་ཡོད་ན་རྩོམ་འབྲི་རྒྱུ་ལ་འབད་ན་ཡག་ལུགས་མི་ཉུང་བ་བཤད།ཉིན་དེའི་ཁ་བརྡ་བརྒྱུད་དེ་ངས་རབ་རྒྱས་ཟེར་བའི་ཤ་ཉེ་འདི་བོད་ཀྱི་རིག་གནས་ལ་ཤ་ཞེན་ལྡན་ཞིང་ཤེས་བྱའི་རྨང་གཞིའང་ཅུང་མཐོན་པོ་ཡོད་པར་མ་ཟད།རྩོམ་རིག་གསར་རྩོམ་ལ་མོས་པ་རབ་ཏུ་རྒྱས་པའི་ཕོ་གསར་ཤ་དར་ཁྲག་དར་ཞིག་ཡིན་པ་ཤེས་བྱུང་།གཅིག་བྱས་ན་ངེད་གཉིས་རིགས་རྒྱུད་གཅིག་ལས་ཆད་པའི་རྒྱུ་མཚན་དེ་ཡིན་ན།གཅིག་བྱས་ན་ཁོ་རང་ཡང་བོད་ཡིག་སྦྱོང་མཁན་ཡིན་པར་མ་ཟད་རྩོམ་རིག་ལ་དགའ་མོས་ལྡན་པའི་རྐྱེན་ཡིན་ན།ཡང་གཅིག་བྱས་ན་ངེད་གཉིས་ཀྱི་ལོ་རྟགས་སྤར་ཁ་མཐུན་པ་ཡིན་པ་མི་ཤེས།མདོར་ན་ཉིན་དེ་ནས་བཟུང་ངེད་གཉིས་བར་དུ་ཁ་པར་གྱི་འབྲེལ་བཟང་གསེར་སྐུད་འཐེན་ཞིང་སློབ་གྲྭའི་གུང་གསེང་གི་དུས་སུ་ཁོ་རང་རྒྱལ་ཐང་དུ་ཡོང་ནས་ངེད་གཉིས་ཀྱིས་བདུད་རྩི་ཆང་བཟང་མཉམ་དུ་རོལ་ཞོར་རང་གི་ཤེས་ཚོད་ཀྱིས་རྩོམ་རིག་གསར་རྩོམ་དང་རིག་གནས་སྐོར་ཁ་བརྡ་བྱེད་པའི་སྲོལ་ཆགས།རབ་རྒྱས་ལ་དཔེ་ཆ་ཀློག་པའི་གོམས་གཤིས་བཟང་པོ་ཞིག་སློབ་མའི་དུས་ནས་གོམས་ཡོད་པ་དང་ལོ་མང་རིང་དཔེ་ཀློག་ཟིན་བྲིས་འགོད་པའི་སྲོལ་ཡང་འདུག འདི་ནི་གྲོང་གསེབ་སློབ་ཆུང་གི་དགེ་རྒན་ཞིག་ལ་ཆ་མཚོན་ན་ལུགས་སྲོལ་བཟང་པོ་ཞིག་ཡིན།དེ་ལྟར་བྱུང་ན་ལས་གྲོགས་ཚོ་དང་མཉམ་པོར་བག་མེད་ངང་ཆང་འཐུང་ཞིང་མཱ་ཅང་བརྩེས་མི་འགྲོ་ལ་རང་གི་ཤེས་བྱའི་ཆུ་ཚད་དང་རྩོམ་འབྲི་བའི་མོས་པ་དང་ཆུ་ཚད་ཀྱང་ཡར་ངོའི་ཟླ་བཞིན་སྤེལ་རེ་ཡོད།དེ་ལྟར་ལོ་འགའི་རྗེས་སུ་ཁོ་རང་རྫོང་སློབ་འབྲིང་དུ་ལས་གནས་སྤར་བ་དང་ཁོའི་དགའ་ཕྱོགས་སྔར་བཞིན་བརྟན་ཞིང་དེའི་ཐད་སྔར་བས་འབད།དེའི་རིང་དུ་ང་རང་གིས་ཀྱང་སྨྱན་སྦྱོར་གསར་པའི་སྟེགས་བུ་དང་ཚགས་པར་ཁ་ཤས་སུ་མི་འཁྱམ་རབ་རྒྱས་ཟེར་བའི་མིང་བཀོད་པའི་རྩོམ་རིང་ཐུང་འགའ་རིག་བྱུང་།སྐབས་དེའི་དུས་སུ་སྐད་འཕྲིན་ཡང་དར་སྲོལ་ཆེ་ལ་འདིར་བརྟེན་ནས་ཕན་ཚུན་ཡིག་ཚགས་བསྐུར་རེས་བྱས་ན་སྟབས་བདེ་ཞིང་མགྱོགས་པས་ངེད་གཉིས་ཀྱིས་ཀྱང་སྐད་འཕྲིན་ཐོག་ནས་སོ་སོའི་བརྩམས་ཆོས་བསྐུར་རེས་བྱས་ཤིང་ཕན་ཚུན་ལ་སློབ་སྦྱོང་བྱས།

2019ལོར་སྡེ་རོང་རྫོང་གིས་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་ཁྱབ་སྤེལ་ནུས་མཐུ་ཇེ་ཆེར་གཏོང་ཆེད་རབ་རྒྱས་རྫོང་སློབ་འབྲིང་ནས་དེ་རུ་ལས་གནས་སྤར།ཐེངས་འདིའི་ལས་གནས་སྤར་བ་ནི་རབ་རྒྱས་ལ་མཚོན་ན་ལས་སྐལ་བསྒྱུར་བཀོད་བཏང་བའི་གོ་སྐབས་ཤིག་ཡིན།སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་སླེབས་པའི་རབ་རྒྱས་ནི་རྒྱ་སྟག་ཁྲ་མོ་ནགས་སུ་ལོག་པ་དང་ཤྭ་བ་སྨུག་ཆུང་སྤང་དུ་སླེབས་པ་ལྟར་དཔའ་བོ་ལ་དཔའ་ཉམས་སྟོན་པའི་གོ་སྐབས་བྱུང་།ལོ་དེའི་ནང་དུ་ཁོ་རང་གིས་ནམ་རྒྱུན་གྱི་གསར་འགྱུར་ལས་ཀ་སྒྲུབ་པའི་ཞོར་དུ་གཞས་དང་བྲོ།གཏམ་དཔེ་ཡིས་གཙོས་པའི་སྡེ་རོང་དམངས་ཁྲོད་རྩོམ་རིག་མང་ཙམ་བསྡུས་ཏེ་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་ནས་དེབ་གསུམ་པར་དུ་བསྐྲུན།དེ་མིན་རང་གིས་ཀྱང་སྙན་ངག་དང་ལྷུག་རྩོམ་སྐོར་ཞིག་གསར་དུ་བརྩམས་ཏེ་སྙོམས་སྟེགས་འདྲ་མིན་དུ་སྤེལ།རབ་རྒྱས་ཀྱིས་རང་རིགས་ཀྱི་རིག་གནས་ལ་བཅངས་པའི་བརྩེ་བ་ཇེ་ཟབ་དང་།རྩོམ་འབྲིའི་མོས་པ་ཇེ་ཆེར་འཕེལ་བ་དང་བསྟུན་གསར་རྩོམ་གྱི་འཇོན་ཐང་ཡང་ཇེ་ཆེར་ཆགས།《ཤི་ཚར་བའི་གྲོང་པ》དང《བྱིས་དུས་ཀྱི་རྩྭ་ཐང》སོགས་རང་གི་ཕ་ས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཟབ་མོ་ཕྱིར་མཚོན་པའི་སྙན་ངག་དང་ལྷུག་རྩོམ་ཁག་ཅིག་རབ་རྒྱས་ཀྱི་པིར་རྩེ་ནས་ཐོན་ཞིང་།མི་རྣམས་ཀྱི་སྙིང་ཁོང་རུས་པའི་གཏིང་དུ་ཡུན་རིང་སྦས་པའི་ཕ་ཡུལ་ལ་བཅངས་པའི་དྲན་གདུང་གཉིད་ལས་སད་དུ་བཅུག དེ་བས་ཧ་ལས་དགོས་པ་ནི་ཁོ་རང་གིས་བརྩམས་སྒྲུང་ཐུང་གྲས་འབྲི་བའི་ཐད་ཀྱང་འབད་དེ《བློ་བཟང་ཡོན་ཏན》དང《གསེར་སྐུ》སོགས་འབྲི་ཆུའི་རྒྱུད་ཀྱི་རོང་པའི་འཚོ་བ་ལྷུག་པོར་མཚོན་པའི་སྒྲུང་ཐུང་ཡང་མི་ཉུང་བ་གསར་དུ་བརྩམས།

གནའ་མིའི་གཏམ་དུ། ཆུ་ཡི་ཐིགས་པ་བསགས་གྱུར་ན།མཐའ་ཡི་རྒྱ་མཚོ་བསག་རེ་ཡོད།ཅེས་ཟེར་སྲོལ་ཡོད་ལ།རབ་རྒྱས་ངོ་ཤེས་ནས་ད་བར་གྱི་ལོ་བཅུའི་རིང་།ཕོ་རྒོད་འདིས་རང་གི་འབད་པ་ལྷོད་མེད་ལ་བརྟེན་ནས་སྤྱིར་རང་མི་རིགས་ཀྱི་རིག་གནས་དང་སྒོས་སུ་རྩོམ་རིག་གསར་རྩོམ་ཐད་ཆུ་ཐིགས་རེ་རེ་བཞིན་ཡིད་ཀྱི་བུམ་བཟང་དུ་བསགས་དང་གསོག་གིན་ཡོད་ལ།འབྲི་ཆུའི་རྒྱུད་ཀྱི་སྐམ་ཚ་གྲོག་རོང་ས་ཁུལ་དུ་རིག་རྩོམ་གྱི་སྦྲང་ཆར་འབབ་པར་རེ་ཞིང་བརྩོན་གྱིན་ཡོད།2021ལོར་ཁོ་རང་གི་ལྷོད་མེད་བརྩོན་པ་དང་གོང་རིམ་མགོ་ཁྲིད་ཀྱི་མཁྱེན་རྒྱ་ལ་བརྟེན་ནས་དེ་སྔོན་ཏེན་བོད་ཇ་རྟ་ཚོང་ལམ་གྱི་གྲུ་ཁ་གལ་ཆེན་ཏེ་ཝ་ཁ་ཟེར་བའི་གྲོང་སྡེ་དེ་རུ་སྡེ་རོང་རྫོང་རྩོམ་རིག་གསར་རྩོམ་གླིང་འཛུགས་རྒྱུ་བྱུང་ལ།ཁོ་རང་ཡང་དེ་རུ་གཞིས་སྡོད་རྩོམ་པ་པོ་བྱས་ནས་རྩོམ་འབྲིའི་ལས་ལ་བརྩོན་ཞིང་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་དག་གདན་དྲངས་ནས་བྱེད་སྒོ་འདྲ་མིན་སྤེལ་བའི་སྐལ་བཟང་ཐོབ།རང་མི་རིགས་ཀྱི་རིག་གནས་དེ་མི་སྔར་བས་མང་པོར་རྒྱུས་ལོན་བྱེད་དུ་འཇུག་པ་དང་རང་གི་བྱང་ཚད་འཐུས་ཚང་དུ་གཏོང་ཆེད།རྩོམ་རིག་གསར་རྩོམ་གླིང་དུ་གཞིས་ཆགས་པ་ནས་རབ་རྒྱས་ཀྱིས་ང་རང་ལ་ཁོས་རྒྱ་ཡིག་ལ་བརྟེན་ནས་བརྩམས་སྒྲུང་བྲིས་ན་འོས་མིན་སྐོར་གྱི་སྐད་ཆ་དྲིས་བྱུང་།ང་རང་གིས་ཀྱང་ཤ་ཉེ་འདིར་རང་གི་ཕ་སྐད་མ་ཡིག་དེ་མ་དོར་ན་སྐད་ཡིག་གཞན་པའི་ཐོག་ནས་རང་མི་རིགས་ཀྱི་རིག་གནས་ཁྱབ་སྤེལ་བྱས་ན་མི་འགྲིག་རྒྱུ་མེད་དོན་མང་ཙམ་བཤད་དེ་ཁོ་རང་ལ་རྒྱ་ཡིག་ཐོག་ནས་རྩོམ་བྲིས་ན་མི་ཆོག་རྒྱུ་མེད་ལུགས་བསྟན། འཕར་བ་རྗེས་ཐོག་དང་ཕོ་རབ་ཚིག་ཐོག་ཟེར་བ་ལྟར།རབ་རྒྱས་ཀྱིས་ན་ནིང་ལོ་མཇུག་ནས་རྒྱ་ཡིག་གི་ལམ་ནས་སྒྲུང་ཐུང་འབྲི་མགོ་ཚུགས་ཤིང་ད་བར《ཡིད་ཆུང་ལྷ་མོ》དང་།《མཚན་མོའི་དུས་སུ་བློ་དགའ་ཟེར་བའི་མི་དེ་གླེང་བ》སོགས་བྲིས་ཤིང་བོད་མིའི་རིག་གནས་དྲ་བ་སོགས་རྩོམ་རིག་དྲ་སྟེགས་སུ་བཀོད།

རེད་ཡ། མི་སུ་དང་སུ་ཡིན་ནའང་ཡིད་ཀྱི་གཤིན་ས་རུ་རྩོམ་རིག་གི་ས་བོན་ཞིག་ཡོད་ན་རང་གིས་དེ་ལ་བརྩོན་པའི་ཆུ་ཐིགས་རྒྱུན་མ་ཆད་པར་འདྲེན་ནུས་ན་མྱུ་གུ་འབུས་པ་ནི་ཐག་གིས་ཆོད་ཅིང་། དེ་བས་ལྷག་བསམ་གྱི་ཉི་འོད་དང་བརྩེ་ཞེན་གྱི་བཅུད་སྟེར་ནུས་ན་མི་རིང་བའི་དུས་སུ་ལོ་ལེགས་ཀྱི་སྙེ་མའང་འཐོབ་རེ་ཡོད།ང་དང་རབ་རྒྱས་ནི་མི་ལོ་བཅུ་ཡི་རིང་མཉམ་དུ་ལག་རྡང་སྦྲེལ་ནས་སོང་ཡོད་ལ།ཁོ་རང་གི་གོམ་འགྲོས་ལ་ང་རང་རྒྱུས་ཅུང་ཙམ་ཡོད།འདི་ནི་རང་རིགས་རིག་གནས་ལ་ཤ་ཞེན་ལྡན་ཞིང་རྩོམ་རིག་ལ་དགའ་མོས་ཡོད་པའི་ཕོ་གསར་ཞིག་གི་གོམ་འགྲོས་ཡིན་ལ།གོམ་འགྲོས་འདི་ལས་ང་ཚོས་མི་འཁྱམ་རབ་རྒྱས་ཀྱི་མདུན་སྐྱོད་ཀྱི་གླུ་དབྱངས་ཚོར་ཐུབ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།