ཀྲུང་གོ་བོད་ཀྱི་དྲ་བ།

ས་ཆེན་ནི་ཚེ་སྲོག་གི་མཆོད་སྟེགས་ཡིན།

  རྩོམ་པ་པོ། : རྩོམ་པ་པོ།བསྟན་འཛིན།སྒྱུར་པ་པོ།ཨུ་རྒྱན།   སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        འགྲོ་བ་མི་ནི་འཆི་བ་དྲན་ཤེས་ཐུབ་པའི་སྲོག་ཆགས་ཤིག་ཡིན་ལ། ཤི་བའི་མཇུག་འབྲས་དེ་སྒྱུ་རྩལ་དུ་སྐྲུན་ཐུབ་པའི་སྲོག་ཆགས་ཉག་ཅིག་དེ་ཡང་ཡིན། གལ་ཏེ་འཆི་བ་དང་ལེན་བྱེད་ཐུབ་ན། མི་ཚེ་གང་པོར་བློས་གཏོང་མི་ཐུབ་པའི་དངོས་པོ་ཅི་ཡང་མེད། ཚེ་སྲོག་ནི་མིའི་རྒྱུ་ནོར་ཁོ་ན་ཡིན་ཞིང་། གསོན་ཚེ་ཚེ་སྲོག་གི་ཁ་ལོ་བསྒྱུར་ཐུབ་པ་དང་། ཤི་དུས་ཚེ་སྲོག་གི་རིན་ཐང་མངོན་ཐུབ། འཆི་བ་ནི་ཚེ་སྲོག་གི་བརྒྱུད་རིམ་ཞིག་ཡིན་ལ།རང་བྱུང་ཁམས་ཀྱི་གསང་བ་ཞིག་ཀྱང་ཡིན། མི་ཚེའི་ལམ་བར་དུ། འཆི་བ་ནི་ཆེས་མཇུག་མཐར་གདོང་གཏོད་པའི་དོན་དངོས་ཡིན། དོན་དམ་དུ་ཤི་བ་ནི་རླབས་ཆེ་བའི་ཚེ་སྲོག་གིས་བརྗིད་ཉམས་ཆེན་པོའི་ངང“ཡིད་ལ་ཟུངས་ཤིག  ང་རང་སྔོན་ཆད་གསོན་མྱོང་”ཞེས་ཁྱབ་བསྒྲགས་བྱས་པ་དེའོ།།

         འདས་མཆོད་ནི་མིའི་རིགས་ཀྱི་འཚོ་བ་དངོས་དང་སྤྱོད་ཚུལ། རིག་གནས། མཚན་ཉིད་རིག་པ་བཅས་ལ་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཞིང་། འདས་མཆོད་རིག་གནས་ཀྱི་ལོ་རྒྱུས་དང་དངོས་ཡོད་སྣང་ཚུལ་དེ་ངེས་པར་དུ་གཏིང་མཐའ་བྲལ་བའི་བསམ་བློའི་མཁའ་དབྱིངས་སུ་འོད་ཟེར་སྟོང་ལྡན་ངང་བསྲིངས་ནས། ཚེ་སྲོག་གི་དོན་སྙིང་དང་འཇིག་རྟེན་གྱི་ཟབ་གསང་དེ་འཆར་བར་བྱེད།

         བོད་རིགས་མི་རབས་རིམ་བརྒྱུད་དུ་གངས་ལྗོངས་ས་མཐོ་སྟེ་འཛམ་གླིང་ཡང་རྩེར་འཚོ་སྡོད་བྱས་དང་བྱེད་མུས་ཡིན་ལ། རི་ཚོགས་ཀྱི་རྩེ་མོས་ཆུ་འཛིན་གྱི་བང་རིམ་བརྟོལ་ཅིང་། ལོ་གང་པོར་བཞུར་དུ་མེད་པའི་གངས་རི་མཐོན་པོ་རྔམ་བརྗིད་དུ་འགྱིངས་ཤིང་། གྲོག་རོང་བྱུར་བུར་ཁེངས་པའི་འཁྱགས་རོམ་སོགས་ཡུལ་དུས་ཀུན་ཏུ་རྣམ་པར་མཛེས་ལ་སྤྲོ་སེམས་ཀྱི་འདུ་ལོང་རབ་ཏུ་འཕེལ་བར་བྱེད། ཁ་བའི་འདབ་མ་དང་ཁ་བའི་མོ་གསར། ཁ་བའི་དར་གོས་སོགས་མཁའ་དབྱིངས་ན་གཡེང་ཞིང་འཕུར་ཏེ་ངག་འཇམ་དགའ་སྐྱོ་ཤུབ་བུར་ཟློ་བཞིན་མཆིས།བོད་མི་རིགས་ཀྱིས་དྭངས་གཙང་གི་ཁ་བ་དཀར་གཙང་གི་ཁ་བཏགས་དང་འདྲ་བར་འཛིན་ནས་བཀྲ་ཤིས་བདེ་ལེགས་མཚོན་པར་བྱེད།

        བོད་མི་རིགས་ཀྱི་ནང་སེམས་ཕུན་ཚོགས་སྣ་འཛོམས་སུ་གཏམས་ཐུབ་པ་ནི་སྐར་ཚོགས་བཀྲ་བའི་བར་སྣང་ཡིན་ཞིང་།འདི་ནས་གནམ་ནི་ས་ཡི་འོག་དང་ས་ཆེན་ནི་གནམ་གྱི་དཀྱིལ་དུ་ལྡིང་པའི་གནས་ཉིད་དེ་རྟོགས་ཐུབ་པ་ཡིན། གནས་འདི་ས་བབ་མཐོ་བས་ལྷ་ཡུལ་དང་ཧ་ལམ་འདྲེས་ཞིང་། གནམ་སའི་བར་ཐག་ལྟ་ན་སྡུག་པ་འདི་ཁོ་ནས།ཚེ་སྲོག་གི་བླ་ན་མེད་པའི་ངོ་མཚར་བསམ་གྱི་མི་ཁྱབ་པ་དེ་ཤར་བར་བྱས་པས། དེ་ལྟར་ཚེ་སྲོག་ལ་དུང་བ་ལྷག་ཏུ་ལྕི་ཞིང་དེ་ཡང་གངས་ལྗོངས་ས་མཐོའི་བརྟན་བརླིང་དེའོ།། བོད་པའི་དྭངས་གཙང་དང་མཉམ་མེད། བྱམས་བརྩེའི་བློ་སེམས་འདིས་འཚོ་བ་འདི་བདེ་སྐྱིད་དང་སྤྲོ་སྣང་། ངོ་མཚར་ལ་ཕྱོགས་པར་བྱས་ཤིང་།བོད་རིགས་ཀྱི་ཆེས་ཐོག་མའི་ཚེ་སྲོག་གི་ལྟ་ཚུལ་ནི་མི་ཉིད་རང་བྱུང་ཁམས་ནས་ཐོན་པ་དང་རང་བྱུང་སྣོད་བཅུད་ལ་ཉམས་སུ་མྱོང་བཞིན་མཐར་རང་བྱུང་འབྱུང་ཁམས་འདིའི་ཕང་བར་ལོག་པར་འདོད་པའོ།།འཛམ་གླིང་འདིའི་ཆོས་ལུགས་ཡོད་ཚད་ནི་མིའི་ཤི་གསོན་ཆགས་འཇིག་ལ་བསམ་གཞིགས་བྱས་པ་ལས་བྱུང་བ་ཡིན་ཞིང་། དེས་མིའི་ལུས་ཁམས་དངོས་ཡོད་ནས་མེད་པར་གྱུར་རྗེས་མཐའ་མའི་མཇུག་འབྲས་ལ་འགྲེལ་བརྗོད་བྱས་པའོ།། ཆོས་ལུགས་ཕལ་ཆེ་བའི་འཚོ་གནས་མཚན་ཉིད་རིག་པ་ནི་སྐྱེ་བ་ནས་ཤི་བའི་བར་ཡིན་པ་དང་སྐྱེ་བའི་ཆེད་དུ་འཆི་རྒྱུར་བསམ་བློ་གཏོང་གི་ཡོད། འོན་ཏེ་དེ་ལས་ལྡོག་ཏེ་འཆི་བ་ནས་སྐྱེ་བའི་བར་དང་།ཤི་བའི་ཆེད་དུ་སྐྱེ་བར་མནོ་བསམ་སྐོར་མཁན་ནི་སངས་རྒྱས་ཆོས་ལུགས་ཁོ་ན་ཡིན།

         བོད་པས་འཆི་བ་གླེང་བར་འཛེམ་ཆ་མི་བྱེད། གང་ཡིན་ཟེར་ན་ཤི་བ་ནི་མི་ཚེའི་མཐའ་མཇུག་ལ་གྱེས་བརྡ་བཏང་བ་ཞིག་ཡིན་ལ་འཆི་བ་ལ་མི་སྐྲག་པའི་རྒྱུ་མཚན་ནི་འཆི་བ་དེ་མི་ཚེའི་ཆེས་མཇུག་མཐའི་གུས་སྲོལ་ཞིག་ཡིན་པས་ཀྱང་ཡིན། མི་རྣམས་ཀྱིས་འཆི་བ་དང་ལེན་བྱེད་པའི་ནུས་པ་ནི་ཚེ་སྲོག་ལ་ངོས་འཛིན་བྱས་པ་ལས་བྱུང་ཞིང་། བོད་པའི་ངོས་ནས་བརྗོད་ན། ཕུང་པོ་དང་རྣམ་ཤེས་ནི་ཞུ་མར་དང་མེའི་འབྲེལ་བ་ལྟ་བུ་ཡིན་ཏེ། མི་ཤི་རྗེས་བཞུ་མར་ལ་ཕུ་བཏབ་པ་ལྟར་ཡིན་མོད་རྣམ་ཤེས་ནི་སྔར་བཞིན་གནས་ཡོད་ཅིང་དེ་ཡང་བཞུ་མར་གྱི་མེ་དེ་གཞན་ཐོག་ཏུ་སྒྲོན་པ་དང་མཚུངས་པར། སྐྱེ་འཆི་རེས་སུ་འཁོར་ཞིང་རྣམ་ཤེས་རྨེག་མེད་དུ་ཕྱིན་མེད།ཕུང་པོའི་དུས་ཡུན་རིང་ཙམ་འདས་རྗེས།དེ་ནི་གྱོན་གོས་རྙིང་གོག་ཧྲལ་ཧྲུལ་ཞིག་དང་འདྲ་ལ། རྣམ་ཤེས་དེ་མཐར་ལྷང་ངེར་ལོགས་སུ་བྲལ་དེ་ཚེ་སྲོག་གི་འགྲུལ་བཞུད་གསར་པ་ཞིག་འཚོལ་བཞིན་ཡོད།

        བྱིས་པ་ནི་མུན་ནག་འབྱུང་རྒྱུར་སྐྲག་ཅིང་དར་མ་ནི་འཆི་རྒྱུར་ཞེད་འགྲོདེ་ནི་མིའི་རིགས་ཀྱི་ཡོངས་ཁྱབ་ཀྱི་སེམས་ཁམས་ཤིག་རེད། བོད་རིགས་ཀྱིས་མིའི་ཚེ་སྲོག་གི་བརྒྱུད་རིམ་དེར་ཡིད་ཆེས་ཀྱི་བློ་གྲོས་ཟུར་རྒྱན་དུ་སྤྲས་ཤིང་། འཆི་བར་སྒྱུ་རྩལ་གྱི་དོན་སྙིང་སྦྱར་ཡོད། འཆི་གསོན་རེས་འཁོར་གྱི་རིག་གནས་དེས། འཆི་རྒྱུ་ནི་མཐའ་ལམ་རང་དབང་གི་ལམ་དུ་བསྐྱོད་པའི་བར་སྒོ་ཙམ་དང་།དུས་ཐུང་གི་གཉིད་ཡུན་ཙམ། ཡང་ན་སྒྲུབ་དགོས་པའི་འོས་འགན་ཞིགགཞན་ཡང་བསྐྱར་གསོན་གྱི་འགོ་རྩོམ་ས་དེ་ཡིན་པར་ར་སྤྲད་ཡོད། དེས་ན་འཆི་བ་ནི་སྡུག་བསྔལ་མེད་ལ་འཇིགས་སྐྲག་ཀྱང་མེད་པར་སྟ་གོན་ཡོངས་སུ་གྲུབ་པ་དེའོ།། རྣམ་ཤེས་ནུབ་པ་མེད་པའི་རིག་གནས་དེས།མཐའ་ལམ་དུ་བསྐྱོད་པའི་མི་རྣམས་ལྷ་ཡི་བཀོད་འདོམས་ལ་མི་བརྟེན་པར། རང་གི་ལས་དབང་ལ་བརྟེན་ནས་འདི་ཕྱིའི་ཞི་གནས་དང་བདེ་བ་ལ་རེ་སྙེགས་བྱེད་པར་ལམ་སྒྲོན་སྤར་ཡོད། དགེ་སྡིག་ལེགས་ཉེས་ལ་བཟང་ངན་རྒྱུ་འབྲས་ཀྱི་ཆོས་ཉིད་དེས། མི་རྣམས་ལ་བྱམས་སྙིང་རྗེ་དང་གཞན་ཕན་འཆང་ནས།འཆི་བ་ནི་མཐར་ཕྱིན་རྒྱུ་མེད་པའི་སློབ་ར་ཡིན་པས་རང་ཉིད་ཀྱི་ཕྱི་མའི་ཚེ་སྲོག་གི་བཞུད་ལམ་རྐྱང་པ་དེ་ཇུས་འགོད་བྱེད་དགོས་པའི་བསླབ་བྱ་བཞག་ཡོད། འཆི་རྒྱུ་ནི་སླར་གསོན་གྱི་རླབས་རྒྱུན་ཞིག་ཡིན་པའི་ཆ་ནས་བརྗོད་ན། ད་ཆ་མངངས་འཚབ་དང་བློ་དོགས་མི་བདེ་བའམ་ཐ་ན་འཚབ་བེ་འཚུབ་བེ་ཞིག་གང་ནས་འབྱུང་ངམ།

        མྱ་ངན་ཞུ་བའི་མཛད་སྒོ་ནི་ཀུན་སྤྱོད་ཀྱི་འགན་འཁྲི་ཙམ་ཡིན།མི་ཚེ་ནི་ཞི་མིའི་ཨ་སྟོང་ཙམ་ལས་མི་འདས་མོད། འོན་ཀྱང་དེ་ནི་མེ་སྤར་བའི་སྤོས་ཙམ་པོ་ཞིག་མིན་པར། མཐོན་པོར་སྒྲེང་བའི་དཔའ་འབར་ཞིག་ཡིན་ཏེ།དེས་འོད་ཟེར་རབ་ཏུ་འཕྲོས་ཤིང་། བཟང་སྤྱོད་དང་ཟོལ་མེད། བརྩེ་བ་ཆེན་པོ་དེ་དག་མི་ཡུལ་དུ་བཀྲམ་པ་དང་། ཕན་ཚུན་བློ་སེམས་མཐུན་པའི་མི་རྣམས་ཀྱིས་ཀུན་མཐུན་གྱི་ཞེ་འདོད་འཆངས་ནས་རྣམ་ཤེས་བོར་བའི་ཕུང་པོ་དེ་ཉིད་གུས་བརྩི་ལྡན་པའི་སྒོ་ནས་འཁོར་བའི་བཞུད་ལམ་ཐོག་ཏུ་དྲངས་པའོ།། སྔོན་དུ་གཤེགས་པའམ་དང་ཕྱིས་ནས་བྱོན་པ་གཉིས་ཀས།རིག་གནས་རྒྱུན་འཛིན་དང་རྩ་ལམ་གྱི་ཁྲག་རྒྱུད་དེ་དེད་ཡོད། འདས་པོ་ལ་སྐྱེལ་མ་ཞུ་བ་ནི་ནམ་ཡང་སྐྱེ་བའི་དམ་བཅར་ངེས་ཤེས་འདྲེན་པ་ཡིན་ལ།སླར་བྱོན་ལ་ནམ་ཡང་སྐྱེ་དགོས་ན་ཐོག་མར་ལེགས་པར་འཚོ་དགོས་པའི་བློ་བསྐྱེད་སྦྱིན་པ་ཡིན་ནོ།།

        བོད་རིགས་ཀྱི་འདས་མཆོད་མཛད་སྒོ་ལ་དབྱེ་ན། གདུང་ཞུགས་དང་། དུར་སྦས། བྱ་གཏོར། ཆུ་སྐྱུར་སོགས་ཡོད། ལྷ་ས་གྲོང་ཁྱེར་དབུས་ཀྱི་དམར་པོ་རིའི་སྟེང་། བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པའི་ཕོ་བྲང་པོ་ཏ་ལ་ཆགས་ཡོད། དེ་ནི་གནའ་བོའི་ལོ་རྒྱུས་སྙན་རྩོམ་ཅིག་ཡིན་ལ། འོད་སྟོང་རབ་ཏུ་བཀྲ་བའི་སྒྱུ་རྩལ་གྱི་ཕོ་བྲང་ཞིག་ཀྱང་ཡིན། དབེན་ཞིང་འཇམ་ལ་ཞི་བར་ལྷིང་པའི་འདུ་ཁང་དུ་བསང་སྤོས་ཀྱི་དུད་སྐུད་གཉེན་མོས་རིན་ཆེན་རྒྱུ་སྐར་བྱེ་བས་མཁའ་དབྱིངས་ནས་སྐར་མདའ་འཕྲོ་བ་ལྟར་དུ་བརྒྱན་པའི་གདུང་རྟེན་ལ་འཁྲིལ་ཞིང་། སྤྱན་གྱི་དབང་པོ་རབ་ཏུ་འཕྲོག་ཏེ་མཇལ་ཁ་ཞུ་བའི་སྐྱེ་བོ་ནི་བགྲངས་ཀྱི་མི་ལང་ངོ་།། གསེར་དངུལ་ཟངས་གསུམ་གྱི་རྒྱུ་རྫས་གང་ལས་བཞེངས་པའི་མཆོད་རྟེན་ཡིན་རུང་། དེའི་ནང་དུ་རྩ་ཆེའི་མཆོད་གོས་གསོལ་ཞིང་རིགས་ལྔའི་དབུ་ཞྭ་སྒྲོན་ལ་བདུད་རྩི་སྨན་གྱི་གདན་ཐོག་ཏུ་གཟུགས་སྐུ་རེ་བཞུགས་ཡོད། བགྲང་བྱ་སྟོང་གི་ཤེས་རིག་དང་མི་ལོ་སྟོང་གི་བློ་གྲོས་ལས།གཟུགས་སྐུ་དེ་དག་ནི་ལོ་ངོ་སྟོང་ཕྲག་བརྒྱུད་ཀྱང་། ཞལ་གྱི་ཉམས་མདངས་མི་གྱུར་ལ། གདོང་གི་ནེམ་ཆ་མི་འགྱུར་བར་རྩ་ལམ་གྱི་ཁ་ཕྱོགས་ཀྱང་འགྱུར་བ་མེད། འདས་མཆོད་ཀྱི་སྐྱེལ་མའི་ལོངས་སྤྱོད་འདི་ལྟ་བུར་ཉམས་སུ་མྱོང་ཐུབ་མཁན་ནི་བོད་རིགས་འདུས་སྡོད་ཁུལ་དུ་མི་བརྒྱ་ཕྲག་ལྷག་ཙམ་ལས་མེད།

         བོད་ཀྱི་རིག་གནས་འབྱུང་ཁུངས་སུ་འབོད་པའི་ལྷོ་ཁ་རྩེད་ཐང་དུ། རི་རྩེ་ན་ཀྲོང་ངེར་འགྱིངས་པའི་ཕོ་བྲང་དང་པོ་སྟེ་ཡུམ་བུ་བླ་སྒང་དང་སྣེ་གདོང་ཐང་གཞོང་དུ་ཆགས་པའི་ལྷ་ཁང་དང་པོ་སྟེ་ཁྲ་འབྲུག་སྒྲོལ་མ་ལྷ་ཁང་གཉིས་མཐོང་རྒྱུ་ཡོད། དུས་རབས་འགའི་རིང་མི་རྣམས་ཀྱིས་རེག་མ་མྱོང་བའི་ཀློང་ཐང་དུ་ཞིང་ས་མུའུ་སུམ་ཅུ་ཙམ་དང་རྨོ་ཤུལ་མུ་སྟར་དུ་ཡོད་ཅིང་། དེའི་ནང་ཞིང་ཁའི་རྨོས་སྦོལ་ས་སློག་གི་འདྲིས་ཆེ་བའི་ས་དྲི་དེ་མཁའ་ལ་ཁྱབ་ཅིང་སྣ་སྒོ་ནས་འཛུལ་ཡོང་། རྩྭ་ཤུལ་སྐམ་པོ་དང་རྩྭ་དུམ་ཆག་རོ་དག་རྨོས་རོལ་གྱི་ཕྱི་ནང་ནས་མངོན་ལ་མ་མངོན་ངང་གང་སར་ཁེངས་འདུགདེ་གར་ནི་བོད་ཀྱི་ཞིང་ཁ་དང་པོ་ཡིན་ཞེས་བརྗོད་ཀྱི་ཡོད། དེ་ནས་འཕྱོངས་རྒྱས་ཆུ་གཞུང་བརྒྱུད་སྤྱི་ལེ་སུམ་ཅུར་བསྐྱོད་སྐབས། གཞི་ཁྱོན་ཆེ་ལ་ཡིད་དབང་འཕྲོག་ཅིང་། རྔམ་བརྗིད་དཔག་ཏུ་མེད་པའི་གནའ་བོའི་བང་སོ་དུ་མ་མིག་ལམ་དུ་འཆར་ཡོང་། དབྱིབས་གྲུ་བཞི་ཅན་གྱི་བང་སོ་དེ་ནི་རི་བོ་ཡན་གར་བ་ཞིག་དང་མཚུངས་ལ། འཁྱོགས་དབྱིབས་ཀྱི་བང་སོ་དེ་ནི་ས་ངོས་ནས་འབུར་ཐོན་དུ་གནས་འདུགརི་ལྡེབས་བརྒྱུད་རིམ་གྱིས་ས་བབ་མཐོ་རུ་ཕྱིན་པ་དང་། ཡུག་གཅིག་ཏུ་ཆགས་པའི་བང་སོ་དང་རི་བོ་དེ་གཞི་གཅིག་ཏུ་འབྲེལ་ཞིང་། ཕན་ཚུན་དབར་ལྟོས་ས་ལྟོས་འཇོག་དང་གཅིག་ལ་གཅིག་རྟེན། ཕར་སྦྲེལ་ཚུར་ཐིམ་དུ་གནས་འདུགརི་བརྒྱུད་ཀྱི་ཕྲེང་སྟར་ཐམས་ཅད་བརྗིད་ཉམས་ཆེ་ཞིང་ལྟ་ན་སྡུག་པ་དང་། ཡང་མིན་ན་བློ་གཤོགས་ཆེ་ལ་ངག་འཇམ་ཐིང་ངེར་གནས་ཤིང་། བང་སོ་ནི་ལྷིང་འཇགས་དང་གཟི་བརྗིད་ལྡན་པའི་ངང་། དེ་མིན་ན་སྟོང་ལྷང་ངེར་སྐྱ་ཐལ་ལེར་གནས་འདུགགནའ་བོའི་བང་སོའི་ཁྱུ་འདུས་འདི་འདྲ་ནི་མུ་འབྲེལ་ས་འཛིན་སྔས་སུ་བྱས་པའི་བོད་བྱང་ཐང་དང་། དལ་འགྲོ་ཉལ་འགྲོ་གྱ་གྱུར་འབབས་པའི་ཀོང་པོའི་ནགས་ཁུལ།ཀེ་ལ་ཤ་རིའི་དཔུང་གདང་སྦྲེལ་བའི་མངའ་རིས་ས་མཐོ་བཅས་གང་སར་མཐོང་རྒྱུ་ཡོད། ལོ་རྒྱུས་ནི་མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་གྱི་རྣམ་པ་ག་ལ་བ་དེའི་ཟིན་ཐོ་ཞིག་དང་། གནའ་ཤུལ་ནི་མིའི་རིགས་ཀྱི་བསམ་བློའི་ཁ་ཕྱོགས་ལ་བཤམས་པའི་དྲན་འཆར་ཞིག་རེད། བང་སོའི་ནང་དུ་བཞུགས་པའི་སྐུ་གཤེགས་མཁན་དེ་དག་ནི།དེ་སྔ་གངས་ལྗོངས་ས་མཐོར་སྐད་ཅིག་གི་གད་རྒྱངས་བསྒྲགས་པ་ཙམ་གྱིས་ཡུག་གཅིག་རིང་གནམ་ས་གཡོ་བའི་ངར་སྒྲ་འཇགས་མི་མྱོང་བའི་མི་བུ་མིན་མི་སྲིད་པ་ནི་འཕྱང་མོ་ཉུགལོ་ཟླའི་ཉི་ཟླ་རེས་སུ་འཆར་ཞིང་དུས་ཀྱི་འཁོར་ལོ་བར་མེད་འཁོར་ཟིན། བང་སོ་དེ་དག་གྱང་རོར་གྱུར་མེད་པར་མ་ཟད་བང་སོའི་འགྲམ་དུ་ད་དུང་བཟོ་བཀོད་ལེགས་པའི་ལྷ་ཁང་ཞིག་བཞེངས་འདུགཆེ་ཆུང་མི་འདྲ་བའི་མཆོད་མེ་གྲངས་མེད་ནི་ལོ་ངོ་སྟོང་གི་ཉི་ཟླའི་འཆར་ནུབ་དང་འགྲོགས་པའི་མཁའ་ཁྱབ་ཀྱི་རྒྱུ་སྐར་བྱེ་བའི་སྐར་འོད་འཆམ་མེར་འཕྲོ་བ་དང་མཚུངས། ཁྱུ་དང་ཁེར་རྐྱང་དུ་འགྲུལ་བཞིན་པའི་རྒྱུས་མེད་ཀྱི་སྐྱེ་བོ་དེ་དག་ནི་མ་ཎི་ལག་འཁོར་གྱི་འཁོར་རྡོ་དང་འདྲ་བར་བང་སོའི་མཐའ་ནས་བསྐོར་ཅིང་སྨོན་ལམ་འདེབས་ཀྱིན་ཡོད། རྡོ་ཕུང་གང་སར་ཁེངས་པའི་ཁྲོད་ནས་བསངས་ཤུག་གི་དྲི་ཞིམ་ངམ་ངམ་དུ་འཐུལ་བཞིན་མཆིས།རྡོ་ནི་ནམ་ཡང་མར་ལྷུང་བ་ཡིན་མོད།མེ་ལྕེ་ཁོ་ན་ནི་གྱེན་དུ་འབར་བཞིན་པ་འདིས། སྔོན་བྱོན་གོང་མ་ཚོའི་བློ་གྲོས་ལ་གུས་བཀུར་ཞུས་པ་ཞིག་ཡིན་ཀྱང་སྲིད། བོད་རིགས་ཀྱིས་སྙིང་རྗེ་དང་བྱམས་སེམས་གཉིས་ཉི་མ་གཉིས་པར་བརྩིས་ཏེ། རང་ཉིད་གསལ་བར་བྱེད་ལ་མི་གཞན་ལ་ཡང་འཕྲོ་བར་བྱེད། སྔོན་ཆད་གསལ་བར་བྱེད་ལ་ད་ལྟ་དང་མ་འོངས་པར་ཡང་མཐོང་བར་བྱེད། སྐྱེལ་མ་ཞུ་གསོལ་འདི་སྤེལ་ནས་ལོ་བརྒྱ་ཕྲག་ཁ་ཤས་སོང་ཞིང་།ད་ཆའི་གནའ་ཤུལ་མཛེས་ལྗོངས་སུ་གྱུར་ནས་ལོ་རྒྱུས་ཀྱིས་དབུགས་རིང་འབྱིན་པ་མིན་ནོ།།

          དེ་རིང་བོད་རིགས་ཀྱི་འདས་མཆོད་མཛད་སྒོ་ལ་ད་དུང་བྱ་གཏོར་གཏོང་ཞིང་། དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད། ཐུན་མོང་མིན་པའི་ངོ་མཚར་དང་ཡ་མཚན་ཆེ་བ།ཧང་སངས་དགོས་པ། གནས་ལུགས་རྟོགས་པར་དཀའ་བའི་མྱ་ངན་ཞུ་ཚུལ་ཞིག་རེད། གལ་ཏེ་ཆེས་གནད་འཁེལ་ཚིག་གསལ་གྱི་སྐད་ཆས་བྱ་གཏོར་གྱི་གསང་བ་དེ་བཤད་དགོས་ཟེར་ན།དེ་ནི་ས་ཆེན་ནི་ཚེ་སྲོག་གི་མཆོད་སྟེགས་དང་།རྒོད་པོ་ནི་མཁའ་ལམ་གྱི་ཞོན་རྟ།འཇིག་རྟེན་ནི་རྣམ་ཤེས་ཀྱི་བཞུགས་གནས་ཡིན། བསྟན་བཅོས་གནས་ལུགས་ཀུན་ལ་བྱང་བའི་འཕགས་པ་ཀླུ་སྒྲུབ་དང་། རྡོ་རྗེ་དཀྱིལ་ཀྲུང་དུ་མངོན་མཁྱེན་རྟོགས་པ་འབར་བའི་དཔལ་ལྡན་ཟླ་བའམ། མདོ་སྔགས་ཕ་མཐར་བྱང་བའི་རྒྱལ་ཁམས་པ་སློབ་དཔོན་པདྨ་སོགས་ཁོང་ཚོ་ནི། མི་ཡུལ་གྱི་དངོས་ཡོད་ལ་གཞི་ཚུགས་ཤིང་མ་འོངས་ལ་རྒྱང་གཟིགས་གནང་ནས་ཚེ་སྲོག་རང་བྱུང་ལས་འབྱུང་བའི་བདག་མེད་ལྟ་དགོངས་མྱོང་བཞིན་རང་བྱུང་ལ་བྱོན་པ་དང་།རང་བྱུང་གི་ཆོས་ཉིད་ལྟར་འཚོ་ཞིང་རང་བྱུང་གི་རྣམ་སྣང་ལྟར་མྱ་ངན་ལས་འདས་པའོ།། ཚེ་སྲོག་ནི་རང་བྱུང་གི་ཐོན་དངོས་ཤིག་ཡིན་ལ། འཚོ་བ་ནི་རང་ཉིད་ཀྱིས་ཁ་ལོ་བསྒྱུར་བཞིན་ཡོད་པས། བློ་ཕམ་ཡི་མུག་གིས་རང་འགན་གཞན་འགེལ་བྱེད་མི་རུང་བར།བློ་བག་ཡངས་པོས་བྱ་དངོས་དང་ལེན་གྱིས། ལས་ལམ་གང་བཀོད་ལྟར་འཆི་གསོན་ལ་གདོང་གཏད་དགོས་སོ།།

         ས་ཆེན་ནི་ཚེ་སྲོག་གི་མཆོད་སྟེགས་ཡིན།བོད་རིགས་ཀྱི་སྣོད་བཅུད་ལྟ་བའི་ཁྲོད། ཆུ་ཤེལ་མཆོད་རྟེན་གྱི་གངས་རི་བརྒྱད་ཀྱི་མུ་འཁྱུད་ལས་གངས་ལྗོངས་ས་མཐོ་གྲུབ་པར་འདོད་ཅིང་།མཛེས་སྡུག་ལྟ་བས་མི་ངོམ་པའི་ཀེ་ལ་ཤ་དང་རི་རྒྱུད་ཕྲེང་སྟར། རི་བོ་མཐོན་པོ་དེ་དག་གིས་གཞོང་ས་དང་གྲོག་རོང་། ཀློང་ཐང་དང་རྩྭ་ཐང་སོགས་ཕར་བཅད་ཚུར་བཀར་དུ་དབྱེ་ཡོད། གཞན་ཡང་བོད་ཀྱིས་སྟོད་ཕྱོགས་ལ་མངའ་རིས་སྐོར་གསུམ་འབོད་ཅིང་། གཡའ་རི་དང་གངས་རིའི་ཚོགས་ཞིང་ཡིན་ལ། གཙོད་དང་རྐྱང་གི་འཚོ་ཡུལ་དུ་ཆགས་ཤིང་། ཡང་རྩལ་བདེ་ལྕག་དོད་པའི་རྣམ་པ་དང་སྐྱེན་འགྱུར་སྤྱང་གྲུང་གི་རྣམ་འགྱུར། ལྟ་ན་དོད་པའི་གཟུགས་ཕུང་དང་ལྡེམ་རྩལ་འཁྱུག་པའི་སྟངས་སྟབས་དེས་མི་རྣམས་ལ་མཛེས་སྡུག་གི་ལོངས་སྤྱོད་ཅིག་སྦྱིན་གྱི་ཡོད། བར་ཁུལ་ལ་བར་གྱི་དབུས་གཙང་རུ་བཞི་ཟེར་ཞིང་། བྲག་རི་དང་རྩྭ་ཐང་གི་ཞིང་ཁམས་ཡིན་ལ། རྔམ་ཟིལ་ཡ་མེད་ཀྱི་སྟག་དང་དཔའ་སྤོབས་ཆེ་བའི་གསའ་གཟིག་གི་འཚོ་གནས་བྱ་ཡུལ་ཡིན། སྟག་གཟིག་གི་གཏུམ་དྲག་དེས་ཡུལ་མིར་འཇིགས་སྐུལ་དང་སྐྲག་སྣང་སྟེར་སྲིད་མོད། འོན་ཀྱང་རང་བྱུང་ཁམས་ཆེན་མོས་རང་གི་ཕང་བའི་ཚེ་སྲོག་ཡོད་དོ་ཅོག་ལ་གཅེས་སྤྲས་གནང་ཡོད། གལ་ཏེ་གནས་འདིར་སྟག་གཟིག་མེད་ན།ཡུལ་མི་ཚོ་ཇི་འདྲའི་ཁེར་རྐྱང་ངང་ས་གཞི་འདི་ཡང་སྟོང་སང་སང་ཙམ་ལས་མ་འདས་པ་ཞིག་རེད་ཨང་། སྨད་ཕྱོགས་ལ་མདོ་ཁམས་སྒང་དྲུག་བྱ་ཞིང་། ནེའུ་སིང་དང་ནགས་ཚལ་གྱི་དགའ་ཚལ་ཡིན།འདི་གར་འདབ་ཆགས་ཁྲི་ཕྲག་གིས་གཤོག་ཟུང་ཟད་མེད་རྡེབ་ཅིང་སྐད་སྙན་སྒྲ་སྒྲོག་གི་དབྱིངས་སུ་ཁྱབ་ཡོད། དེ་གར་དུས་རྣམ་ཀུན་ཏུ་འདབ་ཆགས་ཁྱུ་དང་ཁྱུ་ཡིས་གཤོག་འགྱུར་གར་ལ་རྩེན་པ་མཐོང་རྒྱུ་ཡོད་ལ། སྐབས་འགར་མཁའ་དབྱིངས་སུ་འཕུར་བ་དང་མཚམས་རེར་ས་ངོས་སུ་བབས་ནས་བྱ་སྐད་ངོམ་གྱིན་ཡོད། དེ་ལྟར་མཁའ་དབྱིངས་སུ་གཤོག་སྒྲོའི་རྡེབ་སྒྲ་ཡིས་ཁེངས་ཤིང་ཚང་ཚིང་སྟུག་པོའི་ཁྲོད་དུ་བྱ་སྐད་ཀྱིས་ཁེངས་འགྲོཡུལ་གྲུ་འདི་གསུམ་དུ་གཙང་པོ་དང་ཆུ་བོ་གང་སར་བཞུར་ཅིང་མཚོ་དང་མཚེའུ་གང་སར་ཁྱབ་ཡོད། བྲག་རྡོ་དང་ལོ་ཟླ་མཉམ་པའི་ཆུ་མིག་ནི་དྭངས་ཤིང་གཙང་ལ།ཆུ་ནང་བྲག་རྡོ་ལྷམ་མེར་གསལ་བའི་རྒྱུགས་ཆུ་ནི་རླབས་ཀྱི་མེ་ཏོག་མཁའ་ལ་འཐོར།གཙང་ཆུའི་རྦ་ཀློང་ལང་ལོང་དུ་གཡོ་ཞིང་བརྗིད་ཉམས་ལྡན། མཚོ་དང་མཚེའུའི་ངོགས་ལས་འོད་མདངས་འཆེམ་འཆེམ་དུ་འཕྲོས་ལ་གཉེར་རིས་འཁྱུག་འཁྱུག་བྱེད། མཛེས་ལྗོངས་དེ་ཀུན་ལ་བོད་རིགས་ཀྱིས་བརྗིད་ཉམས་དོད་ལ་བླ་ན་མེད་པའི་གདོང་རས་ཤིག་གཡོགས་ཡོད་ཨང་། ལྷ་རི་དང་ལྷ་མཚོ།ལྷ་ཆུ་དང་ལྷ་ཁང་།ལྷ་རྡོ་དང་ལྷ་ཤིང་།དེ་དག་ནི་བོད་རིགས་ཀྱི་དམངས་གཞས་ཁྲོད་ཀྱི་“ནམ་མཁར་མཚམས་སྤྲིན་ལང་ལོང་གཡོ། དེ་ནི་ལྷ་ཆེན་ལྷ་ཆུང་གི་འདུ་བྲལ་བྱེད་པ་ཡིན། ས་གཞི་ཆེ་མོར་ཁ་བ་ལྷབ་ལྷུབ་གཡོ།དེ་ནི་ལྷ་ཆེན་ལྷ་ཆུང་དགོད་རྩེད་བྱེད་པ་ཡིན་”ཞེས་པ་ལྟར། སྔོ་ཞིང་དྭངས་པའི་ནམ་མཁའ་ལྷ་ཡིས་གཏམས་ཤིང་།ཡིད་དབང་འཕྲོག་པའི་གངས་རིར་ལྷ་སྲུང་སྦས་ཤིང་། དབེན་འཇམ་གྲོག་རོང་དུ་ལྷ་སྲུང་བཞུགས་ལ།མེ་ལོང་ལྟར་མཚོ་ཁ་སྙོམས་པའི་མཚོ་མཚེའུ་ཁྲི་སྟོང་མང་པོ་དེ་དག་ཀྱང་ལྷའི་བཞུགས་གནས་སུ་གྲུབ་ཡོད།

          སའི་གོ་ལའི་ཆེས་མཐོ་ས་སྟེ་ཉི་མ་དང་ཐག་ཉེ་ཤོས་ཀྱི་མཁའ་དབྱིངས་ན་ཆགས་པའི་གངས་ལྗོངས་སུ། གྲངས་ལས་འདས་པའི་དུར་ཁྲོད་ཡོད་ཅིང་། བོད་ཀྱི་དུར་ཁྲོད་དང་པོ་དེ་མི་ལོ་བདུན་བརྒྱའི་གོང་རོལ་དུ་ལྷ་ས་ནས་རྒྱང་ཐག་སྤྱི་ལེ་བརྒྱ་ལྷག་ཙམ་ཡོད་པའི་འབྲི་གུང་མཐིལ་དགོན་དུ་ཆགས་ཤིང་། དགོན་པ་གནས་ཡུལ་མཐོ་ལ་ཆུ་འཛིན་གྱི་དབྱིངས་སུ་བུད་མེད་གན་རྐྱལ་དུ་ཉལ་བ་ལྟ་བུའི་འབྲི་གུང་རི་བོའི་སྟེང་དུ་བཞེངས་པ་ལས་མིང་དེ་ལྟར་ཐོགས་པ་རེད། ལོ་བདུན་བརྒྱའི་སྔོན་རོལ་དུ། རི་བོའི་སྟོད་སྨད་ཡོངས་སུ་ནགས་དང་ཚང་ཚིང་སྟུག་པོ་ཡིན་ཞིང་། ནགས་དང་ཚང་ཚིང་གིས་བརྒྱན་པའི་རི་བོའི་ལྡེབས་སུ་དགོན་པ་ཆགས་པས། ལྗང་ཐིང་ཐིང་གི་རི་བོའི་ངོགས་ནས་བྱ་བྱིའུ་གསུང་སྐད་ལྷང་ལྷང་སྒྲོགས་པ་བས་ཡུལ་ལྗོངས་ལྟ་ན་སྡུགལྗོན་གསེབ་བརྒྱུད་ནས་ཕྱོགས་བཞིར་བལྟས་ན། སྟོན་དུས་སུ་དམར་སྨུག་དུ་གྱུར་བའི་ཤར་རི་ནི་ཡར་བཞེངས་པའི་རྗེ་བཙུན་སྒྲོལ་མ་དང་མཚུངས་ལ།སིལ་དུས་དཀར་ཞིང་འཚེར་བའི་ལྷོ་རི་དེ་ལོ་ཆེན་བཻ་རོ་ཙཱ་ན་བཞེངས་པ་དང་འདྲ། ཡང་གསོས་ཀ་སྔོ་ཞིང་སྣུམ་པའི་ནུབ་རི་ནི། རྡོ་རྗེ་སེམས་དཔའ་བཞེངས་པ་དང་མཐུན། དབྱར་ཁར་ལྗང་མདོག་ཏུ་མངོན་པའི་བྱང་རི་དེ།དབྱངས་ཅན་ལྷ་མོ་བཞེངས་པ་དང་འདྲ། བཤད་སྒྲོས་ལྟར་ན་རི་བོ་འདི་བཞིའི་མཐའ་འཁོར་དུ་བྲང་རུས་དང་བགད་སྒྲ། བཀྲ་ཤིས་དང་མེ་འབར་སོགས་ཁུ་སིམ་མེར་ཡ་མཚན་དང་བཀྲག་མདངས་གཞི་གཅིག་ཏུ་བསྡུས་པའི་ནགས་ཚལ་གྱི་ཁྱབ་ཁོངས་བརྒྱད་ཡོད་པ་དང་། ཉིན་དཀར་དང་མཚན་གུང་དུ་གཅན་གཟན་རི་དྭགས་ཀྱི་སྐད་ཡན་སྣ་ཚོགས་སྒྲོགས་ཤིང་། རི་བྱ་དང་འདབ་ཆགས་ཁྱུ་དང་ཁྱུ་ཡིས་ཁེངས་ཡོད་ཟེར།དཀན་གཟར་ལ་སྐྱི་གཡའ་བའི་བྲག་ཕུག་ཏུ་སྒོམ་སྒྲུབ་གནང་བཞིན་དབེན་འཇམ་དག་གཙང་གི་ནགས་གསེབ་ཏུ་ཉམས་ལེན་གནང་བའི་སྐྱོབ་པ་འཇིག་རྟེན་མགོན་པོས་མྱ་ངན་ལས་གདའ་ཁར་འཛམ་བུ་གླིང་ལ་“བདག་ལ་རྒྱལ་བའི་དབང་ལུང་གནང་བྱུང་། གནས་འདི་ནི་སངས་རྒྱ་བ་དང་ཐར་པ་ཐོབ་པའི་གནས་བྱིན་ཅན་ཡིན། འདིར་དུར་ཁྲོད་གཅིག་འཛུགས་དགོས་”གསུངས་མྱོང་། མཚན་སྙན་ཕྱོགས་སུ་ཁྱབ་པའི་སྐྱོབ་པ་འཇིག་རྟེན་མགོན་པོས་བགྲང་བྱ་དུ་མའི་རིང་ལ་དཀའ་ངལ་ཁྱད་བསད་དང་བརྩོན་པ་ལྷུར་བླངས་པས། སྦར་མཐིལ་ལ་འཁོར་ལོ་དང་ཞབས་མཐིལ་ལ་དུང་དཀར་གྱི་རྗེས་རིས་ཡོད་ཅིང་། རྫུ་འཕྲུལ་གྱི་རྟོགས་པ་མཐའ་ཡས་ཤིང་བསམ་གྱི་མི་ཁྱབ་པ་དང་འབྲི་གུང་བཀའ་བརྒྱུད་ཀྱི་སྲོལ་བཏོད་པ་ཡིན། ཁོང་གི་ཆོས་སྒྲ་གངས་ལྗོངས་ས་མཐོའི་ཕྱོགས་ཀུན་ཏུ་ཁྱབ་པའི་ཚེ། དེ་ནས་བཟུང་མི་རྣམས་ཀྱིས་རང་ཉིད་འཆི་ཁར། གནམ་སའི་བར་ནས་རྣམ་ཤེས་ཀྱི་འཁོར་རྒྱུན་བདེ་བ་ཅན་དུ་བགྲོད་པའི་དུས་དེར། འཛམ་གླིང་གི་དུར་ཁྲོད་ཐོག་མ་རྒྱ་གར་གྱི་སིལ་བ་ཚལ་གྱི་སྲུང་མ་དག་ཡིད་འཕྲོག་ནས་གསང་སྔགས་གིས་བྱིན་མཐུ་ལྡན་པའི་རྟེན་འབྲེལ་ལས་བཟང་མངའ་བའི་མཁའ་འགྲོ་མ་བཞི་རོགས་དན་དུ་མངགས་ཡོང་བ་རེད། མཁའ་འགྲོ་མ་བཞི་པོས་སིལ་བ་ཚལ་ལས་མངགས་པའི་རྟེན་དོད་དུ་སྲུང་མའི་མཚོན་དོན་ཡོད་པའི་ཕ་བོང་ཆེན་པོ་ཞིག་གདན་དྲངས་ཏེ་འཇའ་ཚོན་ལ་བཞོན་ནས་འབྲི་གུང་མཐིལ་དགོན་དུ་ཕེབས་པ་རེད། བླ་ན་མེད་པའི་ཚེ་སྲོག་དེ་མཆོད་སྦྱིན་དུ་ཕུལ། ཕ་བོང་དེ་ནི་འབྲུག་ཆེན་ལྡིང་བ་དང་འདྲ་ལ། ལྡེབས་ངོས་སུ་བརྐོས་རིས་བཀྲ་བའི་མཆོད་སྟེགས་དེ་ནི། སུམ་རྩེན་ཡུལ་གྱི་ཕོ་བྲང་ངམ་མི་ཡུལ་གྱི་རྒྱལ་པོའི་གདན་ས་ཡང་འདྲའོ།། མཁའ་འགྲོ་མ་བཞི་པོ་ཕྱིར་ཆས་པའི་ཚེ། སྐྱོབ་པ་འཇིག་རྟེན་མགོན་པོའི་རྣམ་ཤེས་དེ་ཉིད་མཁའ་དབྱིངས་བརྟོལ་ཏེ་གསེར་འོད་འཁྱུག་འཁྱུག་ངང་རི་ཆུ་ཁྲི་སྟོང་གི་ཕ་རོལ་དུ་གནས་པའི་རྒྱ་གར་སིལ་བ་ཚལ་དུ་འཁོར་ཞིང་ཡི་དམ་ཆོས་སྲུང་ལ་ལྷ་མོ་བཞི་པོ་དུས་ནམ་ཡང་འབྲི་གུང་མཐིལ་མགོན་གྱི་དུར་ཁྲོད་དུ་གནས་ཏེ་འགྲོ་བ་འདྲེན་པར་སྐྱབས་འཆའ་བ་རེད། ཁོང་བཞི་པོས་དུང་སེམས་གཙང་མས་རྡོ་རྗེ་ལྟར་འགྱུར་བ་མེད་ཅིང་མེ་ཏོག་ལྟར་ལྟ་ན་སྡུག་པའི་རྡོ་ཡི་ཀ་བ་ཆེན་པོ་བཞིར་སྤྲུལ་པ་དང་། གནམ་སའི་བར་ནས་ཆར་རླུང་བུ་ཡུག་གི་བར་ཆད་མེད་པར་དུར་ཁྲོད་དེའི་ཕྱོགས་བཞིར་འགྱིངས་ནས།མཐའ་ལམ་ཕྱོགས་སུ་བཞུད་ཀྱིན་པའི་མི་རྣམས་ལ་ཁམས་བདེ་འཚམ་འདྲི་དང་སྤྱན་ཟུང་གིས་གུས་འདུད་ཞུ་ཡི་ཡོད།

        སྤྱི་ལོ་762ལོར་བཞེངས་པའི་བོད་ཀྱི་དགོན་སྡེ་དང་པོ་སྟེ་བསམ་ཡས་དགོན་པ་ནི་ལྷོ་ཁ་གྲ་ནང་རྫོང་གི་ཡར་ཀླུང་གཙང་པོའི་ཕ་རོལ་གྱི་ཡངས་ཤིང་རྒྱ་ཆེ་བའི་བྱེ་ཐང་ཐོག་གནས་ཤིང་། དགོན་སྡེའི་རྒྱབ་ཕྱོགས་སུ་རྒྱང་རིང་དུ་བལྟས་ན་རི་རྩེའི་ཕྲེང་སྟར་མངོན་ལ། ཉེ་སར་བལྟས་ན་གདུགས་དབྱིབས་ཅན་གྱི་རི་བོ་ཞིག་འབུར་མཐོན་དུ་ཆགས་ཡོད་ཅིང་། ཤེས་དཔལ་མྱུ་གུ་འབུས་དུས་ཀྱི་རང་བྱུང་དད་གུས་དང་གདོད་མའི་དད་མོས་སམ།ཡང་ན་དེང་རབས་ཀྱི་རྣམ་ཤེས་ལ་མོས་གུས་བྱེད་པ་གང་ཡིན་ཡང་། འདི་གར་ཐོག་མཐའ་བར་གསུམ་དུ་རི་ཆུ་ས་བཅུད་འཕེལ་ཞིང་།མེ་ཏོག་སྣ་ཚོགས་ཀྱིས་མཛེས་པ་འགྲན་བཞིན་མཆིས་ལ། ལྷ་སྒྲུང་གི་འཇིག་རྟེན་ཞིག་དང་འདྲ་བར་མི་རྣམས་བློ་བདེ་བག་ཕེབས་སུ་འཁོད་པར་བྱེད། ལོ་ངོ་དྲུག་བརྒྱ་ལྷག་ཙམ་གྱི་གོང་གི་ཉིན་ཞིགརི་རྩེར་སྦྲང་ཆར་ཟིམ་ཟིམ་བབས་པ་དང་། རི་སྐེད་དུ་བལ་འཇམ་ན་བུན་འཁྲིགས་ཤིང་། རི་འདབས་སུ་ཉི་འོད་ཕྱོགས་བཞིར་འཕྲོས་པའི་ཆར། དབང་པོའི་གཞུ་རིས་ཆེན་པོ་ཞིག་ཚོན་མདངས་རབ་ཏུ་བཀྲ་བའི་ངང་བསམ་ཡང་མཆིམས་ཕུའི་རི་སྟེང་དུ་ཤར་འདུགཏག་ཏག་ཉིན་དེར་བོད་ཀྱི་ཚེ་སྲོག་གི་མཆོད་སྟེགས་གཉིས་པ་བསམ་ཡས་གཙུག་ལག་ཁང་གི་དུར་ཁྲོད་དེ་ཆགས་ཤིང་། དུས་དེ་ནས་བཟུང་གཅིག་རྗེས་གཉིས་མཐུད་ཀྱི་ཚེ་སྲོག་གི་མཆོད་སྟེགས་དུ་མ་ཞིག་མཁའ་དབྱིངས་ཀྱི་ཉི་འོད་དང་ས་གཞི་ཆེན་མོའི་དྲོ་སྐྱིད་འོག་བཞད་ཁ་རབ་ཏུ་ཕྱེ་བའི་པད་མ་འདབ་བརྒྱད་དང་འདྲ་བར་བོད་ཀྱི་ནོར་འཛིན་དགའ་མའི་ཕང་བར་ཁྱབ་པ་མ་ཟད་དེ་དག་གི་ཉེ་འགྲམ་དུ་སིལ་བུའི་རྒྱུན་གྱིས་གཡོ་བའི་ཁ་མདོག་སྣ་ལྔའི་རླུང་རྟ་དང་། ཡང་ན་ཆོས་དབྱིངས་རོལ་མོའི་དབྱངས་རྟ་སྙན་འཇེབས་སུ་གྲགས་པའི་དགོན་པ། དེ་མིན་ན་བརྗིད་ཉམས་ལྡན་པའི་མཆོད་རྟེན་དཀར་པོས་བཞེངས་ཡོད། མཆོད་སྟེགས་དེ་དག་ལ་ཐུན་མོང་དུ་མངའ་བའི་མཛེས་སྡུག་ལྡན་པའི་ངག་རྒྱུན་དེ་ནི། སིལ་བ་ཚལ་གྱི་དུར་ཁྲོད་དང་སྦྲེལ་བའི་གསེར་ཐིག་དེ་དང་སིལ་བ་ཚལ་ནས་འཕུར་ཡོང་པའི་ངོ་མཚར་ཅན་གྱི་རྡོ་ཕ་བོང་དེ་ཡིན།

      བྱ་རྒོད་ནི་མཁའ་དབྱིངས་སུ་བསྐྱོད་པའི་ཞོན་རྟ་ཡིན། ཧི་མ་ལ་ཡའི་གངས་སྟོད་དུ་འཕུར་བའི་བྱ་རྒོད་ཀྱིས་ལྷ་ཡུལ་གྱི་རོལ་མོ་ཐོས་ཤིང་མི་ཡུལ་གྱི་སྡུག་བསྔལ་མཐོང་ཐུབ།ཐང་དཀར། རྒོད་སེར། བྱ་རྒོད། རྒོད་པོ་དེ་དག་གི་གཟུགས་སྟོབས་ཐང་ཞིང་གཤོག་ཟུང་ཆེ་ལ་སྡེར་མོ་རྣོ། དེ་ནི་རང་བྱུང་ཁམས་ཀྱི་འདབ་ཆགས་སྟོབས་ལྡན་ཞིག་ཡིན།བྱ་རྒོད་ནི་སྔོ་ཞིང་སངས་པའི་བར་སྣང་དུ་འཕུར་ཞིང་། བརྗིད་ཉམས་ཆེ་བའི་རི་ཀླུང་ལ་ཞིབ་ལྟ་བྱེད་བཞིན། གཡང་གཟར་གྱི་རི་རྩེ་ནི་ཁོའི་ཞབས་འོག་ཏུ་གནས་ཤིང་། སྲ་མཁྲེགས་ཀྱི་གཤོག་ཟུང་བརྐྱངས་ནས་མཐུག་ཅིང་ཟབ་པའི་སྤྲིན་གྱི་རྒྱ་མཚོ་བརྒལ་ཏེ། ཡང་ཤིང་འཕྱོ་བའི་སྨུག་ཀློང་འཕྲེད་དུ་བཅོད་ཀྱིན་མཆིས།དབྱིག་འཛིན་མའི་ཕང་གི་མིས་དེ་ནི་ཞུམ་མེད་དང་དཔའ་ངར་་གྱི་མཚོན་རྟགས་ལ་བརྩི་བཞིན་ཡོད། རྒོད་ནི་རབ་ཏུ་འཕྲོ་བའི་ཉི་འོད་དང་། སྔོ་ཞིང་གསལ་བའི་མཁའ་དབྱིངས་སུ། གློག་དམར་འཁྱུག་པ་ལྟར་ཐུར་དུ་ཟུགས་ཐུབ་ལ།གཡོ་འགུལ་སྤུ་ཙམ་མེད་པར་སྡོད་ཐུབ་པ་མ་ཟད་འཇམ་ཐིང་ངེར་ལྡིང་སྐོར་ལ་རོལ་ཐུབ་ཀྱི་ཡོད། ངོ་མཚར་དཔོག་དཀའ་བའི་གཟུགས་བརྙན་དེས་གངས་ལྗོངས་ས་མཐོའི་མི་རྣམས་ཀྱི་ཡིད་དབང་རབ་ཏུ་བཀུག་ནས་བསམ་གཞིགས་ཟབ་མོའི་འཇིངས་སུ་ཁྲིད་འགྲོནང་བསྟན་གྱི་གསུང་རབ་ནང་བྱ་རྒོད་ལ་“གོ་བོ་གླག་གག་”ཞེས་བརྗོད་ཀྱི་ཡོད་ཅིང་། དེ་ནི་ནམ་མཁའི་ནང་གི་འདབ་ཆགས་བརྒྱ་ཕྲག་གི་རྒྱལ་པོ་ཡིན་པས། ཞུམ་པ་མེད་པའི་བྱ་རྒོད་ཀྱིས་འགྲོ་བ་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཐུབ།བཀའ་འགྱུར《མདོ་གཟི་བརྗིད》ཀྱི་ནང་དུ་རྣམ་པར་སྣང་མཛད་ཀྱིས་རང་གི་ཤ་འབྲེག་ནས་བྱ་རྒོད་ལ་སྦྱིན་པའི་གཏམ་རྒྱུད་ཡོད་ཅིང་། ངག་རྒྱུན་འདི་ལྟ་སྟེ།ཉིན་ཞིག་རྒྱལ་པོ་རྣམ་པར་སྣང་མཛད་ཀྱིས་ངང་དཀར་ཞིག་འཕུར་བཞིན་པ་དེ་བྱ་རྒོད་ཀྱིས་མཁའ་དབྱིངས་ནས་རྗེས་འདེད་བཞིན་པ་མཐོང་ཞིང་། ངང་དཀར་དེས་རྒྱལ་པོའི་ཕོ་བྲང་མཐོང་བ་དང་རྒྱལ་པོའི་མདུན་དུ་འཕུར་ཡོང་ནས་རྒྱལ་པོའི་མཆན་འོག་ཏུ་གབ། རྒྱལ་པོས་རང་གི་ལུས་ཐོག་གི་ཤ་བཅད་དེ་བྱ་རྒོད་ལ་སྟེར་བ་རེད། ཆོས་དཔེའི་ནང་ངང་པ་ནི་མེ་ལྷའི་སྤྲུལ་པ་ཡིན་ལ་བྱ་རྒོད་ནི་གནམ་བསྐོས་གོང་མས་རྣམ་པར་སྣང་མཛད་ཀྱི་སྙིང་རྗེའི་སྤྲུལ་བ་ཡིན་ཟེར། ཤོད་རྒྱུན་གྲགས་ཅན་འདི་བྱ་རྒོད་ཀྱིས་བར་སྣང་དུ་འཕུར་ལྡིང་བྱེད་པ་ལྟར་ཁྱབ་པའི་ཚེ།དེའི་རྒྱང་ཐག་དང་དྭངས་གསལ། སྙན་འཇེབས་དེ་གངས་ལྗོངས་ས་མཐོའི་རི་ཆུ་ཡོད་རྒུ་དང་གྲོང་ཁྱིམ་ཀུན་ལ་ཐོས་སོ།། བྱ་རྒོད་ཀྱི་ཐལ་སེར་གྱི་བྱ་སྒྲོ་དེ་ནི། བླ་ཆེན་གྱིས་མནབས་པའི་ཆོས་གོས་དང་འདྲ་ལ།བོད་རིགས་ཀྱིས་བྱ་རྒོད་ནི་བྱམས་སྙིང་རྗེའཆང་བའི་ཆོས་འདོན་མཁན་དགེ་སློང་ལ་ངོས་འཛིན་པར་བྱེད་ཅིང་།མཐོངས་ཆེན་དང་མོས་གུས་བྱེད་པའི་ལྷ་བྱ་ཞིག་ཡིན་པར་འདོད། བོད་ཀྱི་རྔམ་བརྗིད་མཐོ་གཟར་ཅན་གྱི་རི་ཚོགས་ཁྲོད། རྒོད་ཚང་དང་བྲག་ཕུགབྲག་བསྲུབས་ཡོད་པས།བྱ་རྒོད་ཁྲི་སྟོང་མང་པོ་ནི་ཆོས་གོས་གྱོན་པའི་བྱ་བྲལ་དང་འདྲ་ཞིང་། སྡེར་མོ་གཉིས་བྲང་ཁོག་གི་རྟེན་ཕུར་གྱི་ཚུལ་དུ་ལུས་ཐོག་ཏུལྷན་ཚར་སྦྲེལ་མའི་ཆོས་གོས་གྱོན་ནས།ངག་ནས་གསང་སྔགས་འདོན་བཞིན་སྒོམ་སྒྲུབ་ལ་གཞོལ།ཐ་ན་ཚ་ཟེར་གྱི་དབལ་གྱིས་བསྲེགས་པ་དང་སྤྲིན་ནག་འཐིབས་ནས་རླུང་ངར་ལྡང་བའམ།དྲག་ཆར་འབབས་ཤིང་གློག་དམར་འཁྱུག་ན་ཡང་།བྱ་རྒོད་ནི་རྡོ་ཕ་བོང་ལྟར་ལྷུན་ལ་ལྕགས་ཀྱི་མཆོད་རྟེན་བཞིན་བརྟན་པོར་གནས། མི་རུ་སྐྱེས་པའི་དམིགས་པ་ནི་འཐུས་སྒོ་ཇེ་ཚང་དུ་བཏང་ནས་མཐར་རྩེར་སོན་ཕུལ་བྱུང་ཡོང་ཆེད་ཡིན། དག་གཙང་གི་ཚེ་སྲོག་དེ་མེ་ལྕེ་བཞིན་འབར་ནས། འཆི་གསོན་གྱི་གླགས་ནས་ཐོག་མཐའ་བྲལ་བའི་ཞིང་ཁམས་གཞན་ཞིག་ཏུ་ཐོན་དགོས་ཤིང་།དེ་ནི་ཉམས་དགའ་བའི་ལྷའི་ཕོ་བྲང་ཡིན་ལ་མཛེས་སྡུག་ལྡན་པའི་དག་ཞིང་ཡིན། བྱ་རྒོད་ནི་ལྷའི་ཕོ་བྲང་ནས་མངགས་པའི་ཕོ་ཉ་ཡིན་ལ་དེས་འཇིགས་པ་མེད་པའི་རྣམ་ཤེས་ཐོགས་ནས་ཁྱེད་ཀྱི་ཟད་མཐའ་མེད་པའི་ཆུ་མིག་ལྟ་བུའི་འདོད་པ་སྐོང་ཞིང་། དྲང་བདེན་དང་རེ་འདོད་དོན་སྨིན་གྱི་སྒོ་ནས་སྐྱེ་བོ་ཀུན་གྱི་ཕུགས་བསམ་བཟང་པོ་མངོན་འགྱུར་ཡོང་བར་བྱེད་པའོ།། བགྲང་བྱ་ཉིས་སྟོང་གོང་གི་བོད་ཀྱི་ཞང་ཞུང་བོན་གྱི་རིག་གནས་ཁྲོད་དུ་བྱ་རྒོད་ནི་འཇིག་རྟེན་བྱེད་པོ་ཡིན་པའི་སྒྲུང་ཞིག་ཡོད་པ་འདི་ལྟ་སྟེ།འོད་ཟེར་དང་མུན་ནག་ཀྱི་མཚམས་སུ། འཁྱགས་རོམ་དང་ཟིལ་པ་ཐོན་ཞིང་།རིམ་བཞིན་ཆབ་རོམ་དེ་རྫིང་བུ་ཆགས་པ་དང་དེའི་ངོས་ནི་མེ་ལོང་དང་འདྲ།ཟིལ་པ་དེ་རྫིང་ནང་ལྷུང་ཞིང་དེས་མདོག་དཀར་ནག་གི་བྱ་རྒོད་ཀྱི་སྒོང་བ་གཉིས་སྐྱེས་པ་དང་། བྱ་རྒོད་དེ་གཉིས་བཤོས་པ་ལས་འོད་ཟེར་སྣ་ཚོགས་བཀྱེད་ཅིང་།དེ་ལས་ཚེ་སྲོག་དང་རྣམ་ཤེས་ཐོན་པ་ཡིན་ཟེར། བྱ་རྒོད་ཀྱང་གདོད་མའི་བོན་གྱི་དད་མོས་ཁྲོད་དུ་ལྷ་ཡི་བྱེད་པོ་ཡིན་པར་འདོད་པ་ཡིན། ལོ་ངོ་སྟོང་ཕྲག་གི་ཡུན་དུ་བོད་པ་ཚོའི་སེམས་ནང་།བྱ་རྒོད་ནི་དགྲ་ལྷའི་རྟགས་མཚན་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས། ཚེ་སྲོག་ག་མཚོན་བྱེད་དུ་འཛིན་པ་ཡིན། མཚོ་བོད་མཐོ་སྒང་དུ་བགྲངས་ཀྱི་མི་ལངས་པའི་བྱ་རྒོད་ཡོད་ཅིང་། སུ་ཞིག་གིས་ཀྱང་བྱ་རྒོད་རང་བྱུང་དུ་ཤི་བའི་རོ་མཐོང་བ་དཀོན།བྱ་རྒོད་ཀྱིས་རང་གི་འོས་བབ་སྒྲུབས་ནས་ཤི་དགོས་པར་སླེབས་ཚེ།ཉི་འོད་ཀུན་ཏུ་འཕྲོས་པའི་དུས་ཀྱི་བདག་པོའི་ཕྱོགས་སུ་ཉག་ཕྲན་མདའ་པོ་འཕེན་པ་བཞིན་འཕུར་ཏེ། མེ་ཟླུམ་ཆེན་པོ་དེའི་ནང་དུ་རང་ལུས་བསྲེགས་རྗེས་ལྷ་ཡུལ་དུ་འགྲོ་བ་ཡིན་པའི་ཤོད་སྲོལ་ཡོད། དེ་ཡང་བོད་ཀྱི་གོང་མ་ཚོས་བཙན་པོ་དམ་པ་རྣམས་དམུ་ཐག་ལ་རྟེན་ནས་སྐུ་འཇའ་ལུས་ཀྱི་སྒོ་ནས་ནམ་མཁར་འཕྱོ་བ་དེའདི་ནས་བློ་སྒོ་ཕྱེས་པ་ཡིན་པའི་ཤོད་རྒྱུན་ཡོད། བྱ་རྒོད་ནི་འཛམ་གླིང་ཤར་ཕྱོགས་སུ་ངོ་མཚར་ཅན་གྱི་ནུས་སྟོབས་དང་ཞུམ་མེད་ཀྱི་སྙིང་སྟོབས་ཤིག་ཡིན་པ་ཙམ་དུ་མ་ཟད་ཀྱི། ནུབ་ཕྱོགས་སུ་ཡང་དེ་དང་ཆ་མཐུན་པར་བླ་མེད་དང་རྔམ་བརྗིད་ཀྱི་མཚོན་བྱེད་དུ་གྱུར་ཡོད། ཡོ་རོབ་ཤར་མའི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་རང་གི་རྒྱལ་ཁབ་དེ་བྱ་རྒོད་ཀྱི་རྒྱལ་ཁབ་ཡིན་པར་འདོད་ཅིང་། རྒྱལ་བློན་གཙོ་བོའི་ཞྭ་ཏོག་གི་བྱ་རྒོད་དེའི་ང་ཉིད་ཆེས་མཆོག་པའི་ཟིལ་ཉམས་དང་རྒྱལ་དར་སྟེང་གི་བྱ་རྒོད་དེའི་སྤོབས་པའི་ཁེངས་ཉམས་དེ་ནི། རྟེན་འབྲེལ་ལ་གོང་དུ་བཀུར་ཞིང་སྒྲོ་སྐུར་མེད་པའི་སྟོབས་ལྡན་དེའི་མངོན་ཚུལ་ཞིག་མ་ཡིན་ནམ།

      འཇིག་རྟེན་ནི་རྣམ་ཤེས་ཀྱི་གནས་གཞི་ཡིན། བོད་པ་ནི་ཉི་མ་དང་ཐག་ཉེ་ཤོས་ཀྱི་ཐུན་མིན་ཁོར་ཡུག་ཏུ་འཚོ་གནས་དང་རྒྱུན་འཕེལ་ཞིང་། རིམ་བཞིན་རང་སོའི་ཐུན་མོང་མིན་པའི་འཇིག་རྟེན་ལྟ་བ་དང་འཛམ་གླིང་ལྟ་བ་ཆགས་ཡོད། དགོན་སྡེ་ཆེ་ཆུང་གང་སར་བཀལ་བའི་ཚོན་མདངས་བཀྲ་ཞིང་རི་མོའི་གཞི་ཁྱོན་ཆེ་བའི《སྲིད་པ་འཁོར་ལོའི》ཐང་ག་དང་། གྱང་ཐོག་ཏུ་བྲིས་པའི་འཁྲུག་ཆ་དོད་ཅིང་ཡིད་དབང་འཕྲོག་པའི《རིའི་རྒྱལ་པོ་རི་རབ》ཀྱི་རི་མོ། “གདན་ས་གསུམ་”གྱི་རིག་ལམ་འགྲན་པ་དང་ཨང་རིམ་རྩོད་པར་ངེས་པར་སློབ་དགོས་པའི་《དུས་ཀྱི་འཁོར་ལོ་》སོགས་ཚང་མའི་ནང་དུ། གདོད་མའི་བོད་ཀྱི་གནམ་རིག་ལྟ་ཚུལ་དང་བོད་བརྒྱུད་ནང་བསྟན་གྱི་འཇིག་རྟེན་ལྟ་བ།ཚན་རིག་གི་གནམ་རིག་སྐར་རྩིས་འཁོད་ཡོད། སངས་རྒྱས་ཆོས་ལུགས་ཀྱི་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་“ལས་ལས་སྐྱེས་པ་”ཞེས་པ་དང་“ལས་ཀྱི་རྣམ་པར་སྨིན་པ་”ཞེས་པ་ལས་གཞན། རྒྱུད་འབུམ་གྱི་ནང་དུ་ད་དུང་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་“རླུང་ལས་སྐྱེས། རླུང་དུ་གནས། རླུང་ལས་འཇིགས་”ཞེས་པའི་“རླུང་གྲུབ་”ཞེས་པའི་བཤད་ཚུལ་ལྟར། “རླུང་ནི་ཚེ་སྲོག་གི་ཕུང་པོ་དང་། ལྷ་ནི་རླུང་གི་ནུས་པ་”“རླུང་”ནི་དངོས་པོར་ངོས་འཛིན་གྱི་ཡོད། གསང་སྔགས་ཀྱི་ནང་སྐྱེ་བ་ལེན་པའི་གཞི་རྩ་དེ་སེམས་ཁམས་ཁོ་ནའི་“རྣམ་ཤེས་”མ་ཡིན་པར། ལས་དང་རླུང་གི་ངོ་བོ་གཅིག་བསྡུས་སུ་གནས་པའི་རྡོ་རྗེའི་གཟུགས་ཡིན།དམ་ཆོས《མངོན་པ་མཛོད》ནང་དུ་“གཟུགས་ཁམས་”ནི་དངོས་པོའི་གྲུབ་ཆ་ཆུང་ཤོས་རྡུལ་ཕྲན་ལས་གྲུབ་པ་དང་། རྡུལ་ཕྲན་དེ་དག་ཀྱང་གཟུགས། དྲི། རོ། རེག་བྱ་དང་ས། ཆུ། མེ། རླུང་བཅས་བརྒྱད་ཀྱི་ཆ་ཤས་ལས་གྲུབ་པར་བཀོད་ཡོད། དེ་ལས་ཁ་གསལ་ཙམ་བརྗོད་ན། གཟུགས་ཁམས་ཟེར་བ་དེ་ཡང་མིག་གིས་མཐོང་རྒྱུ་དང་ལག་པས་རེག་རྒྱུ་ཡོད་པའི་དངོས་པོའི་ཚོགས་དེར་གོ། དམ་ཆོས་ནང་“རྡུལ་ཕྲན་”གྱི་སྐོར་འཁོད་ཡོད་ཅིང་། དེ་ནི་མ་མཐར་ཡང་གྷི་རིགས་ཀྱི་མཚན་ཉིད་མཁན་པོ་ཨིབ་ཁོར་གྱི་“ཆ་རྡུལ་རྣམ་བཤད་”ལས་ལོ་ངོ་ཉིས་བརྒྱ་ཡི་སྔ་བ་ཡོད། བོད་ལུགས་ཁང་པའི་ཕྱི་ཡི་རྣམ་པ་ལྟ་བཟོ་དོད་ཅིང་ནང་ལོགས་ཡངས་ལ་དཀར་ཆ་གསལ་བའི་བཀོད་པ་ལས་ཀྱང་རང་གི་འཇིག་རྟེན་ལྟ་ཚུལ་མངོན་ཡོད་དེ། གོ་ཁ་དང་ཁང་པ་སྦུག་མ།ཟུར་ཁང་སོགས་ཀྱི་གྱང་ངོས་སུ་སྔོ་སེར་དཀར་དམར་ནག་པོ་བཅས་ཚོན་ལྔའི་འཇའ་རིས་འཐེན་པ་དེས། ས་ཆུ་མེ་རླུང་ནམ་མཁའ་བཅས་འཇིག་རྟེན་གྲུབ་པའི་འབྱུང་བ་ལྔ་མཚོན་ཞིང་། ཚོན་མདོག་ལྔ་པོ་བསྣོལ་མར་བཀོད་པ་འདིས་འཇིག་རྟེན་གྲུབ་པ་མ་ཟད་འགྲོ་བའི་ཚེ་སྲོག་ཀྱང་བསྐྲུན་་པ་མཚོན། དངོས་པོའི་འཛམ་གླིང་དང་སྲོག་ཆགས་ནས་རིམ་བཞིན་མི་རུ་འཕེལ་འགྱུར་བྱུང་བ་དེ་ནི། ཚེ་སྲོག་དང་ཤ་རུས་ཕུང་པོའི་འགྱུར་ལྡོག་ཡིན་པས་མི་ཚད། མིའི་རང་བྱུང་གི་ཚེ་སྲོག་དང་ནང་ཁོང་གི་བློ་སྟོབས་ལས་བསམ་ན་ཟད་མཐའ་ན་བྲལ་བའི་ཤེས་རབ་ཀྱི་ཆབ་རྒྱུན་བརྡོལ་ཤིང་། མིའི་བློ་རིག་ལས་འཕགས་པ་དང་མིའི་ཚད་ཡོད་ལས་འདས་པའི་བློའི་ནུས་སྟོབས་གཞན་ཡོད་པ་རེད། མི་ནི་རིག་ཤེས་ཀྱི་རྣམ་པར་གནས་ཤིང་། ཀླད་ཁམས་ལ་བརྟེན་ནས་རང་དབང་དང་བླ་ན་མེད་པའི་རྣམ་ཤེས་མངོན་ལ། དོ་མེད་པའི་རྣམ་པར་ཤེས་པས་ཆགས་གནས་ཀྱི་མེ་སྟག་འཚེར་ཀྱིན་ཡོད། རྣམ་པར་ཤེས་པ་ནི་མིས་རང་ཉིད་ལ་ཐོགས་པའི་ཆེས་རྩ་ཆེན་གྱི་བློ་རིག་དེ་ཡིན་ཞིང་། རྣམ་ཤེས་བྱ་བ་འདིས་རང་ཉིད་དང་དབུགས་ཐོགས་གཞན་གྱི་དབར་ལ་ཁྱད་པར་འབྱེད་ཅིང་།རྣམ་པར་ཤེས་པ་ཡོད་པའི་དབང་གིས་མི་ལ་ད་གདོད་དགའ་སྐྱོ་ཆགས་སྡང་དང་ཁྲེལ་ངོ་ཚ་ལྡན་ལ།མིས་རྣམ་ཤེས་ཀྱི་སྣེ་ཁྲིད་པ་བརྒྱུད་དགའ་བགད་སྡུག་ངུ་བྱེད་དོ།། མི་ལ་རྫོགས་རྒྱུ་མེད་པའི་འདོད་རྔམ་ཡོད་ཅིང་། མིའི་བསམ་བློ་ནི་འཇིག་རྟེན་གྱི་བླ་དང་རྣམ་ཤེས་ཀྱི་འོད་ཟེར་སྣ་ཚོགས་པའི་ཁྲོད་དུ་ཁྱད་འཕགས་ཀྱི་ཆགས་རྟེན་འཚོལ་བཞིན་ཡོད་ལ།འཆི་བ་ནི་གཅིག་བྱས་ན་འཇིགས་སྐྲག་དང་སྐྱོ་སྣང་སྐྱེ་དགོས་པ་ཞིག་ཡིན་མོད། དད་མོས་ལྡན་པའི་མི་ལ་མཚོན་ན། ཁོ་ཚོས་དཀའ་སྡུག་གི་མཇུག་མཐའམ་འདས་ཁར་འོད་ཟེར་ལམ་ལམ་ཞིག་འཕྲོས་ཤིང་མཁའ་མཐའི་མཚམས་སྤྲིན་དེ་སྔར་བས་བཀྲགས་མདངས་ཧར་པོ་ཞིག་ལྡན་པར་བྱེད་པའོ།། ཕོ་བྲང་པོ་ཏ་ལའི་ལྡེབས་རིས་ཁྲི་ཁྲག་གི་ངོགས་སུ་ཡོད་པའི《རིའི་རྒྱལ་པོ་རི་རབ་》ཀྱི་འཇིག་རྟེན་ཆགས་པའི་རི་མོ་དེས་ཀུན་གྱི་ཡིད་དབང་འཕྲོག་ཅིང་།སངས་རྒྱས་ཆོས་ལུགས་གི་འདོད་ཚུལ་ལྟར་ན་རིའི་རྒྱལ་པོ་རི་རབ་བཅས་པ་ནི་སའི་གོ་ལའི་ལྟེ་བ་ཡིན་པ་དང་།སའི་གོ་ལ་ནི་ས་ཆུ་མེ་རླུང་ནམ་མཁའ་བཅས་འབྱུང་བ་ལྔ་དང་གསེར་གྱི་རི་བདུན་གྱིས་གྲུབ་པ་ཡིན།སའི་གོ་ལའི་འོག་གཞི་འབྱུང་བ་རླུང་ཁམས་དང་སྟེང་ནི་ཆུ་ཡི་འཁོར་ལོ།དེའི་ཐོད་ནི་གསེར་གྱི་འཁོར་ལོ།ས་དང་གསེར་གྱི་ཁ་མདོག་སེར་པོ་ཡིན་པས་འབྱུང་བ་སའི་ཁམས་ཀྱང་ཟེར། ད་དུང་རིའི་རྒྱལ་པོ་རི་རབ་ཀྱི་མཐའ་འཁོར་དུ་ལྷོ་འཛམ་བུ་གླིང་། བྱང་སྒྲ་མི་སྙན། ནུབ་བ་གླང་སྤྱོད། ཤར་ལུས་འཕགས་གླིང་བཅས་གླིང་བཞི་ཡོད་པར་ངོས་འཛིན། ཞང་ཞུང་བོན་ཆོས་རིག་གནས་ཀྱི་ངག་རྒྱུན་ལས། སྔར་རྒྱལ་པོ་ཞིག་ལ་ས་ཆུ་མེ་རླུང་ནམ་མཁའ་བཅས་འབྱུང་བ་ལྔ་ཡོད་ཅིང་། ཆོས་སྟོན་ཁྲི་རྒྱལ་ཆོས་པས་དེ་དག་བསྡུ་རུབ་བྱས་ཤིང་། གཟུགས་པོའི་ནང་དུ་བཞག་པ་དང་ཕུ་ག་ལེར་བརྒྱབ་པས་དེ་ལས་རླུང་ལྡང་བ་དང་། རླུང་དེས་འོད་ཀྱི་འཁོར་ལོའི་རྣམ་པས་སྐོར་བ་འཁོར་ཞིང་།དེ་ལས་མེ་ལྕེ་དམར་ལྷབ་ལྷབ་འབར། མེ་དེ་ཇེ་ཆེར་འབར་བ་དང་ཚ་དྲོད་དང་སིལ་རླུང་འཕྲད་པ་ལས་ཟིལ་པ་ཐོན་ཞིང་། དེ་ལྟར་ཟིལ་པའི་ཆུ་ཐིགས་དེ་རླུང་གིས་དེད་དེ་ཟགས་པའི་ཕུང་པོ་དེས་རི་བོ་གྲུབ་པ་དང་དེ་ལྟར་རིའི་རྒྱལ་པོ་རི་རབ་ཆགས་པ་ཡིན་ཟེར།《མདོ་རྒྱུད》ཀྱི་ནང་དུ་“སངས་རྒྱས་ཀྱིས་འབྲས་རྡོག་གཅིག་གི་ཆེ་ཆུང་དེ་རིའི་རྒྱལ་པོ་དང་མཉམ་པར་གཟིགས།མི་ཡིས་རྟོགས་པ་མ་སད་ན་རྐང་བཞི་ཕྱུགས་དང་མཚུངས་”ཞེས་པའི་གྲགས་ཚིག་འཁོད་ཡོད། དེ་ཡང་སེམས་རྒྱུད་དག་ན་འབྲུ་རྡོག་གཅིག་གམ་རྐང་གོས་གཅིག་དང་འོག་འཇུག་གཅིག་ཡིན་ཡང་། ཀུན་སློང་གཙང་མའི་སྟོབས་ཀྱིས་རིའི་རྒྱལ་པོ་རི་རབ་ཁྲི་སྟོང་ལས་ལྷག་པ་ཡིན།ཕུང་པོ་ནི་རྡུལ་གྱི་ཆ་ཙམ་ལས་མ་འདས་ཤིང་། ངལ་དུབ་ཀྱི་ཁྲོད་ནས་འཇིགས་སླ་བ་ཡིན། རྣམ་ཤེས་ཀྱི་རྒྱུན་མཐུད་པ་ནི་མིའི་རིགས་ཀྱི་ནུས་པ་བླ་ལྷག་དེ་ཡིན་ལ་རྣམ་ཤེས་ལ་ཆགས་གནས་རྙེད་ན། དེ་ནི་མི་ཚེ་གཅིག་རིང་རེ་འདོད་བྱས་པའི་མདུན་མ་དེ་སྐད་ཅིག་མར་མངོན་འགྱུར་བྱུང་བ་ཡིན།

  འགྲོ་བ་མིའི་གཅིག་མཐུན་རང་བཞིན་དང་རིག་གནས་ཀྱི་སྣ་མང་ཁྱད་ཆོས་དབར་འགལ་བ་མེད་དེ། མིའི་རིགས་ཀྱི་འཚར་ལོངས་བརྒྱུད་རིམ་དེ་ནི་རིག་གནས་འཕེལ་རྒྱས་ཀྱི་གོ་རིམ་ཡིན་ཞིང་། མིའི་ལུས་ཁམས་ཀྱི་འཕེལ་འགྱུར་དང་ཤེས་རིག་གི་ཡར་ཐོན་ནི་དུས་ཚོད་དང་བར་སྟོང་གི་མཚན་ཉིད་ཡིན། མི་རིགས་མི་འདྲ་བར་རིག་གནས་མི་འདྲ་བ་ཡོད། རང་ཚུགས་རང་རྟོན་དང་རང་རང་གི་མཛེས་སྡུག་བཞད་ཚེ་མཛེས་སྡུག་དངོས་དེ་ཡིན་ལ། དད་མོས་མི་འདྲ་བར་གོམས་སྲོལ་མི་འདྲ་བ་ཡོད་ཅིང་། ཕན་ཚུན་བརྩི་འཇོག་དང་ལྟ་ན་འདོད་ཅིང་སྙིང་དུ་སྡུག་གོ། མཐུན་པ་མཉམ་འཛིན་དང་མི་མཐུན་སོར་འཇོགཕན་ཚུན་ཁོང་ཡངས་བྱས་ཚེ་གཞི་ནས་མཛེས་སྡུག་ལྡན་པའི་མེ་ཏོག་མཉམ་བཞད་དང་གནམ་འོག་གི་སྤྱི་སྙོམས་ཆེན་པོ་ཡོང་ལ།འཛམ་བུ་གླིང་འདི་ཡང་མཛེས་སྡུག་ཕུན་ཚོགས་སྟོང་ལྡན་དང་འཆམ་མཐུན་བདེ་ལྡན་འབྱུང་ངེས་རེད། འཛམ་གླིང་ཐོག་གི་བྱ་དངོས་ནི་སྐད་ཅིག་ཙམ་ལའང་འགྱུར་འགྲོ་ཞིང་། ཚང་མ་སྐད་ཅིག་ཏུ་བྱུང་བ་ཞིག་ཡིན་མོད། འོན་ཀྱང་བྱ་བ་དང་དངོས་པོའི་འགྱུར་ལྡོག་གི་ཁྲོད་དུ་འགྱུར་མེད་ཀྱི་སྣང་ཚུལ་ཡང་གནས་ཡོད། ཕར་བལྟས་ན་བྱ་དངོས་གང་ཞིག་ཡིན་རུང་རྫོགས་མཐའ་མེད་པ་ཞིག་ཡིན། ཁོག་ནང་དུ་ཡངས་ཤིང་རྒྱ་ཆེ་བའི་བློ་དང་རྟོགས་པ་ཞིག་ཡོད་ན། ཚད་ཡོད་ཀྱི་མི་ཚེའི་ལམ་བུར་དབུགས་རིང་འབྱིན་པའི་དགོས་པ་མེད་དོ།།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།