ཕྱིར་དྲན་ཁྲོད་ཀྱི་སློབ་གྲོགས།

——བཞུད་སྔ་བའི་སློབ་གྲོགས་ཁོ་བསྟན་ལགས་ལ།

1

གོ་སྐབས་ཡག་པོ་ཞིག་གིས་ང་རང་པེ་ཅིན་དུ་ཡོད་པའི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་བོད་དབྱིན་འཛིན་གྲྭར་ལོ་ངོ་གཅིག་རིང་སློབ་གཉེར་བྱེད་པའི་སྐལ་བ་ལྡན་སོང་། འཛིན་གྲྭ་དེ་ནི་བོད་ཀྱི་གེ་སར་རིག་གནས་ཞིབ་འཇུག་པ་རྒན་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་གཙོ་སྐྱོང་མཛད་ཅིང་། གཙོ་བོ་གཞི་རིམ་གྱི་བོད་རིགས་སློབ་གཉེར་པར་དམིགས་ནས་དབྱིན་ཇིའི་སྐད་ལ་རྨང་གཞི་འཇོག་སའི་འཛིན་གྲྭ་ཞིག་ཡིན། དེ་ནི་ཉིས་སྟོང་བཞི་ལོའི་སྤྱི་ཟླ་དགུ་པའི་ཚེས་པ་བཅུ་ཡས་མས་ཤིག་ལ་རེད། མེ་འཁོར་ལ་ཐེངས་དང་པོ་བསྡད་པའི་ང་རང་པེ་ཅིན་གྱི་མེ་འཁོར་འབབ་ཚུགས་སུ་ཐོན་པ་ན། སྔར་མཐོང་མ་མྱོང་བའི་མི་ཚོགས་མང་པོའི་དཀྱིལ་ནས་ཤར་ལྷོ་ནུབ་བྱང་གི་ཁ་ཕྱོགས་ཀྱང་གསལ་པོར་མ་ཤེས་པར་བྲེལ་འཚབ་དང་བཅས་ལངས་སྡོད་པའི་སྐབས་སུ། ངའི་ཨ་ཕ་ལགས་ཀྱིས་ཁོང་གི་ངོ་ཤེས་ཤིག་ལ་སྔོན་མ་ནས་ཁ་པར་གྱི་ལམ་ནས་འབྲེལ་བ་བྱས་ཡོད་པའི་ཕ་ཡུལ་གཅིག་པའི་རེབ་གོང་གི་གྲོགས་པོ་ཞིག་སྔ་མོ་ནས་བསུ་རུ་ཡོང་ཡོད་པ་དང་འཕྲད་པས་དགའ་ཚོར་ཆེན་པོ་སྐྱེས་ཤིང་བྲེལ་འཚབ་དེ་ཡང་སྐད་ཅིག་གིས་འཇགས་སོང་། དེ་ནས་ཅང་མ་འགོར་བར་ཁོག་སྟོད་ལ་ཕུ་ཐུང་དཀར་པོ་གྱོན་ཞིང་ཁོག་སྨད་ལ་གླང་རྫིའི་དོར་མ་དང་མགོ་ལ་ཞྭ་མོ་མཆུ་རིང་གྱོན་པ། སྨ་ར་དང་ཨག་ཚོམ་ཐར་ཐོར་བཞག་ཡོད་པའི་གསར་བུ་ཞིག་ཐད་ཀར་ངའི་མདུན་དུ་ཡོང་ནས་ལག་པ་སྲིང་ཞོར་དུ། ཁྱོད་བདེ་མོ། ཁྱོད་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་བོད་དབྱིན་འཛིན་གྲྭར་ཞུགས་པའི་སློབ་མ་ཞིག་རེད་པཱ་ཞེས་བོད་སྐད་ཧ་ཅང་དག་མོ་སྙན་མོ་ཞིག་ལབ་བྱུང་བས་ང་རང་སྔར་ལས་ཀྱང་དགའ་སྤྲོ་གནོན་མི་ཐུབ་པ་ཞིག་སྐྱེས་བྱུང་། དེ་ནས་ང་ཚོ་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་སློབ་གྲྭའི་ཕྱོགས་སུ་ཆས། ལམ་བར་ནས་ངས་གྲོགས་པོ་གསར་པ་གཉིས་ལ་ང་རང་མཚམས་སྦྱོར་ཐུང་ཐུང་ཞིག་བྱས་རྗེས་གསར་བུ་ཁོས་ཀྱང་ཁོ་རང་མཚམས་སྦྱོར་བྱས་སོང་། ཁོས་བཤད་རྒྱུར་ཁོ་རང་པེ་ཅིན་ནས་ལོ་ཁ་ཤས་ཤིག་ལ་བསྡད་མྱོང་བ་དང་སྒེར་གྱི་ལས་ཀའི་ཞོར་ནས་སློབ་གྲྭ་དེ་རུ་དབྱིན་ཇིའི་སྐད་ཡིག་ལ་སྦྱོང་ཁུལ་ཙམ་བྱེད་བཞིན་ཡོད་པ། ཁོའི་ཕ་ཡུལ་ནི་ཨ་མདོ་བླ་བྲང་ཁོ་ཚེ་ནས་ཡིན་པ་དང་མིང་ལ་བསྟན་པ་ཞེས་འབོད་པ། པེ་ཅིན་ནས་གཟན་ཤམ་གྱོན་ན་སྟབས་བདེ་མ་ཡིན་པས་གནས་སྐབས་སུ་གྲོང་ལྭ་གྱོན་ཡོད་པ་མ་གཏོགས་ཁོ་རང་གྲྭ་བཙུན་དཀྱུས་མ་ཞིག་ཡིན་ཞེས་བོད་སྐད་སྙན་མོ་ཡི་ལམ་ནས་ངོ་སྤྲོད་བྱས་བྱུང་བས་ཧ་ཅང་ཐག་ཉེ་ཐག་ཉེ་ཡི་ཚོར་བ་ཞིག་ག་ལེར་སྦྱིན་སོང་། ཁོའི་རོགས་རམ་འོག་ཏུ་སློབ་གྲྭ་རུ་ལས་སླ་བོའི་སྒོ་ནས་འབྱོར་ཐོ་ཆ་ཚང་བཀོད་ཅིང་བོད་ཡུལ་གྱི་ལུང་པ་གཞན་ནས་ཐོན་པའི་སློབ་གྲོགས་གཞན་པ་དག་ལའང་ཁོས་སྔར་ལྟར་གང་ཐུབ་ཅི་ཐུབ་ཀྱིས་རོགས་པ་བརྒྱབ་ནས་བདེ་བླག་ངང་འབྱོར་ཐོ་བཀོད་པས། ཕྱི་དྲོ་གཅིག་གི་རིང་ལ་ང་ཚོ་ནི་ཡུན་རིང་ལ་འགྲོགས་ཤིང་འདྲིས་པའི་གྲོགས་པོ་རྙིང་པ་ལྟ་བུ་ཞིག་ཏུ་ཆགས་སོང་། དེ་ནས་བཟུང་ངས་ཁོ་ལ་ཨ་ཁུ་བསྟན་པ་ཞེས་བོས་ཤིང་། ལྷ་ས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་ནས་ཐོན་པའི་སློབ་གྲོགས་ཉི་ཤུ་ལྷག་གིས་ཀྱང་ཨ་ཁུ་བསྟན་པ་ཞེས་འབོད་བཞིན་ཡོད།

2

དགའ་ཁ་དང་འཁྱེར་ཕྱོགས་མང་པོ་ཞིག་གིས་ང་ཚོ་ནམ་རྒྱུན་མགོ་འདུས་བརྒྱབ་ནས་ཡོད་ཅིང་། ལྷག་པར་དུ་ཨ་ཁུ་བསྟན་པས་རྩ་འཛུགས་བྱས་པའི་སྤོ་ལོའི་འགྲན་སྡུར་དང་། དབྱིན་སྐད་སྦྱོང་བརྡར། གླུ་དབྱངས་མཉམ་ལེན། པེ་ཅིན་གྱི་ས་གནས་གྲགས་ཅན་ཀུན་ལ་འཁྱམ་ཉུལ་དུ་སོང་བ་སོགས་ཀྱིས་ང་ཚོའི་ལྟ་རྒྱ་དང་ཐོས་རྒྱ་ཇེ་ཆེར་སོང་ལ། ཕ་ཡུལ་དང་གཉེན་ཉེ་དྲན་པའི་གདུང་བ་རྒྱང་དུ་སྤྱུགས་ཤིང་སློབ་གླིང་དེའི་ཟུར་དུ་ཉམ་ཆུང་གིས་ཡོད་པའི་བོད་དབྱིན་འཛིན་གྲྭའི་སློབ་གྲོགས་རྣམས་ཀྱི་བློ་སེམས་ཨ་ལོང་བཞིན་སྦྲེལ་ཞིང་སྤྱི་ཚོགས་ཚན་རིག་གླིང་གི་སློབ་ར་ལའང་སྔར་མེད་པའི་མཛེས་སྡུག་ཅིག་གིས་བརྒྱན་པར་བྱས། དྲང་མོར་བཤད་ན་སྐབས་ཐོག་དེར་ངས་ཡིག་སྡེར(u盘)ཟེར་བ་ནི་བཟའ་རྒྱུ་འཐུང་རྒྱུའི་རིགས་ཤིག་ཡིན་ལས་ཆེ་སྙམ་ནས་ཅི་ཡང་ཤེས་ཀྱི་མེད་པའི་དུས་སུ། ཨ་ཁུ་བསྟན་པ་རྩིས་འཁོར་ལ་རང་སྦྱོང་མི་ཉུང་བ་སོང་ཡོད་ལ་པར་ལེན་དང་བརྙན་ཕབ་ཀྱི་ལག་རྩལ་ཡང་ཧ་ཅང་བཟང་། འཛིན་གྲྭའི་ནང་བྱ་འགུལ་ཆེ་ཆུང་གང་ཞིག་སྤེལ་དུས་ཁོས་རང་འགུལ་སྒོས་རང་གི་ནུས་པ་ཁོ་ནར་བརྟེན་ནས་བརྙན་ཕབ་དང་སྒྲིག་བཟོ་བྱས་ནས་འོད་སྡེར་སྣ་ཚོགས་ཕབ་སྐྲུན་བྱས་ཡོད། ད་ལྟ་ཕྱིར་འདང་བརྒྱབ་ན་སྐབས་དེ་དུས་ནས་ཁོ་རང photo shop ཟེར་བའི་མཉེན་ཆས་དེ་བསྣོགས་པར་བྱང་ཆ་ཧ་ཅང་ཆེན་པོ་འདུག ཕོ་ལོ་ཉི་ཤུ་ལྷག་ལས་སོན་མེད་པའི་གྲྭ་བཙུན་ཞིག་བོད་རང་གི་རིག་གནས་ལ་སྦྱངས་པ་སྔོན་དུ་སོང་པ་བཤད་མ་དགོས་པའི་ཁར། རྒྱ་སྐད་ཀྱིས་ཀྱང་འགྲོ་འདུག་ཐུབ་ཅིང་དབྱིན་སྐད་ཀྱང་ཅུང་ཟད་ཤེས་པ། དེ་ལས་གཞན་པའི་དེང་རབས་ཀྱི་ལག་ཆ་སྣ་ཚོགས་ལ་འཇུག་པ་ཡངས་པ་ཞིག་སྐབས་ཐོག་དེར་མང་པོ་ཞིག་ཕལ་ཆེར་ཡོད་ཁག་པོ་རེད། དེ་བས་ཀྱང་ཁོའི་དགའ་ཕྱོགས་ཆེ་ཤོས་དེ་ནི་སྒྲ་སྙན་རྡུང་ལེན་ཡིན་ལ་དུས་རྒྱུན་མལ་ཁང་གི་གྱང་ངོས་སུ་བཀལ་བའི་སྒྲ་སྙན་དེ་ལག་ཏུ་ལེན་ཐེངས་རེར་ཕ་ཡུལ་གྱི་རི་ཆུ་ནགས་གསུམ། རྩྭ་ཐང་དང་ཞིང་ཁ། སྦྲ་ནག་དང་རི་སྡེ་སོགས་སྐད་ཅིག་གིས་མལ་ཁང་དུ་དྲུད་ཡོང་ངོ་།། ང་རང་ཆེས་ཉན་ལོབས་སུ་སོང་བའི་ཁོའི་རྡུང་ལེན《སྐལ་བཟང་ལྷ་མོ》ཞེས་པ་དེར་ཉན་ཐེངས་རེར། ཁོ་ལ་སྐད་ཆེན་པོ་མེད་ན་ཡང་ལྷོད་ཅིང་བདེ་བའི་ངག་གི་འགྱུར་ཁུགས་ལས་བཞུར་བའི་སྙན་འཇེབས་ཀྱི་དབྱངས་རྟ་དང་དག་ཅིང་གསལ་བའི་ཚིག་འབྲུ་རེ་རེའི་ཁོང་གསེང་ནས་ཕ་ཡུལ་དང་མི་རིགས་ལ་བཅངས་པའི་བརྩེ་བ་དང་དུངས་ཞེན་རྣལ་མ་ཞིག་ཆུ་མིག་ལྟར་བརྡོལ་ཡོང་བས། རང་ཉིད་རྡུང་ལེན་དང་ངོ་བོ་གཅིག་ཏུ་འདྲེས་པ་ལྟ་བུའི་སྒྱུ་རྩལ་གྱི་ཁམས་ཆེན་པོ་དེས་ང་ཚོ་མྱོང་རོལ་བྱེད་མཁན་མང་པོ་ཞིག་གི་སེམས་ལ་གསུབ་ཐབས་བྲལ་ཞིང་དོན་སྙིང་ལྡན་པའི་བག་ཆགས་ཀྱི་རི་མོ་སྣ་ཚོགས་བསྒོས་ཡོད། དེ་དུས་ད་དུང་ང་རང་གཙོ་བྱས་པའི་སློབ་གྲོགས་མང་པོ་ཞིག་ལ་གོམས་སྲོལ་འདི་ལྟ་བུ་ཞིག་ཀྱང་ཆགས་ཡོད་དེ། དགོང་སྦྱོང་གྲོལ་ནས་མལ་ཁང་དུ་ཐོན་ཚེ་ཁོ་ལ་རྡུང་ལེན་ལེན་པའི་རེ་སྐུལ་ཞུ་བཞིན་ཡོད་ལ་གལ་ཏེ་ཁོའི་རྡུང་ལེན་ལ་ཐེངས་གཅིག་མ་ཉན་ན་གཉིད་མི་ཁུག་པའི་ཚད་ལྟ་བུ་ལ་ཐོན་ཡོད།

3

ཨ་ཁུ་བསྟན་པ་ནི་རིགས་ཞེན་ཆེ་ཞིང་འཇོན་ཐང་ཅན་གྱི་སློབ་གྲོགས་ཤིག་ཡིན། སློབ་རའི་ག་ས་གང་དུ་ཁོས་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་ལྟ་སྤྱོད་སྣ་ཚོགས་བསྟན་དང་སྟོན་བཞིན་འགྲོ་ལ། མི་རིགས་གཞན་གྱི་སློབ་མ་དང་བགྲོ་གླེང་བྱེད་པའི་གོ་སྐབས་སོགས་རེག་ཚེ་རང་གི་རིག་གནས་ཀྱི་ཁྱད་ཆོས་དང་དགེ་མཚན་སོགས་ཅི་ཐུབ་གང་ཐུབ་ཀྱིས་འཆད་པར་སྤོབས་ཤིང་། ཐ་ན་རྒྱ་སྲང་དང་ཁྲོམ་ར། ཟ་ཁང་དང་སྤྱི་གླིང་རྣམས་སུའང་སྐད་ཆེན་པོས་བོད་གླུ་ལེན་ཞིང་གོམ་ཆེན་པོས་བོད་བྲོ་ལྡིང་ནས་འགྲོ་མཁན་ཞིག་ཡིན། ད་དུང་པར་རྒྱག་པ་དང་བརྙན་ཐུང་ཕབ་སྐྲུན་སོགས་ཀྱི་ལམ་ནས་སློབ་གྲོགས་རྣམས་ཀྱི་ལྟ་ཚུལ་དང་རེ་སྨོན། མ་འོངས་པའི་འཆར་གཞི། སྤྲོ་ཚོགས་ཆེ་མ་ཆུང་གསུམ་གྱི་རྣམ་པ་དང་བརྗོད་དོན་སོགས་བསྡུ་ཉར་བྱས་ཏེ་རང་འགུལ་གྱིས་གོ་རིམ་ཡོད་པ་དང་ཆ་ཚང་བར་བཟོས་ནས་ཕྱིར་སློབ་གྲོགས་རེ་རེ་ལ་གཟིགས་འབུལ་བྱེད། གཏན་ནས་བརྗེད་རྒྱུ་མེད་པ་ཞིག་ལ་ལོ་དེའི་དཔྱིད་སྟོན་དུས་ཆེན་གྱི་དགོང་ཚོགས་སྐབས་སུ། ཨ་ཁུ་བསྟན་པས《ཕ་ཡུལ་རྨ་ཆུ》ཞེས་པའི་གླུ་དབྱངས་ཤིག་བླངས་པར་ངེད་ཚོས་ཞབས་བྲོ་འཁྲབ་ནས་རམ་འདེགས་བྱས་ཤིང་། ངེད་གཉིས་ཀྱིས་ད་དུང《ཙོང་ཁ་པ》ཞེས་པའི་རྡུང་ལེན་ཞིག་ཀྱང་བླངས་པས་དེར་ཡོད་ཀྱི་བསླབ་གནས་འབུམ་རམས་པ་ཡིན་པའི་མི་རིགས་གཞན་གྱི་སློབ་གྲོགས་ཡོངས་ཀྱི་དགའ་བསུ་ཚད་མེད་ཐོབ་ཅིང་། མཚོ་སྔོན་དུ་བོད་རིགས་ཡོད་པ་ད་ཐེངས་ཐོག་མར་ཤེས་པ་ཡིན་ཟེར་མཁན་གྱི་མི་ཡང་འགའ་རེ་བྱུང་། ང་ནི་ཉིན་དེར་གར་སྟེགས་སྟེང་ལ་ཁོའི་འགྲོ་རོགས་ཙམ་དང་ལངས་རོགས་ཙམ། ཁ་འགུལ་རོགས་ཙམ་ལས་ཅི་ཡང་ཉན་མེད་མོད། ངོ་ལ་འཛུམ་མདངས་ནི་སྐྲག་ཐག་ཆོད་པ་ཞིག་ལངས་ཡོད་པས་ལྟད་མོ་པ་ཚོར་དགོད་ཁ་མི་འདྲ་བ་ཞིག་བསླངས་ཡོད་ངེས། གཞན་སློབ་མཐར་ཕྱིན་རྗེས་སུ་རྡུང་ལེན་གྲགས་ཅན《མཆོད་པ》ཞེས་པ་དང་འབྲེལ་ཁོ་དང་ཁ་བརྡ་བྱས་པ་བརྒྱུད་དུས་རྒྱུན་གཞས་ཚིག་འབྲི་བ་དང་སྙན་ངག་འབྲི་བ་ནི་སྐབས་དེའི་ཁོའི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཟེར་ཡང་སྐབས་ཐོག་དེར་དངོས་གནས་དོ་སྣང་ཆེན་པོ་བྱུང་མ་སོང་། གང་ལྟར་ཨ་ཁུ་བསྟན་པ་ནི་གླེང་རིན་ཡོད་པའི་སློབ་གྲོགས་འཇོན་ཐང་ཅན་ཞིག་ཡིན།

4

སློབ་མཐར་ཕྱིན་རྗེས་སློབ་གྲོགས་ཚོ་རང་རང་སར་ཕྱིན་པ་རེད། དེ་ནས་བཟུང་ཕན་ཚུན་བར་འབྲེལ་བ་ཡང་ཆེན་པོ་བྱས་མྱོང་མེད། དེ་ནི་ཕལ་ཆེར་ཉིས་སྟོང་དྲུག་གི་གཡས་གཡོན་ཞིག་ལ་ཡིན་པ་འདྲ། གསལ་པོ་ཞིག་ཡིད་ལ་མི་དྲན་མོད་ཨ་ཁུ་བསྟན་པས་ང་ལ་གློ་བུར་དུ་འབྲེལ་བ་བྱས་བྱུང་། རྒྱུ་མཚན་ནི་རེབ་གོང་ཁུལ་ཐོག་ཏུ་རྡུང་ལེན་འགྲན་ཚོགས་ཤིག་སྡུད་གིན་ཡོད་པས་ཁོ་རང་དེའི་འགྲན་ཞུགས་པ་ཡིན་ཟེར། ངེད་བཟའ་ཟླ་གཉིས་ཀྱིས་རེབ་གོང་ཁུལ་ཐོག་ཏུ་གནས་སྐབས་སུ་གླས་ནས་སྡོད་པའི་ཁང་མིག་གྱན་གཉིས་ཡོད་པ་དེ་རུ་སློབ་གྲོགས་ཁོ་དང་ལྷན་འཛོམས་བྱུང་།

ཧ་ཅང་དགའ་སྤྲོ་ཆེན་པོས་ཁ་བརྡ་འདྲ་མི་འདྲ་མང་པོ་བྱས་རྗེས་ད་གཟོད་ཤེས་རྟོགས་བྱུང་བ་ནི་ད་ལྟ་ཁོའི་མིང་ལ་ཨ་ཁུ་བསྟན་པ་མ་ཡིན་པར་ཁོ་བསྟན་ཞེས་འབོད་དགོས་པ་དང་ལུས་ལ་གྱོན་པའི་གྲོང་ལྭ་དེ་ཡང་སྔོན་ལྟར་བརྗེ་རེས་བྱས་ནས་འཕུད་དགོས་མི་འདུག་པར་གཏན་གྱོན་བྱས་ཆོག་པ་དེ་རེད། ཡིན་ནའང་གློ་བུར་བའི་འགྱུར་ལྡོག་དེས་ང་ལ་ཚོར་བ་ཆེན་པོ་མ་བྱིན་ཡང་ཁོའི་མ་འོངས་པའི་འཆར་གཞི་དང་ཕུགས་བསམ་གྱིས་ང་ལ་ཚོར་བ་ཐུན་མོང་མ་ཡིན་པ་ཞིག་བྱིན། ཨ་མདོའི་རྡུང་ལེན་སྒྱུ་རྩལ་གྱི་ད་ལྟའི་གནས་བབ་དང་། མ་འོངས་པའི་འཕེལ་རྒྱས་ཀྱི་ལམ་ཁ། རྡུང་ལེན་སྒྱུ་རྩལ་གྱིས་བོད་རིགས་མི་དམངས་ཡོངས་ལ་ཞབས་འདེགས་ག་འདྲ་ཞིག་བསྒྲུབས་དང་བསྒྲུབ་འགྱུར་གྱི་ཁ་བརྡ་ཡིས་དངོས་གནས་བསམ་བློ་ཁྱད་པར་བ་མང་པོ་བསྟན་སོང་། ཕྱི་ཉིན་རེབ་གོང་གི་གློག་བརྙན་ཁང་ནས་རྡུང་ལེན་འགྲན་སྡུར་རྒྱ་ཆེན་ཞིག་སྤེལ་ཞིང་། དེའི་སྟེང་ནས་ཁོས་བླངས་པའི་རྡུང་ལེན་གྱིས་བྱ་དགའ་ཨང་དང་པོ་རེག་པ་དང་བྱ་དགའི་ཟོང་ལ་ཚོན་མདོག་བརྙན་འཕྲིན་འཕྲུལ་ཆས་ཆེན་པོ་ཞིག་འཐོབ་བྱུང་། ད་ནི་གསལ་པོ་ཞིག་ཡིད་ལ་མི་དྲན་མོད་ཁོའི་རྡུང་ལེན་གྱི་ཁ་བྱང་ལ་ཕལ་ཆེར《ང་འགྲོ་རྒྱུ་ཡིན》ཞེས་པ་ཞིག་ཡིན་པ་འདྲ། གང་ལྟར་རེབ་དེ་ནི་ཁོ་རང་རྡུང་ལེན་འགྲན་སྡུར་ཞིག་ལ་ཞུགས་པ་ཐེངས་དང་པོ་ཡིན་ནམ་སྙམ། དེ་ནས་བཟུང་སྒེར་ངོས་ནས་འབྲེལ་བ་བྱས་པ་ཧ་ཅང་ཉུང་ཡང་ཁོ་བསྟན་ཞེས་པའི་མིང་འདི་གྲགས་ཐེངས་ཇེ་མང་ནས་ཇེ་མང་ཡིན་པས། ཁོའི་ལྟ་ཚུལ་དང་བསམ་བློ་སོགས་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ལེན་གྱིས་ར་སྤྲོད་བྱེད་ཀྱི་ཡོད་པ་ཤེས་ཐུབ་བོ། །

5

དེའི་རྗེས་ནས་ངེད་གཉིས་རེབ་གོང་ནས་ཐེངས་གསུམ་བཞི་ཙམ་ལ་ཐུག་མྱོང་ཡོད་ལ། དེ་ནི་ཁོས་ཉིས་སྟོང་བདུན་ལོར་བླ་བྲང་དུ་གངས་སྒྲ་བརྙན་ལས་སྒྲུབ་ཁང་ཞིག་བཙུགས་ཡོད་པ་དེའི་མིང་ཐོག་ནས་རེབ་གོང་དུ་བོད་ཀྱི་གླུ་བ་གླུ་མ་ཕལ་ཆེར་ཞིག་གདན་ཞུས་གནང་ཡོད་པའི་རིག་རྩལ་དགོང་ཚོགས་རྒྱ་ཆེན་ཞིག་བསྡུས་ཤིང་། དགོང་ཚོགས་ཕྱི་ཉིན་ཡོན་ལུང་མགྲོན་ཁང་ཟེར་བའི་སུམ་ཐོག་གི་ཚོགས་འདུ་ཁང་ནས་གཞི་རྒྱ་ཆེ་བའི་བོད་གཞས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་པ་དེའི་བྱ་བའི་དགོས་མཁོའི་དབང་གིས་རེད། འོ་རེད། དེ་མིན་ད་དུང་སྐབས་དེ་ཙམ་ལ་ཁོའི་དུངས་བརྗོད་སྙན་ངག་རིང་མོ《རྨ་ཁྲག་གི་བཞུར་སྒྲ》ཞེས་པའི་དེབ་གཟུགས་དང་ཉེ་ལམ་ཁོས་བླངས་པའི་རྡུང་ལེན་དག་ཕྱོགས་བསྒྲིགས་བྱས་པའི་འོད་སྡེར་ཞིག་ཀྱང་སྐྱེས་སུ་གནང་བྱུང་། ངས་སྐོམ་པ་ཆུ་འདོད་ལྟར་འོད་སྡེར་དེའི་མགོ་ནས་མཇུག་བར་ནན་ཏན་གྱིས་བལྟས་ལ་ལྷག་པར་དུ་དེའི་ཁྲོད་ཀྱི་རྡུང་ལེན་རྗེ་རིན་པོ་ཆེས་མཛད་པའི《དབྱངས་ཅན་མའི་བསྟོད་པ》ཡིས་ངའི་ཡིད་དབང་རབ་ཏུ་ཕྲོགས་པས་སྐབས་ཐོག་དེར་རང་སྦྱོང་ཐེངས་མང་བྱས་ཤིང་། དེའི་རྗེས་ནས་ས་གང་ལ་སོང་ཡང་ཡུལ་གང་ནས་བསྡད་ཀྱང་རྡུང་ལེན་དེ་དབང་མེད་དུ་ལེན་དགོས་པ་ཞིག་ཏུ་ཐུག་འགྲོ། ཁ་སང་དེ་རིང་ཡང་ངས་ལེན་ཤེས་པའི་གླུ་དབྱངས་གཅིག་ཡོད་དེ། དེ་ནི་དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་མ་འདི་ཡིན། ཉེ་བའི་ཟླ་འགའི་སྔོན་ལའང་ངས་སྐད་འཕྲིན་ལམ་ནས་ཁོ་བསྟན་ལ་ཀུ་རེ་བརྩེས་པ་ཡིན། རྗེས་མ་ཁོམ་དུས་ཤིག་ལ་འུ་གཉིས་ཀྱིས་རྡུང་ལེན་འདི་བླངས་ནས་སུ་ངར་ལ་ཅིག་བལྟ་ཞེས་བཤད་པ་ཡིན། ཡིན་ནའང······།

6

སློབ་མཐར་ཕྱིན་རྗེས་ཀྱི་མི་ལོ་བཅུ་དྲུག་ལྷག་གི་རིང་ལ། སློབ་གྲོགས་ཚོས་རང་རང་ས་རུ་སོ་སོའི་ཤེས་ཚོད་ནུས་ཚོད་ཀྱིས་ལས་ཀ་ལས་ཏེ་འཚོ་བ་རོལ་བཞིན་ཡོད། འགའ་ཤས་ཤིག་ཨ་རི་དང་དབྱིན་ཇི་སོགས་སུ་གནས་སྡོད་བྱས་ཡོད་པ་དང་རེ་གཉིས་ཤིག་ལ་ད་བར་དུ་འབྲེལ་བ་བྱས་མ་མྱོང་ལ་འབྲེལ་ལམ་ཡང་མི་ཤེས། ཡིན་ནའང་ཁོ་བསྟན་ནི་ཕར་འབྲེལ་བ་མ་བྱས་ཀྱང་དྲ་ལམ་དང་བརྙན་ལམ་ནས་ཚུར་མིག་ལམ་དང་རྣ་ལམ་ལ་ཉིན་རྒྱུན་དུ་ཐོན་ཡོང་བ་ཞིག་རེད། ཉེ་བའི་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་ཁོས་བླངས་པའི་རྡུང་ལེན་དང་། ཁོས་བྲིས་པའི་གཞས་ཚིག ཁོས་བརྩམས་པའི་གཞས་དབྱངས། ཁོས་བཙུགས་པའི་རོལ་ཚོགས། ཁོས་བསྐྲུན་པའི་བརྙན་སྡེར། ཁོས་གླེང་བའི་དཔྱད་བརྗོད་སོགས་ཀྱིས་བོད་རིགས་རྒན་དར་གཞོན་གསུམ་གྱི་སེམས་སུ་གསུབ་ཏུ་མེད་པའི་གཏམ་རྒྱུད་སྣ་ཚོགས་ཤིག་བཞེངས་སྐྲུན་བྱས་ཡོད། དེ་བས་ཁོ་རང་འདི་ལྟར་བཞུད་སྔ་བ་ཡིས་རིགས་མཐུན་སྤུན་ཟླ་གྲངས་མེད་ཅིག་ལ་ཕངས་སེམས་བླ་ལྷག་སྐྱེས་པའང་རྒྱུ་མཚན་ཡོད་པ་རེད། སྔོན་མར་དགེ་རྒན་ཞིག་གི་གཏམ་བཤད་ཀྱི་ཁྲོད་དུ་སྐད་ཆ་འདི་འདྲ་ཞིག་འགྲོ་བཞིན་ཡོད་དེ། ནང་དོན་ཕལ་ཆེར་ནི་མི་ཞིག་གི་མི་ཚེ་ལ་རིན་ཐང་ཡོད་མེད་ནི་མི་དེ་འདས་པའི་ཚེ་ན་ཤེས་ཐུབ་སྟེ། གལ་ཏེ་མི་ཞིག་འདས་གྲོངས་སུ་སོང་རྗེས་མི་རྣམས་ཀྱིས་ཧ་ལས་པའི་སྒོ་ནས། ཕངས་སེམས་དང་བཅས་ཏེ། ད་མ་བཟང་ཐལ་ཟེར་བ་ཡིན་ན་མི་དེས་རང་གི་མི་ཚེའི་རིན་ཐང་མངོན་འགྱུར་བྱས་ཐུབ་སོང་བའི་རྟགས་ཡང་དག་ཡིན་པ་དང་། ཡང་དེ་ལས་ལྡོག་སྟེ་ཇི་མི་སྙམ་པ་དང་སྣང་མེད་ཀྱི་རྣམ་པ་མངོན་ཚེ་མི་དེའི་མི་ཚེར་རིན་ཐང་ཆེན་པོ་མེད་པའི་རྟགས་རེད་ཟེར་བ་ཇི་བཞིན། ཁོ་བསྟན་འདས་གྲོངས་སུ་སོང་བའི་གཏམ་ངན་དེས་མི་མང་པོར་བློ་འགྱོད་ཆེན་པོ་སྐྱེས་ཀྱིན་ཡོད་པ་ནི་ཁོ་བསྟན་གྱིས་ཧ་ཅང་ཐུང་བའི་མི་ལོ་བཞི་བཅུའི་ཡུན་ལ་མི་སེམས་ལ་རིན་ཐང་ཆེ་བའི་གཟུགས་མེད་ཀྱི་དྲན་ཤིང་ཞིག་བཞག་ཡོད་པ་གསལ་པོ་ཤེས་ཐུབ།

7

སློབ་གྲོགས་ལགས། ང་ཚོ་སློབ་གྲོགས་ཡིན་དུས་ཀྱི་གཏམ་རྒྱུད་ཙག་ཙིག་ནི་ང་ཚོ་སློབ་མཐར་ཕྱིན་རྗེས་ཀྱི་ཁྱེད་ཀྱི་ལས་ཀ་རླབས་ཆེན་དག་དང་བསྡུར་ན་གླེང་རིན་མེད་པ་ཞིག་ཡིན་ཡང་། ཁྱེད་རང་འདི་ལྟར་གློ་བུར་མ་ཡིན་ལ་གློ་བུར་ཡིན་པའི་ངང་བཞུད་པ་སྔ་དྲགས་པ་ཡིས་ང་རང་དབང་མེད་དུ་ཕྱིར་དྲན་གྱི་འཚོ་བའི་ཀློང་ལ་ཐེངས་གཅིག་མི་ཉུལ་ཀ་མེད་བྱུང་སོང་། ཁྱེད་ཀྱིས་མི་རིགས་རང་གི་རིག་གནས་ཀྱི་ཆ་ཤས་ཤིག་ལ་འདི་ལྟར་ཤི་འཐམ་རོ་འཐམ་གྱིས་བདག་པོ་བརྒྱབ་པ་དང་ནུས་ཤུགས་བཏོན་པ་ནི་ཅི་འདྲའི་རླབས་ཆེན་ཞིག་རེད་ཨང་། གལ་ཏེ་ང་ཚོ་ཚང་མར་ཡང་ཁྱོད་ཀྱི་བསམ་བློ་དང་སྙིང་སྟོབས་དེ་ལྟ་བུ་ཞིག་ཡོད་པའི་དབང་དུ་བཏང་ནས། རྒས་མདོག་དང་མཁས་མདོག ཆེན་པོ་དང་ཟབ་མོ་ཞིག་ལ་འཇུག་ཁུལ་གྱི་ཚུལ་འཆོས་དག་དོར་ནས་རང་ལ་འཚམ་པ་དང་རང་གིས་ནུས་པའི་ཆ་ཤས་ཤིག་ལ་བརྩོན་ཐུབ་ན་རེ་བ་དང་རྒྱལ་ཁ་ནི་དེ་ལས་ལྷག་པ་ཞིག་གང་ན་ཡོད། རིན་ཐང་ཡང་དེ་ལས་ཆེ་བ་ཞིག་གང་ན་ཡོད།

8

སློབ་གྲོགས་ལགས། ང་ཚོ་སློབ་མཐར་ཕྱིན་རྗེས་ཀྱི་ཁྱེད་ཀྱི་གཏམ་རྒྱུད་བྱེ་བྲག་པ་མང་པོ་ཞིག་ང་ལའང་གོ་ལོ་ཐོས་ལོ་རེ་ཡོད་མོད། དེ་དག་ནི་ང་ལས་གཞན་པ་དང་། ལྷག་པར་དུ་ཁྱོད་དང་རྒྱུན་དུ་འགྲོགས་ཤིང་གཤིབས་པའི་གྲོགས་པོ་དག་ལ་དེ་བས་ཀྱང་རྒྱུས་མངའ་ཆེ་བས་འདིར་མང་པོ་གླེང་བར་མི་བྱའོ།། མཇུག་མཐར་ཁྱེད་ཀྱིས་བླངས་པའི་རྡུང་ལེན《སྐལ་བཟང་ལྷ་མོ》སོགས་ལ་ཉན་ཞོར་ཁྱེད་ཀྱི་ལྷད་མེད་པའི་སྨོན་འདུན་ཇི་བཞིན་ཁྱེད་རང་སྐྱེ་བ་ཕྱི་མར་ཡང་བོད་དུ་སྐྱེ་བར་ཤོག་ཅེས་སྨོན་ལམ་ཡང་ཡང་འདེབས་ཀྱིན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།