ཀྲུང་གོ་བོད་ཀྱི་དྲ་བ།

སོ་ནམ་པའི་དགའ་སྡུག (ཁག་བཞི)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཚེ་འབྲུག་རྡོ་རྗེ།   སྤེལ་དུས། : 2022-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིང་རི་མ། ཞིང་ཆུ་མ།

ད་ཆ་རི་མར་གཏོགས་པའི་ས་ཞིང་ཕལ་ཆེར་ལ་ས་བོན་རྡོག་གཅིག་ཀྱང་མ་གཏོར་བར་ས་རྒོད་དུ་བསྐྱུར་ཡོད་པ་དང་། ཁ་ཅིག་གིས་དེ་རུ་ཤིང་ཏོག་གམ་རྩི་ཤིང་གསར་པ་ཅི་ཞིག་བཏབ་སྟེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་འདོད་མོད། ཡང་སྙིང་ཅི་ཞིག་བཏབ་ན་འགྲིག་མིན་ཁོ་ཚོས་ཀྱང་མ་ངེས་པར་ཡུན་རིང་ལུས། དེའི་མོད་ལ་གོང་ནས་ལས་གཞི་གསར་པ་འགའི་སྐལ་བཏོད་ནས་ས་ཁོད་ཡངས་པའི་ཞིང་ཆུ་མ་སྐོར་ཞིག་ཏུ་བདེ་ཐང་བསྙམས་ཤིང་། དྲོད་ཁང་ལས་ཏེ་སྔོ་ཚོད་འདེབས་མགོ་བརྩམས། ཡང་ལོ་འགའི་རྗེས་ནས། ཞིང་རི་མ་ཁ་ཅིག་ཀྱང་བདེ་ཐང་དུ་བྱས་ནས་ཕག་གསོ་ར་བ་དང་བ་ལང་གསོ་ས་སོགས་བཟོས། དེ་དག་ནི་ཕལ་ཆེར་བཅོས་བསྒྱུར་རྗེས་ཀྱི་མཉམ་ལས་ཁང་ཐོག་མའི་གྲས་ཡིན་པ་འདྲ། སྔོ་ཚོད་སྐྱེས་ལེགས་ཏེ། སྡེ་བ་ཕྱི་ནང་དང་། ལས་ཁུངས་ཁག་གི་སྤྱི་ཐབ་ཏུའང་མཁོ་འདོན་བཟང་ཙམ་བྱུང་། འོན་ཀྱང་ཆུ་ཀུབ་དང་རྒུན་འབྲུམ་སོགས་ཐམས་ཅད་དགའ་བའི་འབྲས་བུ་འགའ་ཞིག་ནི་སྔར་བཞིན་སྨིན་རྒྱུ་མ་བྱུང་། དེས་ན་མི་རྣམས་ཀྱི་རེ་ལྟོས་ཕལ་ཆེར་ཞིང་རི་མའི་ཕྱོགས་སུ་བཅོལ་ཡོད།

ལོ་འགའི་གོང་ནས་བཟུང་སྟོན་ལས་ཀྱི་སྔ་ཕྱི་ཐམས་ཅད་ཞིང་འབྲེག་འཕྲུལ་འཁོར་ལ་བརྟེན་པས། སྔར་གྱི་ཉིན་ཞག་བཅུ་ལྷག་གི་ལས་ཡུན་དེ་ད་ཆ་ཉིན་བཞི་ལྔ་རུ་བསྟུངས་མོད། ཁ་ཅིག་སྔར་བཞིན་འཕྲུལ་འཁོར་རིགས་ལ་ཡིད་མི་ཆེས་པར་ཟོར་བས་འབྲེག་པར་བྱེད། ཡང་རི་གྲོང་ཁག་ཏུ་འཕྲུལ་ཆས་གཞར་ཡང་བསླེབ་ཐབས་བྲལ་བས། ལུས་ཤུགས་དང་ཟོར་བ། དྲེལ་བོང་སོགས་ནི་མེད་དུ་མི་རུང་ཞིང་། སེར་སྲུང་གི་སྔགས་ཀྱི་ནུས་མཐུ་ལ་རེ་བའི་སྐབས་ཀྱང་མང་སྟེ། མེ་སྒྱོགས་ཀྱིས་སེར་བ་འགོག་པའི་རྟིང་གནོན་དུ་མཁོ་བ་འདྲ། གང་ལྟར་གདོད་མའི་སོ་ནམ་བྱེད་ལུགས་ཀྱི་ཆ་ཤས་མང་པོ་ད་དུང་མ་ཉམས་པར་མཐོང་ཐུབ། རི་མའི་ཁུལ་དུ་གཙོ་བོར་ནས་དང་སྲན་མ། ཡུང་མ། སྐེ་ཚེ་སོགས་འདེབས་ཤིང་། ཆུ་མའི་ཁུལ་དུ་གྲོ་འདེབས་པ་གཙོ་བོར་བྱེད། ད་ཆ་དུས་བདེ་ཞོད་འཇགས་ལ་གཞན་གྱི་ཞིང་ཁ་རུ་སྲན་མ་སོགས་གང་འཚམས་རེ་བཏོགས་ཀྱང་མི་སྐྱོན་མ་གཏོགས། ཕལ་ཆེར་རབ་བྱུང་གཅིག་ཙམ་འདས་པའི་གོང་རོལ་ན། དམངས་སྒྲུབ་དགེ་རྒན་བྱེད་མཁན་སྤྲུལ་སྐུ་ལོ་བཅུ་དྲུག་ཅན་ཞིག་གིས་ཞིང་ཁ་ནས་སྲན་མ་ཉུང་ཙམ་བཏོགས་པས་སྐྱོན་ལ་ཐོགས་ཏེ་འབྲེང་ལྕག་གིས་མགོ་སྔ་མེད་པར་གཞུས་པ་སོགས། འཇིགས་ཡེར་བ་མང་ངོ་། །

དབྱར་རྩྭ་དགུན་འབུ།

ལོ་རེའི་ཟླ་བཞི་པ་ནས་བཟུང་ཕ་མ་བུ་ཕྲུག་རྒྱབ་ཏུ་བསྐྱུར་ནས། ལོ་ན་གཞོན་པའི་ཁྱོ་ཤུག་དག་འབྲོག་ས་ཁག་ཏུ་དབྱར་རྩྭ་བསྐོ་བར་འགྲོ་ཞིང་། ལམ་ལ་ཆས་ཁར་བུ་ཕྲུག་གིས་ཞོར་ཟས་འདི་མཁོ་དང་རྩེད་ཆས་གན་བཟང་གི་ཞེས་རེ་བ་མང་དུ་བཏོན་ཚེ། དེ་ལ་ཡ་ལན་གཅིག་རྗེས་གཉིས་མཐུད་དུ་ལྡོན་མོད། ཕྱིར་སླེབས་ན་བུ་ཕྲུག་གི་རེ་བ་ཇི་བཞིན་བསྐང་ཐུབ་མིན་ནི། ལའོ་པན་གྱི་ས་བཟང་མིན་དང་རང་ཉིད་ཀྱིས་འབུ་རྙེད་མིན་ལ་རག་ལས་པས། དེ་གཉིས་གང་ཡང་བསམ་ཐོག་ཏུ་མ་བབས་ན། ཟླ་ལྔ་པར་ཕྱིར་ཁྱིམ་དུ་ལོག་རྗེས་བུ་ཕྲུག་གིས་ལེ་བདའ་ཇི་ལྟར་བྱས་ཀྱང་ལོ་ལོ་མ་ངུ་དང་ཨ་ཕས་བརྗེད་འདུག་ཟེར་བའམ། ཨ་མས་སང་ཉིན་བལྟ། གནངས་ཉིན་ཉོ་ཟེར་བ་ལས་བྱ་ཐབས་བྲལ། ཞོར་ཟས་དང་རྩེད་ཆས་མ་ཐོབ་ན། བུ་ཕྲུག་ནི་གང་བྱུང་དུ་ངུ་ཆོག་མོད། དབྱར་རྩྭ་མ་རྙེད་ན། ཕ་མ་རྣམས་ནི་ངུ་འདོད་རུང་མིག་ཆུའང་བཞུར་དཀའ་བར་སྣང་། དེའི་ཕྱིར། ཉིན་གང་དབྱར་རྩྭ་བརྐོས་ཤིང་ནུབ་ཚལ་འཐུང་རྗེས་ཉལ་ཁའི་ཁ་ཏོན་གྱི་རྗེས་སུ་སེམས་ཅན་ཐམས་ཅད་ཅེས་པའི་སྨོན་ལམ་ཞིག་ཡོད་ཅིང་། སེམས་ཅན་ཐམས་ཅད་ཅེས་པ་དེའི་གྲས་སུ་དབྱར་རྩྭ་མ་རྙེད་པར་ཡོད་པའི་རང་ཉིད་ཀྱང་ངེས་པར་འདུ།

སྤྱིར་རང་ས་རང་ཡུལ་གྱི་རྫ་མགོ་རི་མགོ་ནས་ཟོག་འཚོ་ཞོར་དབྱར་རྩྭ་བརྐོས་ན། སུ་གང་ལ་ས་ཁྲལ་འཇལ་མི་དགོས་ཤིང་། ས་ཆུ་མ་འཕྲོད་པའམ་རྫ་དུག་ཕོག་པ་སོགས་ཀྱང་འབྱུང་མི་སྲིད་མོད། རང་སའི་རྫ་མགོའི་དབྱར་རྩྭ་ཆུང་ཞིང་བཅུད་མེད་པས་ཁེ་རག་དཀའ། འབྲོག་སར་སོང་ནའང་གཞན་གྱིས་ས་ཆེ་ཙམ་ཉོས་པའི་ཐོག་ཏུ་གླ་བྱེད་པའམ། རང་གིས་ས་ཆུང་ཆུང་ཞིག་ཉོས་ཏེ་ཅི་འདོད་དུ་བརྐོ་བ། ཡང་ན་སློབ་ཆེན་སློབ་མ་རེ་གཉིས་ཕན་ཚུན་བཟའ་ཚོ་ཡིན་ཁུལ་གྱིས་ཅིག་ཤོས་ཀྱི་ཕ་ཡུལ་དུ་སོང་ནས་རིན་མེད་དུ་བརྐོ་བ་སོགས་ཐབས་མང་ལ། དབྱར་རྩྭ་བརྐོ་སར་ཡང་རྩྭ་ས་རྩོད་རེས་དང་། དབྱར་རྩྭ་རྐུ་འཕྲོག་གི་ཁ་མཆུ་ཤིན་ཏུ་མང་ཡང་ཞིབ་པར་བརྗོད་མི་རིགས་སོ་སྙམ། སྐབས་རེར་རྫ་སྟོང་ལུང་སྟོང་དུ་འཁེལ་ཚེ། ཆུའི་ཕར་ཚུར་གཉིས་སུ་སྡེ་བ་རེ་བྱས་ནས་དབྱར་རྩྭ་བརྐོ་བ་དང་། ནམ་གུང་ཆུའི་ཚུར་ཁ་ནས་གསར་བུའམ་གསར་མོ་སུ་ཞིག་ལ་གློ་བུར་དུ་ན་ཚ་བྱུང་ན། འཚབ་འཚུབ་ངང་ཆུའི་ཕར་ཁ་ན་གནས་པའི་མི་རྣམས་འབོད་པར་བྱེད་ལ། དེ་དག་ཀྱང་བྲེལ་མྱུར་ངང་དོར་མ་བརླ་རྩར་བརྫེས་ནས་ཆུར་བརྒལ་ཞིང་། གྲོང་དང་ཐག་རིང་བས་སྨན་པ་བསྟེན་དཀའ་ཚེ། མཉམ་དུ་གདུགས་དཀར་འུར་སྒྲ་གྲག་པ་ཞིག་བཏོན་ནས་ནད་པ་དྲག་སྐྱེད་ཡོང་བའི་སྐྱབས་འཇུག་ཞུ། དེའི་ཚེ་སྔར་གྱི་ས་རྩོད་ཆུ་རྩོད་ཀྱི་ཁ་མཆུ་ཐམས་ཅད་བརྗེད་པར་གྱུར་ནས། ཐམས་ཅད་སྨོན་ལམ་གྱི་དབྱིངས་སུ་འཐིམ་པར་འགྱུར་རོ། །

ཤིང་ཁང་དང་རླངས་འཁོར།

འབྲོག་ཕྱོགས་དང་བསྡུར་ན། རོང་བ་རྣམས་ཀྱིས་སྡོད་ཁང་གི་ཐད་ནས་རྩལ་མང་དུ་འདོན་ཞིང་། གྲལ་དག་པ་དང་དྲོད་འཁྱིལ་བ་ཙམ་གྱིས་མི་ཆོག་པར། ཤིང་ཆའི་སྦོམ་ཕྲ་དང་། ཀ་ཚད་མཐོ་དམའ། བརྐོས་རིས་ལེགས་མིན་ནས་ཚོན་མདངས་ཡག་འདུག་གི་བར་དུ་ཆ་རྐྱེན་མཐོ་ནས་མཐོ་རུ་འདོན་ཞིང་། མཐིལ་ཤིང་གི་རྒྱུ་བ་དང་ཁ་དོག་ལའང་ལེགས་ཉེས་ཀྱི་དཔྱད་པ་མང་དུ་མཆིས་པར་མ་ཟད། ཤིང་ཆ་དེའང་མ་གལ་སོགས་ཕུད་པའི་གསོམ་ཤིང་ཡིན་ན་མ་གཏོགས་མིག་ལ་མི་ཐོགས་པ་འདྲ། ལར་ནས་རོང་ཕྱོགས་སུ་ཤིང་ཁང་དར་ཆེ་ཡང་། ཤིང་ཁང་རྒྱག་སྲོལ་གསར་རྙིང་གཉིས་ཡོད་པ་ལས། ད་ལྟའི་གསར་པ་འདི་ཅུང་བརྗིད་ཆེ་ལ་འགྲོ་སོང་ཡང་ཆེ། ཡུལ་གྲུ་ཁ་ཅིག་ཏུ་ཤིང་ཁང་གསར་པ་བརྒྱབ་པའི་ཐོག་མ་ནི་ཕལ་ཆེར་དབུལ་སྐྱོར་ཁྱིམ་ཚང་དག་ཡིན་པ་འདྲ་ལ། དེའི་རྗེས་ནས་དབྱར་རྩྭའི་ཡོང་འབབ་བཟང་བ་རྣམས་དང་། དེ་ནས་ལས་བྱེད་པ་སོགས། དེ་རྗེས་རིམ་པ་བཞིན་ཡུལ་པ་ཀུན་གྱིས་ཤིང་ཁང་གསར་པ་རྒྱག་པར་བརྩོན། གཞན་ཤིང་ཆའི་ཡོང་ཁུངས་ཐད་ནས་ཀྱང་། སྔར་ཁྱིམ་ཚང་སུ་ཞིག་གིས་ཤིང་ཁང་གསར་དུ་རྒྱག་ཚེ་རུ་སྡེ་གང་པོས་མཉམ་གཅིག་ཏུ་ཤིང་གཅོད་པ་དང་འདྲུད་པ་སོགས་ལས་རོགས་བྱེད་ཅིང་། རྫ་འདབས་ནས་ནགས་བཅད་རྗེས་ཐག་པས་དྲུད་ནས་ཁྱིམ་དུ་དྲངས་པས། རི་ངོས་ཐམས་ཅད་དུ་ཤུལ་བཏོད་པ་སོགས་མཆིས་མོད། ནགས་ཚལ་སྲུང་སྐྱོང་ཐད་དོ་དམ་བྱེད་ཤུགས་ཆེ་རུ་ཕྱིན་པ་ནས་བཟུང་། ཤིང་ཆ་ཐམས་ཅད་ནགས་ལས་བཟོ་གྲྭ་ནས་ཉོ་དགོས་པར་གྱུར།

རོང་ཕྱོགས་སུ་རླངས་འཁོར་ཐད་ཆ་རྐྱེན་ཅུང་དམའ་བ་འདྲ་ཡང་མཐའ་གཅིག་ཏུ་མ་ངེས། གང་ལྟར་ཆེས་ཐོག་མར་རླངས་འཁོར་ཉོ་མཁན་ནི་ཕལ་ཆེར་ཚོང་ཙག་ཙིག་གཉེར་མཁན་ཡིན་པ་འདྲ་མོད། གོང་མཐོ་ཤོས་དང་སྤུས་ཀ་བཟང་ཤོས་ཉོ་མཁན་ནི་དབྱར་རྩྭའི་ས་ཉོ་མཁན་དག་རེད་ལ། ཤིང་ཁང་ཡང་དེ་ལས་མ་འདས། ད་ཆ་རླངས་འཁོར་ཉོ་མཁན་གྱི་ཁྱུ་ཚོགས་གསར་པ་ཞིག་ནི། བསྟུད་མར་ལོ་མང་རིང་དབུལ་སྐྱོར་ལྟ་སྐྱོང་ཐོབ་པའི་དུད་ཁྱིམ་ཁ་ཅིག་ཡིན་པ་འདྲ། གང་ལྟར། རོང་ཕྱོགས་སུ་རླངས་འཁོར་ཉོ་བའི་འགྲན་རྩོད་དེ་སྔར་བཞིན་ཤིང་ཁང་གསར་དུ་རྒྱག་པ་ལྟ་བུའི་ཛ་དྲག་གི་རང་བཞིན་དུ་གྱུར་མེད་པར་སྣང་ཡང་། ལོ་འདི་འགའི་རིང་། རྫོང་མཁར་རམ་གྲོང་ཁྱེར་ཆེ་ས་ནས་ཐོག་ཁང་ཉོ་བའི་ཚ་རླབས་ཤིག་རླངས་འཁོར་ཉོ་བ་དང་འགྲན་པ་བཞིན་དུ་དྲག་ནས་དྲག་ཏུ་འཕྱུར་བཞིན་འདུག་གོ། །

ཚོང་ལ་སོང་བའི་བརྗེད་ཐོ།

མི་ལོ་བཅུ་ཕྲག་ལྷག་གི་གོང་སྟེ་བཅོས་བསྒྱུར་རྗེས་ཀྱི་ལོ་ངོ་དུ་མར། མི་ཚང་སྐོར་ཞིག་ཕྱོགས་ལངས་ནས་འབྲོག་ཕྱོགས་ཁག་ཏུ་ཚོང་ལ་བསྐྱོད་ཅིང་། དེ་ནི་ཐོག་མར་གཞུང་ལམ་གར་ཐོན་བར་དུ་རླངས་འཁོར་ལ་བསྡད། དེ་རྗེས་ཚོང་རྫས་ཕྲག་ཏུ་འཁུར་ནས་རྐང་ཐང་ལ་འབྲོག་སྡེ་ཁག་མྱུལ་ཞིང་། རྣ་ལུང་དང་བཞོ་གཟུང་སོགས་འབྲོག་པའི་དུད་ཁྱིམ་ལ་བཙོངས་ཤིང་། མཎྜལ་དང་ཌ་དྲིལ་སོགས་བླ་མ་གྲྭ་པས་བླུས། མ་དངུལ་འདང་མིན་དང་ཚོང་ལ་མཁས་མིན། ཡུལ་ལུང་ཆ་རྒྱུས་ཡོད་མེད་ཀྱི་དབང་གིས། མི་གཉིས་དང་གསུམ་བསྡེབས་ནས་ཚོང་ལ་འགྲོ་ཞིང་། རྗེས་ཐོག་ཏུ་ཡོང་འབབ་བགོ་བཤའ་བྱེད། དེ་ལྟར་བཙོང་མ་ཚར་བའི་ལྷག་མ་རེ་གཉིས་ཡོད་པ་རང་ཁྱིམ་དུ་འཁྱེར་ནས་ཕྲུ་གུ་དག་ལ་རྔན་པར་སྤྲོད་ཅིང་། རྒྱུ་ནི་ཟངས་སོགས་ལྕགས་རིགས་ཕལ་བས་བྱས་པ་མང་ཞིང་། གསེར་དངུལ་གྱིས་བྱས་པ་ཅུང་ཉུང་། གཡུ་བྱུར་གྱི་ཕྲ་བཀོད་པ་དག་ཀྱང་མང་ཆེ་ཤོས་བཅོས་མའོ། །

གཞན་ཡང་རིལ་དཀར་དང་ཁ་བཏགས་འཁྱེར་ནས་དབང་གནང་ས་སོགས་སུ་བཙོངས་ཤིང་། བུ་རབ་བྱུང་ན་རང་གཅིག་པུས་རྟ་སྒ་བརྒྱ་ཕྲག་འདྲུད་འཐེན་འཕྲུལ་འཁོར་དུ་བརྩིགས་ནས་འབྲོག་ཕྱོགས་སུ་ཚོང་ལ་འགྲོ་བ་དང་། རྫོང་དང་གྲོང་རྡལ་བརྒྱུད་ཚེ་ལྡུམ་བུ་ཤེལ་ཏིང་དང་དབྱར་རྩྭ་དགུན་འབུ་སོགས་ཚོང་ལམ་གསར་པ་རྙེད་སྲིད་ལ། ལན་རེར་རྫོང་ནས་རུ་ནང་བར་ཅ་ལག་འདྲེན་པ་སོགས་སྐྱེལ་འདྲེན་གྱི་ལས་ཀའང་རག་ཐུབ་ཅིང་། ཡོང་འབབ་མི་དམན་པ་ཐོབ་པར་མ་ཟད། མ་བསམ་ས་ནས་བླ་མ་ཆེ་གྲགས་རེའང་གྲོགས་པོ་རུ་འགྱུར་ངེས། དེ་མཚུངས་འདྲུད་འཐེན་འཕྲུལ་འཁོར་སོགས་བསྐོར་ནས་དབང་གནང་སར་སོང་ན། སྐབས་རེར་མི་རྣམས་བརྒལ་མ་ཐུབ་པར་ལུས་པའི་ཆུ་ཆེན་གྱི་དཀྱིལ་དུ་འདྲུད་འཐེན་འཕྲུལ་འཁོར་བཞག་ཅིང་། དེ་ཟམ་པ་བྱས་ནས་ཆུར་བརྒལ་བཅུག་སྟེ་གླ་ཆ་ལེན་པ་སོགས་ཀྱང་ཡོད། ཚོང་ལ་སོང་ཚུལ་འདི་དག་ནི་དབྱར་རྩྭ་དགུན་འབུ་བརྐོ་སྲོལ་མ་དར་བའི་སྔོན་ཏེ། དེ་དུས་ད་ལྟ་དང་བསྡུར་ན་ཡོང་འབབ་འཚོལ་ཐབས་ཉུང་ལ། འཚོལ་མཁན་དེ་བས་ཀྱང་ཉུང་ངོ་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།