ཀྲུང་གོ་བོད་ཀྱི་དྲ་བ།

གཅེས་པའི་བུ་ལ་གདམས་པའི་མཆིད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འབའ་མོན་བུ།   སྤེལ་དུས། : 2022-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

གཅེས་ཕྲུག་ལགས། ཁྱོད་ནི་ཨ་ཕའི་རེ་ལྟོས་ཀྱི་མིག་ཀོང་ནས་འཁྲུངས་ཤིང་། ཨ་མའི་བརྩེ་སེམས་ཀྱི་གཏིང་རིམ་ནས་བཞད་པས། ཕ་མ་གཉིས་ཀྱི་འཚོ་བ་ལ་དགོད་སྒྲ་དང་རེ་བ་ལ་འོད་སྣང་བསྐྲུན་ཡོད། ནང་ན་ཟླའི་ཁྲོད་ནའང་ཨ་ཕས་ཡིད་ཚིམ་པའི་མགོ་བོ་མཐོ་རུ་འདེགས་པ་དེ་ནི་ཁྱོད་ཅེས་པའི་གཅེས་འོས་ཀྱི་སེམས་རྟེན་དྲོན་མོ་ཞིག་ཡོད་པས་མ་ཡིན་ནམ།

གཉིས།

གཅེས་ཕྲུག་ལགས། ཁྱོད་ཀྱི་ཨ་ཕ་ཡང་སློབ་གླིང་རིམ་པར་འགྲིམས་ཤིང་དཔེ་ཀློག་ལ་སེམས་པ་གླན་པའི་སྐལ་ལྡན་གྱི་གྲས་སུ་ཚུད་མྱོང་ལ། ལྷན་སྐྱེས་ཀྱི་ཤེས་རབ་ལ་བརྩོན་སེམས་ཀྱི་གཤོག་པ་བཙུགས་ནས་ཕུགས་བསམ་གྱི་ཕ་མཐའ་སྙེགས་པའི་སྐལ་བ་ལྡན་མྱོང་ཡང་། ད་ཚོད་འདིར་སླེབས་དུས། ལས་དབང་གི་རང་མལ་སྲུང་བའི་སྐྱེ་ཕོ་འཁོས་ཆུང་ཞིག་ལས་མ་འཁྱོངས་པ་འདིའང་། གཞན་ལ་ཁག་དཀྲི་མེད་པའི་ལས་འབྲས་ཀྱི་ཐོབ་སྐལ་ཡིན་པས། ཡིད་ཆད་ཀྱི་བསམ་པ་མ་སྐྱེ་རོགས།

གསུམ།

གཅེས་ཕྲུག་ལགས། ཨ་ཕའི་དུས་རྒྱུན་གྱི་ཨུ་ཚུགས་ནི་ཆེས་འུ་ཐུག་པའི་ཐབས་ཤེས་ཤིག་ཏུ་ངེས་ཀྱང་སྲིད་མོད། ངས་ནི་རང་གིས་འཁྲབ་པའི་སྐྱོ་གར་དེ་ཁྱོད་ལ་བསྐྱར་དུ་བཟློ་རུ་འཇུག་མ་འདོད་པས་ཡིན་ལ། ནམ་ཞར་ཁྱོད་ལ་བཟུང་བ་གཟབ་ནན་གྱི་རྣམ་འགྱུར་ཡིན་པ་དེ་ཡང་། ངས་རང་ཉིད་ནི་འགན་ཁུར་གྱི་འདུ་ཤེས་མེད་པའི་ཨ་ཕ་ཡོག་ལུ་ཞིག་བྱེད་མ་འདོད་པས་ཡིན་པ་སེམས་ལ་ཟུངས་ཤིག །

བཞི།

གཅེས་ཕྲུག་ལགས། ངས་ཁྱོད་ལ་རེ་བ་ཆེན་པོ་འཛིན་པ་དེ་ནི་རང་གིས་མ་འཁྱོངས་མ་འཐུས་པའི་སྟོང་ཆ་སྐོང་བར་འདོད་པའང་མ་ཡིན་ཏེ། མ་འོངས་པར་ཁྱོད་ཀྱི་མི་ཚེའི་ལམ་ཁ་ནི་འགྲན་རྩོད་དང་འདོར་ལེན་གྱི་གཡུལ་ས་ཞིག་ཡིན་པས་ན། བརྩོན་འགྲུས་ཉམས་ལེན་གྱི་གོ་ཆ་བགོས་ནས་ཕུགས་བསམ་འཚོལ་སྙེགས་ཀྱི་རྒྱང་རྒྱུགས་རིང་མོར་འདང་ངེས་ཀྱི་རྒྱགས་ཕྱེ་རེ་ཚགས་སུ་ཆུད་ན། ནམ་ཞིག་ཁྱོད་ཀྱི་ཨ་ཕའི་ཕུང་བོ་འབྱུང་བཞིར་འཐིམས་ཀྱང་། དངོས་གནས་ཞེ་འགྱོད་དང་འཕྲེང་ཞེན་ཆེར་ཡོད་མི་སྲིད།

ལྔ།

གཅེས་ཕུག་ལགས། རེ་བའི་ཚད་ཅི་ཙམ་མཐོ་ན་ཕངས་པའི་ཤུགས་དེ་ཙམ་གྱིས་དྲག་པར་འགྱུར་སྲིད་ཀྱང་། ཁྱོད་ནི་ཁྱིམ་ཚང་འདིའི་སྙིང་བོར་གྲུབ་ཅིང་ངེད་ཕ་མ་གཉིས་ཀྱི་སྙིང་གི་ཕྱེད་ཀ་ཡིན་ཕྱིན། ཁྱོད་ཀྱི་མདུན་ལམ་དང་ཕུགས་ཀྱི་ལམ་བུ་བསམས་ན། ང་ལ་བྲེལ་ཤ་ལངས་ཡོང་། ང་ལ་འཚེར་སྣང་སྐྱེས་ཡོང་། བསམ་བློ་ཞིབ་ཏུ་བཏང་ན། ང་ལ་རྟོག་བཏགས་ཀྱི་འཆར་སྣང་མོད་ཅིང་བློས་བསླངས་ཀྱི་བློ་བཀོད་མང་བ་དེའང་ཁྱོད་རྐྱང་རྐྱང་ཡིན་ལ་ཁྱོད་ཁོ་ནའི་ཡིན་པས། རེ་བཞག་སར་རིག་པའི་མེ་ཏོག་བཞད་རྒྱུ་དེ་ཡང་ཨ་ཕའི་རེ་བ་ཆུང་ཆུང་ཞིག་ཡིན།

དྲུག

གཅེས་ཕྲུག་ལགས། ཁྱོད་ཀྱི་ཨ་ཕ་ནི་ཡིག་ངོ་ཆོད་པའི་ཡིག་རྨོངས་པ་དེ་དང་ཐབས་ཀྱིས་དབུལ་བའི་འབྲོག་པ་ཨུ་ཚུགས་ཅན་དེ་ཡིན་པར་སྣང་ཡང་། ཁྱོད་ཀྱི་ཨ་ཕ་ཡང་གནམ་འོག་གི་ཨ་ཕ་གཞན་དག་ནང་བཞིན་ཁྱོད་ཀྱི་རྒྱབ་ཕྱོགས་ན་གནམ་འདེགས་ཀྱི་ཀ་བ་བཞིན་འགྱིངས་མཁན་དེ་ཡིན་ལ། ཁྱོད་ཀྱི་ཕྱིར་མིག་ཁྲོད་ན་རེ་ལྟོས་ཀྱི་མིག་ཟུང་གཡོ་མེད་ཀྱིས་ཅེར་མཁན་དེ་ཡིན་པས། ཕུགས་བསམ་དང་བློ་རྒྱ་བསྐྱེད་ཅིག །

བདུན།

གཅེས་ཕྲུག་ལགས། སྤྱིར་ན་ཁྱོད་ཀྱི་ཨ་ཕའང་འཇིག་རྟེན་གྱི་ཨ་ཕ་མང་དག་ཅིག་དང་འདྲ་བར་ཁྱོད་ལ་ཡིད་ཚིམ་པའི་འཚོ་བའི་མཐུན་རྐྱེན་སྨྲ་མེད་པ་ཞིག་བསྐྲུན་ཐུབ་པའི་དཔའ་གདེང་ཆེན་པོ་མེད་ཀྱང་། ཁྱོད་ཀྱི་ཨ་ཕས་ཀྱང་ཁྱོད་རང་ཚོགས་ཀྱི་མདུན་སར་མགོ་བོ་སྨད་མི་དགོས་པ་ཞིག་ཅིས་ཀྱང་ཡོང་བར་བྱ་ངེས་ཡིན་པས། རང་ཚོད་ཀྱིས་རྟག་བརྟན་རྒྱབ་རི་དེ་དང་སྐྱིད་སྡུག་པང་ལ་ལེན་མཁན་དེ་ཡིན་པར་སོམས་ལ་སོང་དང་། ཨ་ཕ་ཁྱོད་ཀྱི་ནམ་མཁའ་དང་ས་གཞི་བྱེད་ཆོག་ཨང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།