ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་རྩོམ་རིག་གི་བརྗེད་ཐོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འབྲོག་ཀློའུ་སྒྲོལ་རྡོ།   སྤེལ་དུས། : 2022-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། བརྩམས་སྒྲུང་གི་སྐོར།

ལྗང་བུའི་བརྩམས་སྒྲུང་ཕྱོགས་སྒྲིག་གི་དེབ། 《བརྩེ་དུང་གི་གཏམ་རྒྱུད》ཅེས་པ།

སྒྲུང་དེབ་ཅིག་ཡང་ནས་ཡང་དུ་སྔས་མགོར་འཇོག་པ་དང་། ཁོམ་འདུག་བར་ནས་ལག་ཏུ་ཡང་ཡང་ལེན་པའི་ཚོར་བ་དེ་བརྗེད་ལ་ཁད་ཀྱི་དེ་རིང་། མི་རབས་ཤིག་གི་དྲན་ཤེས་ནང་བག་ཆགས་ཟབ་མོ་བཞག་ཡོད་པའི་རྩོམ་པ་པོ་ལྗང་བུ་ལགས་ནས་སླར་ཡང་ངེད་ཅག་གི་སྤྱན་སྔར་ཁོང་གི་མི་ཚེའི་ནང་གི་སྒྲུང་དེབ་ཐོག་མ་གཟིགས་འབུལ་བྱས་པས། དྲ་རྒྱ་ཁག་ནས་དེ་འབྲེལ་གྱི་ཆ་འཕྲིན་སྣ་ཚོགས་ཤྭ་འོད་ལྟར་བརྡོལ་བྱུང་། དེབ་འདིའི་ཞལ་སྒོ་ཕྱེས་མ་ཐག ཡིད་ངོར་འཇགས་འོང་བའི་སྐྱབས་ཆེན་གྱིས་བྲིས་པའི《རྟོག་བཏགས་ཀྱི་དཀྱིལ་འཁོར》ལས་བསྟན་པ་དེ་ལྟར་དུ། སྒྲུང་དེབ་འདི་ལ་ངང་རྒྱུད་རིང་མོས་ཞིབ་ཏུ་མཇལ་བའི་མི་དག་གིས་རང་རང་ལ་མཁོ་ཉག་ཆེ་བའི་གསར་རྩོམ་གྱི་ལམ་བུ་ཞིག་རྙེད་ཐུབ་པར་ངེས་ཞེས་བཀྲལ་བ་ལྟར། མགོ་བརྗོད་རྩོམ་ཡིག་འདི་ཡང་གཏམ་རྒྱུད་ཀྱི་རྒྱུན་དང་གཞུང་ལུགས་ཀྱི་གདེང་དེས་ཡིད་ལ་འབབ་ཅིང་སེམས་ལ་འཛིན་རྒྱུ་ཡོད་པ་ཅན་ཞིག་ཏུ་མཐོང་ཡོང་བས། དེབ་འདི་ཉོས་ནས་བཀླག་རི་བའི་སེམས་གདེང་དྲོན་མོ་ཞིག་ལྷོག་ལྷོག་ཏུ་འཕྱུར་བ་དང་སྦྲགས། བོད་རྩོམ་གྱི་སྡེར་སླར་ཡང་མཉམ་འུར་གྱི་ཚ་རླབས་ཤིག་མཆེད་པར་བརྩམས།

གཉིས་པ། རྩོམ་རིག་ལོ་ཙཱའི་སྐོར།

1.《འཛམ་གླིང་རྩོམ་རིག》གི་དེབ་གསུམ་པ།

ཉེ་བའི་ལོ་འདི་དུམ་གྱི་ནང་ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ལོ་རེའི་འཆར་ཅན་མུ་ཕྲེང་ལྟར་པར་དུ་སྐྲུན་བཞིན་པའི་དེབ་སྟེ། སྐྱབས་ཆེན་དང་ལྡོང་བུ་གཉིས་ནས་གཙོ་སྒྲིག་བྱས་ཤིང་། རེ་རྐང་གླིང་སོགས་ཀྱིས་མཚོན་པའི་རྩོམ་པ་པོ་བདུན་འདུས་པའི་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་རིག་ལོ་ཙཱའི་སྐོར་ནས་བོད་ཡིག་པར་མའི《འཛམ་གླིང་རྩོམ་རིག》གི་དེབ་དང་པོ་དང་གཉིས་པ་སོགས་པར་སྐྲུན་འགྲེམ་སྤེལ་བྱས་ཚར་ལ། 2021ལོའི་སྤྱི་ཟླ་དང་པོའི་ནང་། འཛམ་གླིང་རྩོམ་རིག་བོད་ཡིག་དཔར་མའི་སྐོར་གྱི་བགྲོ་གླེང་ཐེངས་དང་པོ་ཡུལ་དབུས་ལྷ་སའི་གངས་ལྗོངས་དཔེ་ཀློག་ཁང་ནས་འཚོགས་ཤིང་། བརྙན་ཡོལ་བརྒྱུད་དེ་འཛམ་གླིང་རྩོམ་རིག་གི་གཙོ་སྒྲིག་པ་ལྡོང་བུ་དང་། ལོ་ཙཱ་བ་དང་ཞུས་ཆེན་པ་སྒར་བ་ཚེ་བཀྲའམ་གཡུ་ཆུང་ལགས། འཛམ་གླིང་རྩོམ་རིག་གི་ཞུས་ཆེན་པ་ཤར་གཞོན་ཚེ་རིང་ཟླ་བ་བཅས་མཉམ་ཞུགས་གནང་། བགྲོ་གླེང་ཡུལ་དངོས་སུ་ལུའུ་ཞུན་རྩོམ་རིག་གི་བྱ་དགའ་བཞེས་མྱོང་མཁན་གྱི་བརྩམས་སྒྲུང་པ་གྲགས་ཅན་རྒན་ཚེ་རིང་ནོར་བུ་ལགས་དང་། དབྱི་ཐ་ལའི་རྒྱལ་སྤྱིའི་གསེར་སྨྱུག་བྱ་དགའ་ཐོབ་མཁན་གྱི་ན་གཞོན་སྙན་ངག་པ་ས་དམར་གྲགས་པ་གཙོས། བགྲོ་གླེང་ལ་ཐོ་བཀོད་ནས་ཞུགས་པ་དང་། ཟུར་ཉན་བྱེད་དུ་ཡོང་མཁན་བཅས་ན་གཞོན་ཕོ་མོ་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་ཡོད་ཅིང་། དེའི་ཁྲོད་དུ་རྩོམ་པ་པོ་དང་ཡོན་ཏན་པ། སྐད་གཉིས་སྨྲ་བ་དང་སྐད་གསུམ་སྨྲ་བ་སོགས་མི་སྣ་མང་པོ་འདུས་ཡོད་འདུག

མི་རིང་འཐོན་འགྱུར་གྱི་དེབ་གསུམ་པ་སོགས་ལ་སྔར་མ་འགྱུར་བའི་འཛམ་གླིང་བརྩམས་ཆོས་གྲགས་ཅན་བོད་དུ་ངོ་སྤྲོད་པ་སོགས་ཁྱད་ཆོས་བཞི་འཛོམས་ཀྱི་དེབ་འདིའི་ལས་ཀའི་སྦྱོར་དངོས་རྗེས་གསུམ་ལ་གྲ་སྒྲིག་བྱས་ཚར་ཡོད་ལ། ད་ལོའི་སྤྱི་ཟླ་དགུ་པ་ལ་དཔར་སྐྲུན་བྱ་འཆར་གྱི་སྐད་ཆ་ཐོས། བོད་ཡིག་ཁོ་ན་དོན་གཉེར་ཅན་དག་དང་དེང་རབས་རྩོམ་རིག་གི་དཔེ་ཀློག་སྐོར་ལ་ལམ་ལྷོང་མ་བྱུང་མཁན་དག་ལ་འཇིག་རྟེན་ཁ་ལོ་བསྒྱུར་བའི་གྲོགས་སུ་འགྱུར་ངེས་སོ། །

2.འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས།

དེ་དང་འབྲེལ། རྒྱལ་ཁབ་ཀྱི་གཙོ་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་ལས་འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས(ཁག་དང་པོ།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་བྱུང་། ཁྱོན་བསྡོམས་དེབ་ཉི་ཤུ་ཡོད་ལ། སྒྲུང་རིང་དང་སྒྲུང་གཏམ་ཐུང་འབྲིང་ཕྱོགས་བསྡུས་ལས་གྲུབ་འདུག འདིར་འཁོད་པའི་བརྩམས་ཆོས་དག་ནི་འཛམ་གླིང་རྩོམ་སྟེགས་སྟེང་སྙན་པ་འབར་བའི་ཕྱི་གླིང་གི་རྩོམ་པའི་དེད་དཔོན་དུ་ཁས་འཆེས་པ་དག་གི་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་ཁོ་ན་ཡིན་པར་སྐད་འདུག་པས། འཛམ་གླིང་རྩོམ་རིག་གི་ངོ་མཚར་བའི་འཕེལ་འགྱུར་ལ་ལྟ་བའི་མེ་ལོང་ཞིག་ཏུ་གྱུར་ཡོད་འདུག

མེས་པོ་གོང་མ་དག་གིས། ལོ་ཙཱ་བ་རྣམས་ལ“འཇིག་རྟེན་གྱི་མིག”ཅེས་བསྔགས་བརྗོད་ཀྱི་ཆོ་ལོ་ཞིག་བསྩལ་ཡོད་པས། ཐེངས་འདིའི་ལོ་ཙཱ་བ་རྣམས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་འོས། ཕ་རོལ་པོའི་ལེགས་ཆ་སྡུད་ལེན་དང་ནང་འདྲེན་བྱས་ཚེ་ད་གཟོད་རང་གི་རིག་གནས་ཕུན་སུམ་ཚོགས་པར་འགྲོ་བ་ཡིན་ལ། རང་གི་རིག་གནས་ལའང་ཟུངས་བཅུད་བསྣན་པ་ཡིན་པས། ལས་སུ་བྱ་བ་འདི་ནི་ཤེས་རིག་ནང་འདྲེན་ཐད་ལོ་རྒྱུས་ཀྱི་དོན་སྙིང་དམིགས་བསལ་བ་ལྡན་པའི་ཁར། རང་རིགས་ཀྱི་རིག་གནས་ལ་ཤ་ཞེན་ཆེ་བའི་དན་རྟགས་ཀྱང་ངོ་། ། རང་གི་རིག་གནས་ཀྱི་འཕེལ་རྒྱས་དང་ཉམས་རྒུད་ནི་རང་གི་སྐད་ཡིག་གི་སྟེང་ནས་འཇོག་དགོས་ཀྱི། རང་གི་རིག་གནས་གཞན་ཡིག་ལ་བསྒྱུར་ནས་འཕེལ་རྒྱས་སུ་འགྲོ་བར་རློམ་པ་ནི་བསམ་ཡུལ་ལས་འདས་པའི་གོ་འཛོལ་ཞིག་ཡིན་པས། དེ་འདྲའི་སྦྱོར་བ་རྩོམ་མཁན་རྣམས་ནི་རང་གི་རིག་གནས་ལ་ཇི་མི་སྙམ་པའི་ཀློའུ་ཁ་ནག་གོ། ། ཡིག་རིགས་མི་འདྲ་བ་ཅི་ཙམ་ཤེས་ན་དེ་ཙམ་གྱིས་འདི་འདྲའི་ལག་རྗེས་ཤིག་འཇོག་ཐུབ་པར་སྨོན་པ་འཆོར་མྱོང་།

གསུམ་པ། རྩོམ་རིག་དཔྱད་བརྗོད་ཀྱི་སྐོར།

1.ད་ལོའི་སྤྱི་ཟླ་ལྔ་པའི་ནང་ལ། དཔལ་ལྡན་རྒྱ་མཚོ་ནས་བརྩམས་ཤིང་། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་སྟེ། 《སྙན་ངག་གསར་པའི་མྱོང་བཀྲོལ་དང་དཔྱད་པ》ཞེས་པ་མི་ཡུལ་དུ་བཀྲམ། དེབ་དེའི་ནང་། བོད་ཀྱི་རྩོམ་སྟེགས་སྟེང་ན་ནམ་ཞར་སྤུར་བཞིན་པའི་རྒས་འཁོགས་ཚོའི་རྩོམ་རྐྱང་བས་ལྷན་པ་སྦྱར་བ་ཙམ་དང་། ཡས་བཤད་མས་བཤད་ཅིག་གིས་མི་སེམས་སུན་ལ་བསྐུར་བ་དེ་འདྲ་མིན་པར། དྲ་རྒྱའི་རྩོམ་རིག་ནང་གི་གོ་རབས་པའི་ན་གཞོན་རྩོམ་རྒྱག་མཁན་སྐོར་ཞིག་གི་སྙན་ངག་ལ་རྩིས་ཐང་སྤྲོད་སྟངས་ཤིག་ཏུ་འཁུམས་པས། དེབ་ཀྱི་བྱེད་པོ་ཁོང་ལ་ཐུགས་དྲིན་ཞིག་ཞུ་སྙིང་བྱུང་། བལྟོས་འཇོག་གིས་བཤད་ཚེ། དེབ་དེ་ལག་ཏུ་བཟུང་མ་ཐག སྙན་བུའི་སྙན་དེབ་དེ་ཞར་ལ་དྲན་འོང་། མ་ཟད་དེབ་འདིའི་ཕྱིའི་ཇུས་འགོད་དང་ནང་གི་བྲིས་ཆ་སྣ་ཚོགས་ཡིད་ཡུལ་དུ་སིམ་འོང་བས། དེའང་དེབ་རང་སྟེང་གི་ངོ་བོ་འཛིན་པའི་ཁྱད་ཆོས་ཤིག་ཏུ་གཞག་ཆོག་སྙམ། རྩོམ་པའི་ལས་དང་པོ་བ་དག་གིས། རང་གི་ཤེས་བྱའི་འཇུ་ཚད་ཀྱིས་ངང་རྒྱུད་རིང་མོས་བཀླག་ཐུབ་ཚེ། སྙན་ངག་མྱོང་རོལ་དང་གསེད་བཀྲོལ་ཐད་ལ་ཕྱར་བ་གྲུ་འདེགས་ལྟ་བུའི་ནུས་པ་ཐོན་ངེས་སྙམ།

2. སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་ལྔ་པ་རུ་འཁོད་པའི་དགེ་རྒན་བདུད་ལྷ་རྒྱལ་ལགས་ཀྱི་དཔྱད་བརྗོད་གསར་པ་སྟེ། དོན་ཁོའམ་གཉན་ལགས་ཀྱི《ལྷུག་རྩོམ་སྙན་ངག〈ལམ་གྱི་ལེའུ〉ཡི་ནང་དོན་གྱི་སྒྲིག་གཞི་ལ་དབྱེ་ཞིབ་ཅུང་ཟད་བྱེད་པ》ཞེས་པ་ཀུན་ལ་མཚམས་སུ་སྦྱར་དགོས་བྱུང་།

མཐོ་འབྲིང་གི་བསླབ་དེབ་ནང་འཁོད་ཡོད་པའི་རྩོམ་འདི་ལ། ཕྱི་མིག་ཅིག་འཕངས་ཚེ། མཐོ་འབྲིང་གི་དགེ་རྒན་དུ་སྐད་པ་ཚོས། བསྐྱར་དུ་མྱོང་རོལ་གྱི་དབང་ཤེས་གསར་པ་ཞིག་རྙེད་ན་སྙམ། ནམ་ཞར་རིག་ཚན་སྣ་གཅིག་དང་བསམ་བློ་ཆིག་རྐྱང་གི་མཐོང་སྣེ་འོག་གི་ཁྲིད་བཤད་ཙམ་གྱི་རྣམ་ཐར་ལས་བརྒལ་ནས། སྲོལ་རྒྱུན་སྙན་ངག་ལས་འདས་པའི་སྙན་ངག་གསར་པའི་རིགས་ལམ་དང་འཇུག་ངོགས་ཤིག་རེག་ན་སྙམ། སྙན་ངག་གསར་སློབ་པ་ཚོའི་རྒྱུད་དུ་ཐོག་མའི་འཇུག་ངོགས་ཡང་དག་ཅིག་སྐུལ་ཐུབ་ན་ཅི་མ་རུང་སྙམ།

བཞི་པ། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བཞི་པའི་བྱ་དགའི་སྐོར།

ད་ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་པ་ལྔའི་ཉིན་ལ། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་། ཞིན་ཧེ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་རོགས་སྒྲུབ་གནང་བའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བཞི་པའི་མཐའ་འབྲས་གསལ་བསྒྲགས་ཀྱི་ཆ་འཕྲིན་དེ་མཚོ་སྔོན་བོད་ཡིག་གསར་འགྱུར་སྤྱི་སྟེགས་ནས་སྤེལ་བྱུང་།

སྤྱིར་བཏང་རྩོམ་རིག་བྱ་དགའི་རིགས་སུ་གྱུར་པ་མང་ཤོས་ཤིག “ནང་སྐོར”ལྟ་བུའི་འཐེན་འཁྱེར་གྱི་སྟངས་འཛིན་འོག བས་མཐར་ལྷུང་བ་མང་དག་ཅིག་མཐོང་རྒྱུ་ཡོད་ནའང་། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་མུ་ཕྲེང་ལྟར་སྤེལ་དང་སྤེལ་འགྱུར་གྱི་རྩོམ་རིག་བྱ་དགའ་འདི་བོད་ཀྱི་རྩོམ་རིག་གི་བྱ་དགའ་ཀུན་ལས་ཅུང་ཡག་སྣང་སྙམ་འོངས། གཅིག་ནས། ཚགས་པར་ཁང་དེའི་རྩོམ་སྒྲིག་པ་ནི་རྩོམ་པ་པོ་ཡིན་པས་དང་། བརྒྱ་ལ་རྩོམ་སྒྲིག་པ་ཕལ་བ་ཞིག་ཡིན་འགྱུར་ཚེ། ཚགས་པར་དེ་ཡང“རྒན་གསོ་ཁང”ལྟ་བུ་ཞིག་ཏུ་ཆགས་ནས། དེ་རྩོམ་རིག་གི་གཤིན་ཐང་ཡངས་པོ་ཞིག་ཏུ་འགྱུར་མི་ངེས་སྙམ། གཉིས་ནས། “རྒན་གསོ་ཁང”ལྟ་བུའི་ལོ་ལོན་རྩོམ་རྒྱག་མཁན་ཚོས། བལྟོས་བཅས་ཀྱིས་རྩོམ་བསྐུར་གྱིན་མེད་པ་དེས། བརྩམས་ཆོས་ཀྱི་རྣམ་པ་གསར་པ་ཅན་ཚོར་བྱ་དགའ་རེག་པའི་སྲིད་ཕྱོད་ཅུང་ལོས་མཐོ་སྙམ། གསུམ་ནས། དཔྱད་འདེམ་པའི་ཁྲོད་ན་རྩོམ་པ་པོ་ཡོད་པ་དེ་ལེགས།

ད་ལོའི་སྒྲུང་ཐུང་འགྲན་སྡུར་ཁྲོད་གཏང་རག་རེག་པའི་བརྩམས་ཆོས་ཚང་མ་ཞིབ་ཏུ་བཀླགས་ཚར། དེ་དག་ལས། ངའི་ཡིད་ལ་ཅུང་མགུ་བ་ནི་རྦབ་ཆུས་བྲིས་པའི་སྒྲུང་ཐུང་དེ་རེད་སྙམ།

ཨང་དང་པོ་རེག་པའི་རྩོམ་དེ་མགོ་ནས་མཇུག་བར་ཨུ་ཚུགས་ཀྱིས་བཀླགས་ཚར་ཙམ་བྱས། དེ་ཡིན་དོན་བགྲངས་དགོས་ཚེ། ངས་འདི་ལྟར་མནོ་བསམ་གཞིགས་དགོས་བདོག སྒྲུང་ཐུང་དེ་གཏམ་རྒྱུད་ཁོ་ནའི་བྲན་དུ་ཉེས་ཆེ་སོང་ཚེ།

མཚོན་ཐབས་ཆིག་རྐྱང་གི་སྐྱོན་དུ་འགྲོ་བས། མཚམས་ལན་རེར་ཀློག་འདོད་ཀྱི་ཡི་གའང་འཆུས་འགྲོ། དེ་སྒེར་བ་རང་ངོས་ཀྱི་མྱོང་སྣང་ཙམ་བཀྲལ་བ་ཡིན་གྱི། སོ་སོའི་དབར་ལ་ཕྲག་པ་དོག་པའི་བཟོ་ལྟ་འཛིན་མི་རིགས། བརྩམས་ཆོས་རང་རང་ལ་རང་རང་གི་མཛེས་དཔྱོད་ཀྱི་བློ་མིག་ཅིག་དང་བསམ་བློའི་ལྗིད་ཤུགས་ཤིག་ཡོད་པས། དེ་ཉིད་ཀློག་པ་པོས་འདེགས་རྒྱུ་ཞིག་ཨེ་མིན་འགྲོ་སྙམ། ཚོད་ཚོད་ལ་མི་ཁ་ཤས་ཀྱིས་ཁ་ཚོན་བཅད་ནས་བཀའ་རྒྱ་བཀྲམ་རྒྱུ་ཞིག་ག་ལ་ཡིན་ཨང་། དེ་བས། ད་ལོའི་འགྲན་སྡུར་ཁྲོད་ཀྱི་བརྩམས་ཆོས་གང་ཡིན་ཡང་བླ། གཏང་རག་རེག་ཀྱང་ཆོག་ལ་མ་རེག་ཀྱང་འཐུས། གལ་ཏེ་བརྩམས་ཆོས་ཁོ་རང་ནམ་མཁའི་མཐོངས་ཀྱི་གླག་རྒོད་ཅིག་ཏུ་དཔེ་འཇོག་བྱས་ཚེ། གླག་རྒོད་རང་རང་ལ་རང་རང་གི་ནམ་མཁའ་དང་གཤོག་པ། འགྱུ་ཕྱོགས་དང་འཕུར་ལྡེམ་རེ་ཡོད་པས། རང་ལ་དབང་བའི་གཞིས་ཀའི་ལོག་མལ་ཞིག་ཅིས་ཀྱང་ཡོད་ངེས་ཞེས་ཀྱང་ཞུའོ། །

ནམ་ཞར། ཁ་པར་ནང་གི་སྐད་འཕྲིན་བར་སྟོང་དང་། སྤྱི་སྒེར་གང་གི་སྤྱི་སྟེགས་སོགས་ལ་མིག་ཟུང་གཡོར་ཐེངས་རེར། ངའི་སྣང་ངོར་འདི་འདྲ་ཞིག་དྲན་འོངས། གནའ་བོའི་དུས་སུ། རྩོམ་མཁན་མང་པོས་དངོས་ཡོད་དག་ལྷ་སྒྲུང་དུ་བཅོས་ཏེ་ཀུན་གྱི་ཡིད་འགུག་ཐབས་བྱས་ཤིང་། ད་ཆའི་དུས་སུ། སྤྱི་སྟེགས་གཙོ་གཉེར་བ་ཡིན་པར་སྐད་པ་ཚོས། ཀློག་གྲངས་ཁོ་ནར་དམིགས་ཏེ། རྩོམ་གྱི་ལེགས་ཉེས་མིན་པར་ཧང་སང་སང་དང་། ཧ་ལས་ལས་གང་ཡོད་འགོད་རྐྱང་བྱེད་ཀྱིན་གདའ་བས། ཡིད་མུག་པ་ཞིག་བྱུང་། དེ་དག་གི་སྔུན་ན་པར་དབང་དང་རྩོམ་མཁན་ནི་དོན་མེད་ཀྱི་རོལ་རྩེད་ཅིག་ལས་ཅི་ཡང་མིན་པའི་སྣང་བ་སྐྱེས། གཞན་ཡང་། སྤྱི་སྟེགས་ཁ་ཤས་དེ་དང་ཡེ་མི་འདྲ་བ། རང་གི་ངོ་བོ་དང་རྩ་དོན་ཐོག་ཡོད་པ་དཔེར་ན་རླུང་ནག་འཚུབ་མའི་སྣ་འཛོམས་སྤྱི་སྟེགས་ལྟ་བུ། འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་ཏུ་མཐོང་བས། ཉིན་རྒྱུན་སེམས་ངོགས་ནས་འབལ་ཐབས་ཀྱང་མི་འདུག

གཞན་ད་དུང་། དེང་གི་སྨྱན་སྦྱོར་གྱི་ཡོ་ལང་ནང་ལ། བོད་ཀྱི་དེང་རབས་རྩོམ་པ་པོ་རེ་རྐང་གླིང་ལགས་ཀྱི་ཁུངས་དག་སྤུས་གཙང་གིYETI文学མི་རྒོད་རྩོམ་རིག་ཅེས་པའི་སྤྱི་སྟེགས་ཤིག་བཙུགས་པས། ཡུན་རིང་རྫོབ་ཉོག་ཏུ་ཕྱིན་པའི་ངེད་ཅག་གི་དྲ་རྒྱའི་རྩོམ་རིག་གི་མཁའ་དབུགས་འདི་ལ་སླར་ཡང་དབུགས་དབྱུང་གསར་པ་ཞིག་སྟེར་བཞིན་པའི་ཡིད་ཆེས་བྱུང་།

དེ་ལྟར་བྱེ་བྲག་ནས། དྲང་ཕྱོགས་ཀྱིས་མིག་བཤེར་ཙམ་བྱས་པ་ཡིན་ཚེ། ན་ནིང་རྩོམ་པ་པོ་འབའ་སྣང་གྲོལ་ཞུ་བས་བརྩམས་ཤིང་། གྲྭ་བཙུན་འོད་ཟེར་ལྗང་གུ་ནས་ཀློག་འདོན་བྱས་པའི་གྱེར་འདོན་བརྩམས་ཆོས《ཕས་བུ་མོ་ལ་སྤྲིངས་པའི་འཕྲིན་ཡིག》ཅེས་པར་དྲ་རྒྱའི་ནང་གི་ཀློག་གྲངས་ཁྲི་ཕྲག་དྲུག་དང་སྟོང་ཕྲག་བཞི་རུ་ཟིན་པ་དང་། ད་ལོ་སླར་ཡང་སྟོང་ཕྲག་བཞི་ཡིས་ཀློག་གྲངས་ཇེ་མང་དུ་ཕྱིན་འདུག་པ་ལྟ་བུ། ད་ལོའི་བོད་ཀྱི་གྱེར་འདོན་སྤྱི་སྟེགས་སུ་འཁོད་ཡོད་པའི་བུད་མེད་རྩོམ་པ་པོ་འཆི་མེད་ལགས་ཀྱིས་ཨ་ལགས་བསེ་ཚང་གི་རྗེས་དྲན་དུ་བྲིས་པའི་ལྷུག་རྩོམ《རྒྱང་རིང་གི་ཨ་ལགས་ཚང》ཞེས་པར་ཀློག་གྲངས་ཁྲི་ཕྲག་གཉིས་དང་སྟོང་ཕྲག་ལྔར་ཟིན་པ་དང་། དབྱངས་ཅན་ལྡིང་ཁང་སྒེར་ངོས་ཀྱི་སྤྱི་སྟེགས་སུ་འཁོད་ཡོད་པའི་ལྷུག་རྩོམ《བདེ་སྐྱིད་ལས་ཀྱི་དཔལ་མོ》(སྟོད་ཆ)ཞེས་པར་ཀློག་གྲངས་ཁྲི་ཕྲག་གཉིས་དང་། དེའི་སྨད་ཆར་ཁྲི་ཕྲག་གཅིག་ཟིན་པ་སོགས་ཀྱིས་རྩོམ་རིག་གི་ལས་འགུལ་འདི་ལ་སྨན་དུ་རེ་བས། དགའ་བའི་གནས་སུ་གྱུར།

འདི་ནི་ལོ་འདིའི་ནང་གི་རྩོམ་རིག་གི་ལས་འགུལ་སྐོར་གྱི་བྱ་བ་ཕྲན་ཚེགས་རེ་གུས་པ་རང་ངོས་ནས་ཁོམ་ལོང་ཁྲོད་རང་གིས་མི་བརྗེད་པའི་ཐོ་རུ་ཤོག་ངོས་སུ་བཀྲལ་བ་ཙམ་ཡིན་གྱི། སྐད་འཕྲིན་བཀོལ་དང་མི་དགོལ་གྱི་མཚམས་ནས་འཐུས་ཤོར་དུ་ཕྱིན་པ་མང་ཙམ་ཡོད་ངེས་པས། དེར་རྒྱ་ཆེའི་ཀློག་པ་པོ་དག་ནས་སྙིང་ནས་ཐུགས་འཁྲོལ་ཡོད་པ་གནང་ཞུ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།