ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་དཔེ་ཀློག་ཟིན་ཐོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁྱུང་ཐར་རྒྱལ།   སྤེལ་དུས། : 2022-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཔེ་ཀློག་ནི་མི་ཚེའི་རིན་ཐང་འཚོལ་སྟངས་ཤིག་དང་། མི་བུ་རང་རང་གི་འཚོ་བའི་གོམས་གཤིས་ཤིག་ཀྱང་ཡིན། ང་ལ་མཚོན་ན། མི་ཚེ་འདིར་དཔེ་ཀློག་གི་གོ་སྐབས་བྱུང་བ་ནི་རང་ངོས་ཀྱི་བདེ་སྐྱིད་ཆེས་རྨད་དུ་བྱུང་བ་དེ་ཡིན། འཁོར་བའི་ཟང་ཟིང་དང་འདུ་འཛིའི་ཁྲོད་ནས་དཔེ་ཆ་མང་པོ་ཞིག་བཀླགས་མི་ཐུབ་རུང་། ཐ་ན་ཤོག་ཐར་གཅིག་ཀློག་རྒྱུ་བྱུང་བ་དེ་ཡང་ངས་རང་གི་ཚེ་ནོམ་ཞིག་ཏུ་རྩི་བཞིན་ཡོད།

དཔེ་ཀློག

1.《འཛམ་གླིང་རྩོམ་རིག》2019ལོ། གཙོ་སྒྲིག་པ། ལྡོང་བུ། སྐྱབས་ཆེན་བདེ་གྲོལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་པར་མ།

རྩོམ་སྒྲིག་པས་མཚམས་སྦྱོར་གནང་བ་ལྟར་འཛམ་གླིང་རྩོམ་རིག་ཅེས་པའི་ལོ་དེབ་འདིའི་ནང་དུ་ཨ་མེ་རི་ཁ་དང་དབྱིན་ཇི། སི་རི་ཡ། ཉི་ཧོང་། ཁན་ན་ངྷ། ཧྥ་རན་སྀ། ཆེ་ཁྀ། ཨི་ཐ་ལི་སོགས་རྒྱལ་ཁབ་བཅུ་ཕྲག་ཅིག་གི་རྩོམ་པ་པོའི་རྩོམ་ཡིག་བདམས་ནས་བསྒྱུར་འདུག དེབ་འདི་ལ་ཆེད་བསྒྲིགས་ཤིག་དང་། སྒྲུང་ཐུང་། སྙན་ངག་དང་གླུ་ཚིག དཔྱད་ཞིབ། བཅར་འདྲི་བཅས་ལེ་ཚན་ལྔ་རུ་ཕྱེས་འདུག དེབ་འདིའི་ནང་གི་རྩོམ་དག་ད་སྔ་བོད་ལ་འགྱུར་མྱོང་མེད་པས་རྩོམ་རིག་ལ་དགའ་བའི་གཞོན་སྐྱེས་རྩོམ་པ་པོ་རྣམས་ལ་སློབ་དེབ་ཆེས་ཡག་པོ་ཞིག་གསར་བསྒྲིགས་གནང་ཡོད་པར་མ་ཟད། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ཆེན་པོ་འདུག་པར་བོད་ཀྱི་རྩོམ་རིག་གི་བྱ་བ་བྱེད་མཁན་ཚང་མས་གླེང་བར་འདུག

2.《འཛམ་གླིང་རྩོམ་རིག》2020ལོ། གཙོ་སྒྲིག་པ། ལྡོང་བུ། སྐྱབས་ཆེན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2020ལོའི་པར་མ།

དེབ་འདི་ནི་ཆེད་བསྒྲིགས་དང་སྒྲུང་ཐུང་། དཔྱད་ཞིབ། བཅར་འདྲི་བཅས་ལེ་ཚན་བཞི་ཡིས་གྲུབ་པ་དང་།མཇུག་མཐར་མཐུན་རྐྱེན་སྦྱོར་མཁན་དེ་རྩོམ་པ་པོ•ལོ་ཙཱ་བ•ཞུས་ཆེན་བཅས་ངོ་སྤྲོད་ཕྲན་བུ་རེ་གནང་འདུག

ཆེད་བསྒྲིགས་ལེ་ཚན་དུ་ཁེ་སྀ་རེན•མན་སྀ་ཧྥེལ་དྷྀ་དང་སོ་མེར་སེ་ཐྀ•མཱོམ། ནཱ་ཡེ་ཕོལ་བཅས་ཀྱི་དབྱིན་ཇིའི་སྒྲུང་ཐུང་བདུན་བཀོད་ཡོད་ལ། སྒྲུང་ཐུང་ལེ་ཚན་དུ་ཨ་ཀུ་ཐ་གྷ་ཝ•རྀ་ཡོ་ནོ་སུ་ཀེ་དང་བྷོར་ཧེ་སྀ། མར་ཁེ་ཟྀ་བཅས་རྩོམ་པ་པོ་དྲུག་གི་སྒྲུང་ཐུང་དྲུག་བཀོད་འདུག དཔྱད་ཞིབ་ལེ་ཚན་དུ་ལྗོར་ལྗྀ•ཨོར་ཝེལ་དང་སུ་ཟན•སང་ཐ་གྷྀ། ལོ་སཱ་བཅས་རྩོམ་པ་པོ་ལྔ་ཡི་བརྩམས་ཆོས་དང་། བཅར་འདྲིའི་ལེ་ཚན་དུ་རྩོམ་པ་པོ་ཨོར་ཧན•ཕ་མུག་དང་ཨུམ་བྷེར་ཏོ•ཨེ་ཁོ་གཉིས་ལ་བཅར་འདྲི་ཞུས་པ་བཅས་བཀོད་འདུག བརྩམས་ཆོས་འདི་དག་བོད་ཡིག་ཏུ་བསྒྱུར་བ་ཕལ་ཆེར་ཐེངས་དང་པོ་ཡིན་ཞིང་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་རང་རང་གི་ཁྱད་ཆོས་མངོན་པར་གསལ་ཞིང་ལོ་ཙཱའི་ཕྱོགས་ནས་ཀྱང་བརྩམས་ཆོས་རེ་གཉིས་ཤིག་མ་གཏོགས་ཚང་མ་དབྱིན་ཡིག་ནས་ཐད་ཀར་བསྒྱུར་བ་ཡིན་འདུག་ལ། ཞུས་ཆེན་པ་དག་གི་ཞུ་དག་ཀྱང་གཟབ་ནན་ཡིན་པས་བོད་ཀྱི་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་ཁྱབ་ཁོངས་སུ་སྔར་མེད་ཀྱི་རང་མདངས་ཤིག་བསྣན་འདུག་གོ །

3.《རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་ཟློས་གར་གྱི་ཚིག་རྒྱན》གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1983ལོའི་པར་མ།

སྲིན་པོའི་རྒྱལ་པོ་འབོད་སྒྲོགས་ཀྱིས་འཆི་བ་མེད་པའི་དངོས་གྲུབ་འདོད་དེ་ལྷ་ཆེན་དབང་ཕྱུག་བསྒྲུབས་པ་དང་ལྷ་ཆེན་དབང་ཕྱུག་གིས་ལྷ་མོ་ཨུ་མ་དང་སྤྲེའུ་མིག་གསུམ་པ་གཉིས་སྔ་རྗེས་སུ་འཆི་བ་མེད་པའི་དངོས་གྲུབ་སྟེར་བར་མངགས་ཀྱང་སྲིན་པོ་འབོད་སྒྲོགས་ཀྱིས་དེ་གཉིས་ལ་ཅི་མི་སྙམ་པའི་ཐོ་བརྩམས་པ་དང་ལྷ་མོ་ཨུ་མས་སྲིན་ཡུལ་འཇིག་པའི་དམོད་བོར་བ། དེ་ནས་ལིངྒའི་བདག་པོའི་ཆུང་མར་སཱི་ཏཱ་ཟེར་བའི་བུ་མོ་ཤིན་ཏུ་མཛེས་མ་ཞིག་སྐྱེས་པ་དང་། མཚན་མཁན་གྱིས་བུ་མོ་འདི་སྲིན་ཡུལ་ཕུང་བྱེད་ཁོ་ནར་ངེས་ཞེས་སྒྲོམ་ལ་བཅུག་སྟེ་ཆུ་ལ་བསྐུར་བ་ཞིང་པ་རྣམས་ཀྱིས་རྐ་མགོའི་རྫིང་འཁྱིལ་ཞིག་ལས་རྙེད་ཅིང་། ཁ་ཕྱེས་ནས་ལྟ་དུས་བུ་མོ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡོད་པར་ཐམས་ཅད་ཀྱིས་རྒྱལ་པོའི་བཙུན་མོར་འོས་སོ་ཞེས་དགའ་བྱེད་རཱ་མ་ཎ་ལ་ཕུལ། དགའ་བྱེད་རཱ་མ་ཎ་ཡིས་ནུ་བོ་ཐ་ཆུང་ལ་རྒྱལ་སྲིད་གཏད་དེ་བཙུན་མོ་སཱི་ཏཱ། སྤུན་ཡིད་བསྡུས་བཅས་དབེན་པའི་ནགས་སུ་གནས་པའི་ཚེ། སྲིན་པོ་འབོད་སྒྲོགས་རི་དྭགས་ཡིད་དུ་འོང་བ་ཞིག་ཏུ་སྤྲུལ་ཏེ་ཐབས་སྣ་ཚོགས་ཀྱིས་དགའ་བྱེད་རཱ་མ་ཎ་བསླུས་ཏེ་སཱི་ཏཱ་འཕྲོག་པར་མ་ཟད་བཙོན་ལ་བཅུག་གོ། ། དེར་དགའ་བྱེད་རཱ་མ་ཎ་ཡིས་མགྲིན་བཟང་དང་སྤྲེའུ་ཧ་ནུ་མན་ཐ་གཉིས་གྲོགས་སུ་སྦྲན་ཏེ་སྲིན་པོ་འབོད་སྒྲོགས་བསྒྲལ་ནས་སྲིན་ཡུལ་བདེ་ལ་བཀོད་པ་དང་བཙུན་མོ་སཱི་ཏཱ་ཕྱིར་བསུས་པ་སོགས་ཟློས་གར་གྱི་ཚིག་རྒྱན་ཕུན་སུམ་ཚོགས་པོས་མངོན་པར་སྤྲོས་ཡོད།

4.《སྨན་པ་གྲྭ་ཚང》ཨ་ཡོན་ཀས་བརྩམས། ཧཱ་སིན་གྱིས་སོག་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར། ཙྭ་ལན་ཚེ་རིང་དབང་ལྡན་གྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2020ལོའི་པར་མ།

སྒྲུང་གཏམ་འདི་བོད་ཡིག་ཏུ་སྒྱུར་པ་པོས་བཤད་རྒྱུར“《སྨན་པ་གྲྭ་ཚང》ཞེས་པའི་བརྩམས་སྒྲུང་འདིར་ཡོན་རྒྱལ་རབས་མཇུག་དང་མེན་རྒྱལ་རབས་མགོར། ཡོན་རྒྱལ་ས་ཆེན་མོ་མེར་བསྲེགས་པ་དང་། ཐའེ་ཅི་མུའུ་པེ་ཅིན་དུ་བསྐྱོད་པའི་རྗེས་སུ་སྨན་གཞུང་ཞིག་ཐབས་ལ་བརྟེན་ནས་མེ་སྐྱོན་ཆེན་པོའི་ནང་ནས་མྱུར་སྐྱོབ་བྱས་པ་དེ་འུར་བསྡུས་ལ་ཁྱེར་བ་རེད། སྨན་གཞུང་དེ་དང་ཐོག་ལོ་མང་པོར་དམངས་ཁྲོད་དུ་ཉར་ཚགས་བྱས་པ་དང་། ཕྱིས་སུ་སྨན་པ་གྲྭ་ཚང་འུར་བསྡུས་ཕྱོགས་སུ་བཏབ་རྗེས་དེར་ཉར་ཚགས་བྱེད་རྒྱུར་བསྐྱལ་ཡོད། སྨན་པ་གྲྭ་ཚང་གིས་གསང་བའི་སྨན་གཞུང་དེ་ཉར་ཚགས་དང་གསང་རྒྱ་ཧ་ཅང་ལེགས་པོ་བྱས་མོད། འོན་ཀྱང་། གསང་བའི་སྨན་གཞུང་དེར་འགྲམ་ཆུ་ལྡང་ནས་ཐོབ་འདོད་ཀྱི་མི་མང་པོ་ཞིག་བྱུང་བ་རེད། དོན་ངོ་མར་སྨན་གཞུང་དེ་གནས་གང་ཞིག་ཏུ་ཡོད་པ་དང་སུའི་ལག་ཏུ་ཡོད་པ་གྲྭ་ཚང་གི་མཁན་པོ་མ་གཏོགས་སུས་ཀྱང་མི་ཤེས་ལ། གྲྭ་ཚང་གི་མཁན་པོ་ལོ་ན་རྒས་རྗེས་ད་གཟོད་རྒྱུད་འཛིན་མཁན་པོ་རྗེས་མར་གསང་བའི་སྨན་གཞུང་དེ་གར་ཡོད་སོགས་བརྒྱུད་སྤྲོད་བྱེད་པ་ཞིག་ཡིན། འོན་ཀྱང་། གྲྭ་ཚང་མཁན་པོ་བློ་བཟང་དགུང་ལོ་ལྔ་བཅུ་ང་གསུམ་བཞེས་སྐབས་རབས་རྗེས་མའི་གྲྭ་ཚང་མཁན་པོ་ལ་གསང་བའི་སྨན་གཞུང་དེ་བརྒྱུད་སྤྲོད་བྱེད་ཁོམ་མ་བྱུང་བར་ཕྱི་རོལ་ནས་གློ་བུར་དུ་སྐུ་གཤེགས་པས། གསང་བའི་སྨན་གཞུང་དེ་སྨན་པ་གྲྭ་ཚང་གི་གསང་བ་ལྐོག་གྱུར་ཞིག་ཏུ་གྱུར་པ་རེད།ཕྱི་ནང་གི་མི་མང་པོ་ཞིག་གིས་གསང་བའི་སྨན་གཞུང་དེ་ཐོབ་འདོད་ཀྱི་ཧམ་སེམས་བཅངས་ནས་དར་རྒྱལ་པོ་ཕུ་ནུའི་བར་དང་། བཙུན་མོ་དང་བཙུན་མོའི་བར། སྨན་པ་གྲྭ་ཚང་གི་གྲྭ་པ་དང་གྲྭ་པའི་བར། ཆིན་དམག་དང་སྨན་པ་གྲྭ་ཚང་བར་སོགས་ལ་ཁྱོད་ཤི་ང་གསོན་གྱི་ལྐོག་ཇུས་དང་འགལ་བ་མང་པོ་ཞིག་བྱུང་ནས་གསང་བའི་སྨན་གཞུང་འཚོལ་བའི་ལས་དེ་གཏན་ནས་མཚམས་བཞག་མ་མྱོང་། འོན་ཀྱང་།མཇུག་མཐར་གྲྭ་ཚང་མཁན་པོས་ཐབས་མཁས་ཀྱིས་གྲྭ་པ་རྣམས་སྨན་བླའི་ལྷ་ཁང་དུ་འཚོག་ཏུ་བཅུག་ནས་གསང་བའི་སྨན་གཞུང་དེ་བཤུ་འབྲི་ཧ་ཅང་མང་པོ་བརྒྱབ་པ་དང་། མཐར་གསང་བའི་སྨན་གཞུང་དེ་མ་གསང་བར་ཀུན་ལ་ཁྲོམ་བསྒྲགས་བྱས་པར་བརྟེན་རྙོག་འཛིང་གི་འགལ་བ་ཡོད་ཚད་ཞི་འཇགས་སུ་གྱུར་པ་དང་། གསང་བའི་སྨན་གཞུང་དེ་ལག་ལ་ཐོབ་འདོད་ཀྱི་ཧམ་པ་ཅན་རྣམས་དང་མི་རིགས་ཤིག་གི་རིག་གནས་རྩ་བ་ནས་མེད་པར་གཏོང་འདོད་ཀྱི་གནག་སེམས་ཅན་དག་ལ་རྒོལ་ལན་དྲག་པོ་བཏང་བ་དང་། སོག་པོ་མི་རིགས་ཀྱི་གསོ་རིག་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱས་ཤིང་། ལྷག་པར་དུ་མིའི་རིགས་ཀུན་ལ་ཕན་པའི་གསོ་རིག་གཞུང་ལུགས་འདི་ལ་སྲུང་སྐྱོབ་དང་ཁྱབ་གདལ་དུ་བཏང་བ་རེད།”

5.《མར་མེ་ཚེ་འབར》ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2019 ལོའི་པར་མ།

འདི་ནི་སྒྲུང་རིང་ཞིག་ཡིན་ལ། མིང་ལ་ཤར་ལུང་དཔལ་ཆེན་ཟེར་བའི་སློབ་བུ་ཞིག་གིས་རང་གི་སློབ་ཆུང་གི་དགེ་རྒན་དང་སློབ་ཆེན་གྱི་འཛིན་བདག སྡེ་བ་གཅིག་དང་ཚོ་བ་གཅིག་ཡིན་པའི་དགེ་རྒན་བརྩོན་འགྲུས་རྒྱ་མཚོ་བརྒྱུད་དེ་ཤར་ལུང་ཚོ་དྲུག་སློབ་ཆུང་གི་སློབ་གཙོ་གངས་ལྷ་མེ་ཏོག་དང་དགེ་རྒན་བརྩོན་འགྲུས་ཁོང་། ད་དུང་བུ་མོ་གཞན་ཞིག་གི་གཏམ་རྒྱུད་བརྒྱུད་དེ་སྐབས་དེའི་ལས་གནས་ཕལ་བའི་སྟེང་མི་ཚེ་ཡོད་ཚད་མར་མེ་ཚེ་འབར་ནང་བཞིན་གཞན་དོན་དུ་བསྔོས་པའི་གཏམ་རྒྱུད་ཅིག་མངོན་པར་བཞེངས་ཡོད།

སྒྲུང་གཏམ་འདི་རིག་གསར་གྱི་རྗེས་ཏག་ཏག་ལ་བྱུང་བ་ཞིག་ཡིན་ཞིང་། བརྩོན་འགྲུས་རྒྱ་མཚོས་ཤར་ལུང་ཚོ་དྲུག་སློབ་ཆུང་གི་དགེ་རྒན་བྱེད་དུས་མིང་ལ་གངས་ལྷ་མེ་ཏོག་ཟེར་བའི་ཆུང་དུས་ཀྱི་རྩེ་རོགས། རང་ལས་ཟླ་བ་གསུམ་གྱིས་ཆུང་བའི་སྨན་ཤར་དེ་སློབ་གྲྭ་འདིའི་སློབ་གཙོར་བསྐོས་ཡོང་། མོའི་ཕ་དགེ་རྒན་རབ་བརྟན་རྒྱ་མཚོ་ནི་དང་ཐོག་ཤར་ལུང་སློབ་གྲྭ་འཛུགས་མཁན་དང་རྨང་འདིང་མཁན་ཡིན་ལ་ད་ལྟ་རྫོང་སློབ་གསོ་ཅུས་ཡི་ཅུས་ཀྲང་གཞོན་པ་ཡིན། བརྩོན་འགྲུས་ཀྱི་ཕ་རྒན་སངས་རྒྱས་སྐྱབས་ནི་ཤར་ལུང་ཚོ་དྲུག་སྡེ་བའི་ཧྲུའུ་ཅི་ཡིན་ལ་དགེ་རྒན་རབ་བརྟན་རྒྱ་མཚོ་དང་འབྲེལ་འདྲིས་ཧ་ཅང་ཟབ། གངས་ལྷ་མེ་ཏོག་ཤར་ལུང་ཚོ་དྲུག་སྡེ་བའི་སློབ་གཙོར་ཐོན་པ་དང་དགེ་རྒན་བརྩོན་འགྲུས་རྒྱ་མཚོ་དང་ཁོའི་ཕ་རྒན་སངས་རྒྱས་སྐྱབས། ཨ་མ་ལྷ་མོ་བྱམས། ཨ་ཁུ་ཚངས་དབྱངས། བརྩོན་འགྲུས་ཀྱི་ཕུ་བོ་སྐལ་བཟང་འབུམ་སྣ་འབིག་སོགས་ལ་རིམ་བཞིན་ལོབས་པར་གྱུར་ཏེ་ཕལ་ཆེར་ཁྱིམ་ཚང་གཅིག་གི་བརྩེ་བ་ཆགས། གངས་ལྷ་མེ་ཏོག་གིས་ཕ་རྒན་གྱི་ལས་གནས་ཀྱི་རྒྱུན་བསྐྱངས་ཏེ། ཤར་ལུང་སློབ་གྲྭའི་དོ་དམ་དང་དགེ་རྒན་སྡེབ་སྒྲིག རུ་ཁག་སོ་སོར་ཡན་ལག་སློབ་གྲྭ་འཛུགས་པ་སོགས་སློབ་གསོའི་ལས་དོན་ལ་རང་གི་ཡོད་ཚད་ཕུལ་བས་སློབ་ཞུགས་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་ཤར་ལུང་ཚོ་དྲུག་སློབ་ཆུང་ནས་དགེ་ཐོན་སློབ་གྲྭར་རྒྱུགས་འཕྲོད་པའི་སློབ་མའང་མང་པོ་བྱུང་ལ། སློབ་གཙོ་གངས་ལྷ་མེ་ཏོག་ལ་རྫོང་གིས་བྱ་དགའ་གནང་ནས་གཟེངས་བསྟོད་བྱས།

ལོ་ཟླའི་འགྲོས་དང་བསྟུན་ནས་སློབ་གཙོ་གངས་ལྷ་མེ་ཏོག་དང་དགེ་རྒན་བརྩོན་འགྲུས་རྒྱ་མཚོ་གཉིས་ལ་བརྩེ་བ་ཟབ་མོ་ཆགས་ཤིང་མ་ཤི་གསོན་བྲལ་མི་བྱེད་པའི་དམ་བཅའ་བཞག ཕན་ཚུན་ཁྱིམ་ཚང་གཉིས་ཀྱིས་ཀྱང་དགའ་བསུ་དང་རྒྱབ་སྐྱོར་ཆེན་པོ་བྱས། བརྩོན་འགྲུས་རྒྱ་མཚོས་ཨ་ཁུ་ཚངས་དབྱངས་དང་གངས་ལྷ་མེ་ཏོག་སོགས་ལ་བརྟེན་ནས་བོད་ཡིག་དང་རྒྱ་ཡིག རྩིས་རིག་སོགས་ལ་སློབ་སྦྱོང་ཧུར་བརྩོན་བྱས་ཤིང་གངས་ལྷ་མེ་ཏོག་གི་ཕ་རྒན་ཅུས་ཀྲང་དགེ་རྒན་རབ་བརྟན་གྱི་དགོངས་པ་ལྟར་སློབ་ཆེན་ལ་རྒྱུགས་སྤྲད་པས་རྒྱུགས་འཕྲོད་པས་གངས་ལྷ་མེ་ཏོག་གཙོས་རང་གི་ཡུལ་མི་ཉེ་སྤུན་སོགས་ཀྱིས་བཀྲ་ཤིས་པའི་རྟེན་འབྲེལ་དང་རྒྱབ་སྐྱོར་ཆེན་པོ་བྱས།

བརྩོན་འགྲུས་རྒྱ་མཚོ་ནུབ་བྱང་མི་རིགས་སློབ་ཆེན་དུ་སོང་ནས་སྔར་བཞིན་དགེ་རྒན་དམ་པ་མང་པོ་བསྟེན་ཏེ་བརྩོན་པ་ཆུ་བོའི་རྒྱུན་ལྟར་བསྐྱངས་ཤིང་། སངས་རྒྱས་དང་ཡེ་ཤེས་ལྷ་མོ་སོགས་སློབ་གྲོགས་མང་པོ་བློས་ཐུབ་ཀྱི་གྲོགས་པོར་གྱུར་པ་མ་ཟད། ཡེ་ཤེས་ལྷ་མོས་ཐབས་སྣ་ཚོགས་ཀྱིས་བརྩོན་འགྲུས་གྲོགས་སུ་བཀུག་པར་མ་ཟད། སློབ་མཐར་ཕྱིན་རྗེས་མོའི་ཕ་རྒན་དཀོན་མཆོག་རྡོ་རྗེ་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སྡེ་ཁག་གི་ཀྲུའུ་རེན་གཙོ་བོ་ཡིན་པའི་ངོས་ནས་ཡེ་ཤེས་ལྷ་མོ་དང་བརྩོན་འགྲུས། སངས་རྒྱས་བཅས་སློབ་གླིང་ནས་ཉར་རྒྱུའི་གཏན་འཁེལ་བྱས། སློབ་མཐར་དངོས་སྦྱོང་གི་སྐབས་སུའང་བླ་བྲང་དུ་འཁོར་ནས་བསྡད་དེ་ཕ་ཡུལ་གྱི་གངས་ལྷ་མེ་ཏོག་དང་རྒྱང་ཐག་རིང་ཙམ་གྱེས། བརྩོན་འགྲུས་རྒྱ་མཚོ་ཕ་ཡུལ་དུ་ལོག་ནས་གངས་ལྷ་མེ་ཏོག་དང་མཉམ་དུ་ཕ་ཡུལ་གྱི་སློབ་གསོ་སྐྱོང་རྒྱུ་ཡིན་ནམ། ཡང་ན་ཡེ་ཤེས་ལྷ་མོ་དང་མཉམ་དུ་གྲོང་ཁྱེར་གྱི་འཚོ་བ་སྐྱེལ་རྒྱུ་ཡིན་སོགས་མགོ་བོ་མགལ་མེ་བཞིན་འཁོར་བའི་དུས་སུ་གློ་བུར་དུ་གངས་ལྷ་མེ་ཏོག་ལ་དོན་དག་བྱུང་བའི་གཏམ་ངན་ཁྱེར་ཡོང་། མ་གཞི་གངས་ལྷ་མེ་ཏོག་གིས་སློབ་གྲྭ་གསར་དུ་གནས་སྤོར་བྱས་པའི་སློབ་གྲྭའི་ཉེ་འཁོར་གྱི་གྲམ་པ་སྐམ་པོ་དེར་ཆུ་ལོག་བྱུང་ནས་སློབ་མ་ཆུང་ཆུང་གཉིས་ཆུ་ལོག་གིས་ཁུར་པའི་ཉེན་ཁའི་མདུན་དུ་མོས་རང་སྲོག་བློས་བཏང་བ་རེད།

སྐབས་དེར་བརྩོན་འགྲུས་རྒྱ་མཚོས་གྲོགས་པོ་སངས་རྒྱས་ལ“གྲོགས་པོ་ལགས། ང་གྲོང་ཁྱེར་དུ་འདུག་པའི་ལས་དབང་དེ་མི་འདུག ངའི་ལས་དབང་ནི་ཤར་ལུང་ཚོ་དྲུག་ནང་དུ་ཡོད་པ་ཡིན། ང་མོའི་རྗེས་སྐྱོང་བ་བྱེད་དུ་འགྲོ་དགོས། ངའི་ལས་གནས་གཞི་རིམ་དུ་སྤོར་བའི་དོན་དེ་ཁྱོད་ཀྱིས་སྒྲུབ་རོགས་ཞུ”ཞེས་དེ་གའི་དོན་དག་ཡོད་ཚད་སངས་རྒྱས་ལ་བཅོལ་ཏེ་ཕ་ཡུལ་དུ་ལོག་ནས་གངས་ལྷ་མེ་ཏོག་གི་ལས་གནས་ཀྱི་རྒྱུན་བསྐྱངས།

ཉིན་ཞིག་བརྩོན་འགྲུས་རྒྱ་མཚོས་ཁེར་རྐྱང་གི་གདུང་བ་སེལ་ཕྱིར་གངས་ལྷ་མེ་ཏོག་དང་གཉིས་རྒྱུན་དུ་འགྲོ་སའི་དེའུ་འབུར་དེའི་མགོར་བུད་དེ། ནམ་རྒྱུན་རང་གིས་འབུད་ལོབས་སུ་སོང་བའི་དིང་གླིང་དེ་ཁེར་འབུད་བྱེད་བཞིན་སྡོད་དུས། གཞུང་ལམ་གང་ཞིག་རི་འབུར་སབ་སོབ་མང་པོའི་ནང་དུ་ཟུག་པའི་བར་དེར་མི་ཞིག་གི་གཟུགས་བརྙན་མངོན་ཡོང་། མི་དེའི་གོམ་འགྲོས་མྱུར་ལ་གོམ་པ་ལེན་ཚད་ཀྱང་རིང་བས། མྱུར་བ་མྱུར་བར་མ་གལ་སྡོང་རྒན་ཡོད་པའི་མཚམས་དེར་སླེབས་བྱུང་། དེ་ཡིས་ལུས་སུ་རླུང་ལྭ་དམར་པོ་ཞིག་གོན་ཡོད་པ་ལས་བུད་མེད་ཅིག་ཡིན་པ་ཤེས་ནུས་ལ། རྒྱབ་ཏུ་རྒྱབ་ཁུག་ཁྲ་བོ་ཞིག་ཁུར་པ་ལས་ཤར་ལུང་ཚོ་དྲུག་ཕྱོགས་ཀྱི་འགྲུལ་པ་ཞིག་ཡིན་པའང་རྟོགས་ཐུབ། །

6.《ཀླུ་སྒྲུབ་དགོངས་རྒྱན》དགེ་འདུན་ཆོས་འཕེལ་གྱིས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2019ལོའི་པར་ཐེངས་གཉིས་པ།

དེབ་འདིའི་ནང་དབུ་མའི་ཟབ་གནད་སྙིང་པོར་དྲིལ་ཏེ། ཡོད་མེད་དང་ཡིན་མིན་སོགས་ཀྱི་རྣམ་གཞག་རྒྱ་ཆེར་སྤྲོས་ཤིང་། ཐ་སྙད་ཚད་མས་མ་གྲུབ་པའི་ལྟ་བ་ཁྱད་དུ་བཏོན་ཡོད།

7.《ཧི་མ་ལ་ཡ་བརྒལ་བ》རྨེ་རུ་ཡུལ་ལྷ་ཐར་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2021ལོའི་པར་མ།

དེབ་འདིའི་ནང་དུ་ཧི་མ་ལ་ཡའི་ས་ཁུལ་དུ་བོད་དང་འབྲེལ་བ་ཟབ་པའི་མི་རིགས་དང་ཚོགས་སྡེ་མང་པོ་ཞིག་ནུབ་ནས་ཤར་ལ་བརྐྱངས་པའི་ཟོལ་གྱིས་རིམ་པ་བཞིན་གནས་ཡོད་ཅིང་། བྱང་རྒྱུད་ཀྱི་བོད་མི་རྣམས་ཀྱིས་ཡུལ་འདིར“ཧི་མ་ལ་ཡའི་རོང་མགོ་བཅོ་བརྒྱད”དང“ནེ་པལ་དུར་གམ་བཅོ་བརྒྱད”ཅེས་འབོད་ལ། ཧི་མ་ལ་ཡའི་རི་རྒྱུད་ལྷོ་ངོས་སུ་རིམ་པར་ཁུ་ནུ་དང་ལ་དྭགས། གར་ཞ། ཟངས་དཀར། སྤི་ཏི། མུ་གུམ། དོལ་བོ། གློ་བོ། ཡོལ་མོ། སྙེ་ཐང་། ཤར་པ། འབྲས་ལྗོངས། འབྲུག་ཡུལ་སོགས་ཆགས་ཡོད་ཅིང་། དེ་དག་ལ་བོད་ཀྱི་རིགས་རྒྱུད་དང་གཉེན་འབྲེལ། རིག་གནས་སོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན། དེབ་འདིར་བལ་བོ་དང་གློ་བོ། ཀ་ཋ་མན་ཊུ། འབྲུག་ཡུལ་སོགས་སུ་སྔ་གཞུག་ཐེངས་གཉིས་ལ་རིག་གནས་ཀྱི་ལྗོངས་རྒྱུ་བྱས་པའི་ཉིན་ཐོ་རྣམ་པའི་ཟིན་བྲིས་དང་སྐབས་བབ་ལོ་རྒྱུས། པར་རིས་སོགས་བསྒྲགས་མར་བཀོད་ཡོད་པའི་ཧི་མ་ལ་ཡའི་ལྷོ་རྒྱུད་རི་ཁུལ་མྱུལ་བའི་རིག་གཞུང་རྟོག་ཞིབ་ཟིན་ཐོ་ཞིག་ལགས། རྩོམ་པ་པོའི་རིག་ལམ་གསལ་ལ་ཟིན་ཐོའང་ཧ་ཅང་ཞིབ་ཚགས་ཀྱི་རྣམ་པར་ཡོད་པས། ཧི་མ་ལ་ཡའི་ལྷོ་རྒྱུད་ལ་ལྗོངས་རྒྱུ་དང་ཞིབ་འཇུག་བྱེད་མཁན་ཚོས་མ་བཀླགས་ཐབས་མེད་ཀྱི་དེབ་ཅིག་ཏུ་ངོས་འཛིན་བྱས་ཡོད། །

8.《ཝང་རུའོ་ཧྥེ་བཙོན་རར་འདུག་སྐབས》དབྱང་ཀྲི་ལིན་དང་ཆའོ་མིན་ཕུ་གཉིས་ཀྱིས་བརྩམས། བསམ་གཏན་གྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2021 ལོའི་པར་མ།

དེབ་འདིའི་ནང་དུ་བློ་མཐུན་ཝང་རུའོ་ཧྥེ་ཡིས་བཙོན་རར་འཐབ་རྩོད་བྱས་པའི་དཔའ་རྟུལ་གྱི་བྱས་རྗེས་སྐོར་བཀོད་འདུག བློ་མཐུན་ཝང་རུའོ་ཧྥེ་དེ་ཉིད་བཙོན་རར་ལོ་ལྔ་དང་ཟླ་ངོ་བདུན་ལ་བསྡད་པའི་རིང་། མཐའ་གཅིག་ཏུ་མང་ཚོགས་ཀྱི་རྒྱབ་རྩ་ནས་ལངས་ཏེ། ལོག་སྤྱོད་པའི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཤིང་། བཙོན་ཁང་ནང་ཁུལ་གྱི་མཐུན་སྒྲིམ་དམ་འཛིན་དང་། ཕན་ཚུན་རོགས་རེས། གཞན་ལ་ངལ་མེད་སློབ་སྟོན་མཛད་པ་ནས། གུས་འཐབ་འཛིང་བྱེད་པ་སྤྱད་དེ། གུང་ཁྲན་ཏང་ཡོན་ཞིག་གི་བླ་ན་མེད་པའི་སྤྱོད་བཟང་མངོན་པར་མཚོན་ཡོད། བཙོན་ཁང་ནས་ཁོང་གིས་ད་དུང་། “ཆབ་སྲིད་ཉེས་ཅན”རྣམས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་དུ་བཅུག་པར་མ་ཟད། “བཙོན་མ་དཀྱུས་མ”རྣམས་ལ་སློབ་གསོ་བཏང་སྟེ། མི་ཚེའི་ལྟ་ཚུལ་དང་། གུང་ཁྲན་རིང་ལུགས་ཀྱི་ལྟ་བ་མངོན་པར་ཆགས་པར་བྱས་ཤིང་། སྲན་མོ་སོགས་བཙོན་ཁང་ནང་ནས་ཏང་ནང་དུ་ཞུགས་སུ་བཅུག་པ་རེད། །

9.《ཁུ་ནུ་གངས་རི་བརྒལ་བའི་སྙིང་སྟོབས》—-ཤིན་ཅང་ནས་ཕྱིར་ལོག་བྱས་པའི་མི་སྣའི་ངག་ཐོག་ལོ་རྒྱུས། སྲིད་གྲོས་ནག་ཆུ་གྲོང་ཁྱེར་ལོ་རྒྱུས་རིག་གནས་གཞུང་ལས་ཁང་གིས་རྩོམ་སྒྲིག་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2020 ལོའི་པར་མ།

འདི་ནི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་ནང་བྱུང་བའི་དམིགས་བསལ་གྱི་ལོ་རྒྱུས་ཤིག་ཡིན། བོད་བྱང་ཐང་གི་འབྲོག་མི་མང་པོ་ཞིག་གིས་སེམས་ཀྱི་དག་ཞིང་དེ། ཨོ་རྒྱན་སྦས་ལུང་ཞེས་པའི་རྟོག་བཏགས་ཀྱི་དག་ཞིང་ཞིག་བཙལ་བཙལ་མཐར་ཞིན་ཅང་དུ་སླེབས་པའི་སྐོར་སོགས་འཁོད་ཡོད། ཨོ་རྒྱན་སྦས་ལུང་དུ་བགྲོད་མཁན་ནི་ཁམས་སྡེ་དགེ་ཕྱོགས་ནས་ཡོང་བའི་ར་བླ་མའི་ཕ་རྒན་ཡུང་གེ་བདུད་འདུལ་དང་། སྒར་དཔོན་ཆོས་འཛིན་གྱིས་སྣེ་ཁྲིད་པའི་དུད་ཚང18དང་། སྐྱེར་བའི་དམག་དཔོན་སྐར་དཔལ་གྱིས་སྣེ་ཁྲིད་པའི་དུད་ཚང25དང་། ནག་ཚང་སྒོམ་ནག་ནས་ཡིན་པའི་བརྒྱ་དཔོན་བློ་བཟང་དང་རྫ་ནག་མཚམས་པ། ཚེ་རིང་དབང་འདུས་བཅས་ཀྱིས་སྣེ་ཁྲིད་པའི་དུད་ཚང97བཅས་ཡིན་ཞིང་། གང་ལྟར་དཀྲོགས་གཏམ་ཞིག་ལ་ཉན་ཏེ། ལྷ་པར་ལྷ་ཕབ། མོ་པས་མོ་བརྒྱབ་ནས། ལ་འདིའི་ཕ་རོལ་ཏུ་འདུག ཆུ་འདིའི་ཕ་རོལ་ཏུ་འདུག སང་ཉིན་སླེབས་ས་རེད། གནངས་ཉིན་སླེབས་ས་རེད་ཟེར་ནས་བཤད་བཤད་པའི་མཐར་ཨོ་རྒྱན་སྦས་ལུང་འཇའ་ལྟར་ཡལ་ནས་ཤིན་ཅང་གི་ས་ཆར་སླེབས་པ་རེད། དེ་གར་བཅིངས་འགྲོལ་དམག་མི་དང་འཕྲད་དེ་ཁོ་ཚོའི་འཚོ་བར་བཀོད་སྒྲིག་ལེགས་པོ་བྱས་ཤིང་། ཕྱིས་སུ་གནམ་གཤིས་དང་ཁོར་ཡུག་འཕྲོད་མིན་གྱི་རྐྱེན་གྱིས་བོད་རིགས་འཚོ་སྡོད་བྱེད་སའི་ཁོར་ཡུག་དང་འཚམས་པའི་ས་ཆ་པཱ་དབྱིན་པུའུ་ལུའུ་ཁེ་རུ་བཀོད་སྒྲིག་བྱས་པ་རེད། པཎ་ཆེན་སྐུ་ཕྲེང་བཅུ་པ་སོག་ཡུལ་དུ་ཕེབས་དུས་ཚང་མས་ཕྱིར་བོད་དུ་ལོག་པའི་རེ་བ་ཞུས་ཤིང་། སྤྱི་ལོ 1986 ཡས་མས་སུ་སྔ་རྗེས་སུ་ཁྱིམ་ཚང་ཁ་ཤས་ལས་གཞན། སྡེ་བ་ཚང་མ་ཕྱིར་བོད་དུ་ལོག་པའི་ལོ་རྒྱུས་ཀྱི་བྱུང་རིམ་བཀོད་ཡོད། །

10. 《བཀའ་བློན་རྟོགས་བརྗོད》མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1981 ལོའི་པར་མ།

དེབ་འདིའི་ནང་དུ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ལམ། ཚངས་སྲས་དགྱེས་པའི་བློ་ལྡན་ཞེས་ཆོས་སྲིད་ལུགས་གཉིས་ཀྱི་མཁས་དབང་ཆེན་པོ། གནམ་བསྐོས་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་པོའི་དགུང་བློན་ཟླ་མེད་པར་གྱུར་པ་དེས།གནམ་གྱིས་ས་འགབ་པ་ལྟ་བུའི་སྐྱེས་ཆེན་དག་གི་དྲུང་ནས་དབང་ལུང་ཁྲིད་གསུམ་མནོས་ཚུལ་དང་། མངའ་འབངས་རྣམས་ལ་ཕྱོགས་རིས་དང་འཐེན་འཁྱེར་མེད་པར་ཆོས་སྲིད་ལུགས་གཉིས་ཀྱིས་བསྐྱངས་པའི་རང་གི་སྤྱོད་ཚུལ་དྲང་པོའི་ངག་གིས་གསོང་པོར་བརྗོད་ཡོད། །

11. 《རྭ་ལོ་ཙཱ་བའི་རྣམ་ཐར》རྭ་ཡེ་ཤེས་སེང་གེས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1990 ལོའི་པར་ཐེངས་གཉིས་པ།

དེབ་འདིའི་ནང་དོན་ནི། དེབ་འདིའི་ནང་དོན་མཚམས་སྦྱོར་མདོར་བསྡུས་ལས་གསུངས་པ་ལྟར། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ནི“ལ་སྟོད་ལྷོའི་ཆ་སྙེ་ནམ་གླིང་ཡུལ་ཞེས་བྱ་བར་ཡབ་རྭ་སྟོད་དཀོན་མཆོག་རྡོ་རྗེ་དང་ཡུམ་རྡོ་རྗེ་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྤྱི་ལོ1016ལོར་སྐུ་འཁྲུངས། ཆུང་དུས་ནས་ཡི་གེ་འབྲི་ཀློག་དང་དབུ་ཅན་དབུ་མེད། ལན་ཝར་སོགས་རྒྱ་བལ་གྱི་ཡི་གེ་དག་ཀྱང་ཚེགས་མེད་དུ་མཁྱེན། དགུང་ལོ་ཉེར་ལྔ་བཞེས་པ་ནས་སྔ་ཕྱིར་རྒྱ་བལ་དུ་ལན་བཞིར་བྱོན་ཏེ་བླ་མ་བྷ་རོའི་ཞབས་པད་བསྟེན་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གདམས་པས་གཙོས་ཟབ་རྒྱས་ཀྱི་ཆོས་རྣམས་གསན་བཞེས་མཐར་ཕྱིན་པ་མཛད། དེ་ནས་དཔལ་ན་ལེནྡྲར་པཎྜི་ཏ་མེན་ཛ་གླིང་པས་མཁན་པོ་དང་མངའ་བདག་མེ་ཏྲི་བས་སློབ་དཔོན་མཛད་དེ་དགེ་ཚུལ་སློང་གི་སྡོམ་པ་བཞེས། ཕྱིས་སུ་གཙོ་བོ་བོད་ཁམས་སུ་བཞུགས་ནས་ཡུལ་གྲུ་མང་པོར་ཕྱག་ཕེབས་ཏེ་གདུལ་བྱ་གྲངས་མེད་པ་ཡ་རབས་དང་དམ་པའི་སྤྱོད་པ་གཞུག་པར་མཛད།ནད་པ་ལ་སྨན་སྦྱིན་དང་དབུལ་ཕོངས་ལ་ནོར་སྦྱིན་གཏོང་བ། དགྲ་ཇག་ཆོམ་རྐུན་སོགས་སྐྱེ་བོ་མི་བསྲུན་པ་བཏུལ་བ། འཐབ་རྩོད་འཁྲུག་ལོང་སྡུམ་པ་དང་སྐྱེ་འགྲོ་ཀུན་འཇིགས་པ་ལས་སྐྱོབ་པ། ཆུ་དཀོན་སར་ཁྲོན་པ་རྐོ་བ་དང་ཆུ་ཆེན་ལ་ཟམ་པ་འཛུགས་པ། ལམ་འཕྲང་ངན་པ་བཅོས་པ། གཙུག་ལག་ཁང་མང་པོ་བཞེངས་པ། བསྟན་བཅོས་སྒྱུར་བའམ་རྩོམ་པ་སོགས་སྐུ་ཚེ་མཐའ་འཁྱོལ་བར་དུ་གཞན་དོན་འབའ་ཞིག་ལྷུར་བཞེས་པའི”མཛད་པ་འཕྲིན་ལས་མངོན་པར་སྤྲོས་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།