རང་ཉིད་ཀྱི་གཟུགས་བྱད་ལ་རང་དམན་གྱི་བསམ་པ་ཡོད་ཚེ་ཇི་ལྟར་བྱེད་དགོས།

གཟུགས་བྱད་ནི་ཕ་མས་གནང་ཞིང་ལྷན་སྐྱེས་ཀྱི་དངོས་པོ་ཞིག་ཡིན་པས། ང་ཚོས་དང་ལེན་བྱེད་དགོས། རང་ཉིད་ཀྱི་གཟུགས་བྱད་དེ་ག་འདྲ་ཞིག་ཡིན་རུང་། གལ་ཏེ་ཁྱོད་ཀྱིས་དང་ལེན་བྱེད་མ་ཐུབ་ན། ཁྱོད་ཀྱི་ནང་སེམས་རང་བཞིན་གྱིས་མི་སྐྱིད་པ་འབྱུང་ངེས།

ང་ཚོ་སུ་ཡིན་རུང་རང་ཉིད་མཛེས་པར་བྱེད་ཆོག “མཛེས་པར་དགའ་བའི་སེམས་པ་དེ་སྐྱེ་བོ་ཀུན་ལ་ཡོད་པ་ཡིན”ཞེས་པ་ནང་བཞིན་མི་སུ་ཞིག་ཡིན་རུང་རང་ཉིད་ལ་གཟུགས་བྱད་ཡག་པོ་ཞིག་ཡོད་ན་འདོད་མོད། འོན་ཀྱང་ལྷན་སྐྱེས་ཀྱི་མཛེས་པ་དེ་སུ་ལའང་ཡོད་པ་ཞིག་གཏན་ནས་མིན། དེའི་ཕྱིར། རང་ཉིད་ཀྱི་གཟུགས་བྱད་མི་ལེགས་སྙམ་ནས་རང་དམན་གྱི་བསམ་པ་འཛིན་པ་ལས། རང་ཉིད་ཀྱི་ཉམས་སྣང་དང་སེམས་ཁམས་ཇེ་ཡག་ཏུ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། དཔེར་ན། ང་ཚོས་ཕན་ཐོགས་ཆེ་བའི་དཔེ་ཆ་འགའ་བཀླགས་ཏེ་རང་ཉིད་ཀྱི་ཤེས་བྱའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། བསམ་བློའི་འཁོར་རྒྱ་ཇེ་ཆེར་གཏོང་དགོས། “ཁོག་ན་ཡོན་ཏན་ཡོད་ན་ཉམས་དང་ལྡན།”ཞེས་པ་བཞིན་དཔེ་ཀློག་གི་རྒྱུན་བསྐྱངས་ན་རང་ཉིད་རང་ལ་ཡིད་ཆེས་ཡོད་པར་གཏོང་ཐུབ། ཁྱོད་ལ་གསེར་ལས་ལྷག་པའི་བསམ་པ་བཟང་པོ་ཞིག་ཡོད་ཚེ། སློབ་གྲོགས་ལ་རོགས་བྱེད་པའི་སྤྲོ་བ་དེས་རང་ཉིད་ཀྱི་སེམས་ཁམས་ཇེ་ལེགས་སུ་གཏོང་ཐུབ། ཁྱོད་རང་འཐད་པ་ཡིན་ན། ཁྱོད་དངོས་གནས་མཛེས་ཀྱང་ཆོག དེ་ལྟར་ཡིན་ཚེ་གཞན་གྱིས་ཁྱོད་ལ་མོས་མཐུན་གྱི་ལྟ་བ་འཛིན་ངེས་རེད།

རང་ཉིད་ཀྱི་ཁྱད་ཆོས་འདོན་སྤེལ་བྱེད་པ།

མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་ཅེས་པ་ནང་བཞིན། མི་སུ་ཞིག་ཡིན་རུང་ལུས་སྟེང་དུ་དེ་ལ་དེ་འཚམ་གྱི་ཁྱད་ཆོས་དང་སྐྱོན་ཆ་ཞིག་ཡོད་པ་རེད། རྒྱུན་པར་རང་ཉིད་ཀྱི་མི་འདང་ས་དང་སྐྱོན་ཆར་མི་བལྟ་བར་རང་ཉིད་ཀྱི་ཁྱད་ཆོས་དེ་རྙེད་ཅི་ཐུབ་བྱེད་དགོས། རང་ཉིད་ཀྱི་ནུས་པ་དང་ཁྱད་ཆོས་ལ་བརྟེན་ནས་རང་ཉིད་ཀྱི་འགུལ་སྐྱོད་ཁྲོད་བརྗིད་ཉམས་མངོན་ན་མི་གཞན་གྱིས་ཁྱོད་ཀྱི་བྱ་སྤྱོད་དང་ནུས་པར་བསྟོད་བསྔགས་བྱས་ནས་ཁྱོད་རང་ཡིད་ཆེས་ཡོད་པ་ཞིག་ཏུ་འགྱུར་ཐུབ། དཔེར་ན།ལུས་རྩལ་བྱ་འགུལ་ཁྲོད་རང་ཉིད་ཀྱི་ལུས་པོའི་བདེ་ལྕག་འཁྱུག་པའི་ཁྱད་ཆོས་འདོན་སྤེལ་བྱེད་པ་དང་། རང་ཉིད་ཀྱི་ཁྱད་ཆོས་མངོན་ན་སློབ་གྲོགས་དང་དགེ་རྒན་གྱི་ཁས་ལེན་ཐོབ་ཀྱིན་ཡོད་པས། རང་ཉིད་རང་ལ་ཡིད་ཆེས་ཡོད་པ་ཞིག་ཏུ་འགྱུར་ཐུབ་པ་མ་ཡིན་ནམ།

རང་གིས་རང་ལ་བསྡུར་བ་ལས་མི་གཞན་ལ་བསྡུར་མི་རུང་།

མིས་མིལ་བསྡུར་ན་སེམས་མི་བདེ་སྤྱད་ཀྱི་གཞི་མ་ཡིན་ཟེར་བ་བཞིན། ཁྱོད་ཀྱིས་ཇི་ལྟར་འབད་པ་བྱས་ནས་མི་ཕུལ་བྱུང་ཅན་ཞིག་ཏུ་གྱུར་རུང་། ཁྱོད་ལས་ལྷག་པའི་མི་ཞིག་དུས་ནམ་ཡང་ཡོད་ངེས་པས། ཁྱོད་ཀྱིས་རྒྱུན་པར་མི་གཞན་པ་དང་བསྡུར་ན་རང་སེམས་མི་སྐྱིད་པའི་སྣང་བ་སྐྱེ་ངེས།

རང་གིས་རང་ལ་བསྡུར་ཤེས་པར་འབད་དགོས། སློབ་སྦྱོང་གི་འཚོ་བའི་ཁྲོད་རང་ཉིད་འཕེལ་རྒྱས་ཡོང་གིན་པ་ཤེས་རྟོགས་བྱུང་ན། རང་གིས་རང་ལ་བསྟོད་པ་བྱས་ཏེ་རང་ཉིད་ཀྱི་ཡིད་ཆེས་ཇེ་ཆེར་གཏོང་དགོས།

སྤོབས་པ་ཆེན་པོས་མི་གཞན་དང་འབྲེལ་འདྲིས་བྱེད་དགོས།

གལ་ཏེ་ཁྱོད་ཀྱིས་རང་ཉིད་ལ་སྐྱེ་འབྲས་ལེགས་པོ་ཞིག་མེད་པའི་དོན་དངོས་ཁས་བླངས་ཏེ། སེམས་ཁམས་ཡག་པོ་གསོ་སྐྱོང་བྱེད་པ་དང་རང་ཉིད་ཀྱི་ཁྱད་ཆོས་མངོན་ཅི་ཐུབ་ཀྱིས་སྤོབས་པ་ཆེན་པོས་མི་གཞན་དང་འབྲེལ་འདྲིས་གང་ལེགས་བྱེད་དགོས། ང་ཚོའི་སེམས་ལ་ངེས་དགོས་པ་ནི་མི་མང་པོ་ཞིག་གིས་མི་དེའི་མི་རྒྱུད་ཡག་མིན་བརྡར་ཤ་གཅོད་བྱེད་ཀྱི་ཚད་ཐིག་ནི། སེམས་དང་བསམ་པ་བཟང་མིན་ལ་བལྟ་བ་ལས་ཕྱི་ཚུལ་མཛེས་མི་མཛེས་ལ་བལྟ་བ་མིན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།