ཨ་མ་ནི་ངའི་སྐྱེ་བ་གཅིག་གི་དྲན་ཤིང་ཡིན།

ལོ་ཟླ་དང་ཉིན་ཞག་རེ་རེ་འདི་ལྟར་བཞུད་རྗེས། ངས་རང་ཉིད་ཀྱི་ཨ་མར་སྙིང་ཉེ་བའི་ངང་འོ་ཞིག་བྱ་འདོད། ཆུང་དུས་ནས་ད་ལྟའི་བར་དུ་ངའི་ཨ་མས་སེམས་ངལ་དང་དཀའ་ཁག་ཡོད་ཚད་ངེད་ཅག་གི་ཆེད་དུ་བཏང་ཞིང་ངེད་ཅག་གི་ཆེད་དུ་ཟད། ད་ལྟ་ངའི་ཨ་མ་ནི་མི་ལོ་ལྔ་བཅུའི་ཐེམ་སྐས་བརྒལ་ཟིན་པའི་འབྲོག་པའི་བུད་མེད་ཡ་རབས་ཤིག་ཡིན། མོ་ནི་ཆུང་དུས་ནས་ད་ལྟའི་བར་དུ་དཀོན་མཆོག་ལ་ཡིད་ཆེས་བཅོལ་ཞིང་ལས་འབྲས་དཔང་བོར་བརྩི་བའི་བོད་རིགས་བུད་མེད་མཛངས་མ་ཞིག་ཡིན། ཆུང་དུས་ནས་དཀའ་སྡུག་གི་ལོ་ཟླ་མང་པོ་ཞིག་དཔའ་མཛངས་དང་སྙིང་སྟོབས་ཀྱིས་བརྒལ་ནའང་། མོས་ད་དུང་ངེད་ཅག་གི་ཆེད་དུ་སེན་མགོ་ཁྲག་དང་སེན་རྩ་རྣག་ཏུ་གྱུར་ནས་ལང་ཚོ་ལོ་ཟླའི་གོ་རིམ་ཅི་འདྲ་ཞིག་ཏུ་བསླེབས་ཡོད་པ་ཚོར་གྱིན་མེད་པ་ནི་ཅི་འདྲའི་ཤ་ཚ་ཞིང་སྙིང་ཉེ་བ་ཞིག་རེད་ཨང་།

ང་རང་མི་ལོ་མང་པོ་ཞིག་གི་སྔ་རོལ་ནས་ཕ་ཡུལ་དང་ཁ་བྲལ་ཞིང་། ཨ་མའི་བརྩེ་འདང་དང་ཞེན་ཆགས་མཐའ་དག་སྣང་མེད་དུ་བཞག་ནས་རྒྱང་རིང་གི་ས་མཐར་འགྲོ་དུས། ཨ་མ་ནི་ལོ་གཉིས་ལོ་གསུམ་ཅན་གྱི་བྱིས་པ་ཞིག་དང་འདྲ་བར་ངའི་རྗེས་སུ་མིག་ཟུང་ཀེམ་ཀེམ་ངང་སྡུག་བསྔལ་གྱིས་ཡ་ཁོག་དཀྲུགས་ནའང་། ད་དུང་ཡིན་མདོག་གི་མགོ་བོ་མཐོ་རུ་བཏེགས་ཏེ་ལམ་ནས་སེམས་ཆུང་གྱིས་ཞེས་ངག་འདར་འདར་གྱིས་ཡང་ཡང་བཤད་ལ། ལས་དབང་དང་ལམ་ཡིག་གིས་དེད་པའི་འཁྱམ་སྐྱོད་པ་ང་རང་སྔར་བཞིན་ལམ་ལ་ཆས་དགོས། ང་ཐག་རིང་དུ་འགྲོ་ཐེངས་རེ་རེར་ཨ་མའི་སེམས་པ་ནི་ངོ་མ་སྙིང་ལ་གྲིས་གཙགས་པ་ལྟར་ན་ཟུག་བཟོད་ཐབས་བྲལ་ནའང་ང་རང་སྔར་བཞིན་ལམ་ལ་ཆས་པ་ཡིན། ཨ་མས་ནམ་རྒྱུན་འདི་ལྟར་ཟེར། ཁྱོད་རང་སོང་རྗེས། ང་ཕྱིར་ཁྱིམ་དུ་ལོག་པ་ན་ཁྱིམ་གྱི་ཡོད་ཚད་སྟོང་སང་ངེར་འདུག ཁྱོད་སོང་རྗེས་ངས་ཁྱིམ་འདི་རུ་མགོ་བོ་གཏང་མི་འདོད་ཟེར། ཨ་མའི་བྱམས་བརྩེ་ནི་རི་རབ་ལས་དཔངས་མཐོ་ཞིང་། རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་མ་ཡིན་ནམ།

ངའི་ཨ་མ་ནི་ང་ལ་ཞེ་འདང་ཧ་ཅང་ཟབ། སྤྱིར་ཨ་མ་ཡོད་ཚད་རང་ཉིད་ཀྱི་བུ་ཕྲུག་ལ་ཤ་ཚ་ཞིང་སྙིང་ཉེ་བ་གཅིག་མཚུངས་ཡིན་མོད། ངའི་སྣང་ངོར་ངའི་ཨ་མ་ནི་དེ་དག་དང་མི་འདྲ་བར་ང་ལ་དམིགས་བསལ་གྱིས་ཞེན་ཆགས་དང་འདང་བརྩེ། དུངས་པ་ལྷག་མ་ཞིག་ཡོད་པའི་ཚོར་བ་འདུག ལོ་ངོ་འདི་དག་གི་རིང་ལ་ངས་ནམ་རྒྱུན་ཨ་མ་དང་མཉམ་དུ་འདུག་པའི་དུས་ཚོད་བརྩོན་ལེན་བྱས་པ་ཡིན། ཨ་མའི་ལག་ཟུང་དང་སྐྲ་ལོ། གདོང་གི་གཉེར་མ་རྣམས་རེ་རེ་བཞིན་མཐོང་དུས། ཨ་མས་ཁྱིམ་ལས་ཙག་ཙིག་ཅིག་ལས་དུས་སེམས་སུ་བཟོད་ཐབས་བྲལ་བའི་སེར་སྣ་དང་ན་ཟུག་ཅིག་སྐྱེས་ཡོང་། དེ་དུས་ངས་ཨ་མར་ཁྱེད་ཀྱིས་དེ་དག་ལས་མི་དགོས་ཞེས་ཡང་ཡང་བཤད་ནའང་། ཨ་མ་ནི་སྔར་བཞིན་ངལ་བ་མེད་པར་འཁྱར་འཁྱོར་གྱི་གོམ་ཁ་ལྷོད་མཚམས་མི་འདུག

ལོ་ངོ་འདི་དག་གི་ནང་དུ་ངས་རང་ཚོད་ཀྱིས་ཨ་མར་སྒོར་མོ་རེ་བྱིན་ཅིང་གྱོན་པ་སྤུས་དག་རེ་ཉོ་ཐབས་བྱས་པ་ཡིན། དེ་ལྟར་བྱས་ན་མོས་ནམ་རྒྱུན་ངའི་དེ་དག་དང་ལེན་མི་བྱེད་པའི་ཁར་ང་ལ་སྒོར་མོ་ཡོད་ཅེས་ང་རང་འགོག་ཅི་ཐུབ་བྱེད། ངས་ཀྱང་རྩེད་མཚར་དང་དོན་གཏམ་འདྲེས་མའི་ངང་ཨ་མ་ཁྱོད་ཀྱིས་ང་ལ་བསོད་ནམས་ཤིག་བསག་ཏུ་ཆུགས་དང་ཞེས་ཡང་ཡང་བཤད་པ་ཡིན། ལོ་འགའི་སྔོན་དུ་ངའི་ཕ་ཡུལ་གྱི་གོམས་སྲོལ་ལྟར་ངའི་ཨ་མ་ལགས་ལའང་ཇ་དགེ“གསོན་དགེ”ཞིག་བྱས། དེ་དུས་ངས་ཨ་མར་སྒོར་མོ་སྟོང་ཕྲག་གཉིས་ཙམ་ཕུལ་བ་དང་ཞོགས་པ་དེའི་ནངས་མོར་ཡང་ལྷ་དར་དཀར་པོ་ཞིག་དང་དེའི་སྟེང་སྒོར་མོ་བརྒྱ་བཞག་སྟེ་ཡང་བསྐྱར་རྟེན་འབྲེལ་གྱི་ཚུལ་དུ་སྐད་ཆ་རེ་འགའ་བཤད་པ་ཡིན། དེ་དུས་གློ་བུར་དུ་ངའི་མགྲིན་པ་ཡོངས་སུ་བརྣངས་ཤིང་། ངག་ནས་སྐད་ཆ་གང་ཡང་མི་འཁྲོལ་བར་ཡུན་རིང་ཞིག་ལ་ངུ་དགོས་བྱུང་སོང་། རྒྱུ་མཚན་དང་རྒྱུ་རྐྱེན་གང་ཡང་མེད་ནའང་། ང་རང་ཡུན་རིང་ཞིག་ལ་ངུ་དགོས་བྱུང་སོང་། དེ་དུས་ཨ་མས་ད་མ་ངུ་མི་མང་པོ་འདུག་ཅེས་ཡང་ཡང་བཤད་པས། ངས་ཀྱང་བཙན་ཚུགས་ཀྱིས་བསྲན་པ་ཡིན། མི་རེ་འགས་འདི་ལ་ཅི་བྱུང་སོང་ངམ་བསམ་གྱིན་པ་འདྲ་སྟེ། མིག་རིག་རིག་གིས་ང་ལ་ཡང་ཡང་ལྟ། ང་ལ་མཚོན་ན་ནམ་རྒྱུན་ཨ་མར་མང་པོ་ཞིག་ཆད་ཡོད་པས་སེམས་གཏམ་མང་པོ་ཞིག་བཤད་ན་འདོད་མོད། མགྲིན་པ་བརྣངས་རྗེས་ངས་བཤད་འདོད་པའི་སྐད་ཆ་ཡོད་ཚད་དེ་ལྟར་ཕྱིར་མིད་དགོས་བྱུང་།

ང་རང་ཕ་ཡུལ་ནས་སྡོད་དུས་མཚན་མོ་ཉལ་འཕྱི་ཞིང་ནངས་མོར་ལངས་འཕྱི་བའི་རིགས་སུ་གཏོགས་པ་དེ་ཡིན་པས། ཉིན་དཀར་ཕག་ལྟར་ཉལ་ནས་བསྡད་ན། ཨ་མ་ངའི་ཉལ་ཁང་དུ་མི་ཡོང་བར་མ་ཟད། སྒོ་ཁ་ནས་ཕར་འགྲོ་ཚུར་འགྲོ་བྱེད་དུས་ཀྱང་དལ་མོར་འགྲོ་བ་དང་ཁྲོག་སྒྲ་དང་ཆོམ་སྒྲ། ཐ་ན་ལྷམ་གྱི་ཐྲིག་ཐྲིག་གི་སྒྲ་ཙམ་ཡང་མེད་པར་འགྲོ་ངེས་ཡིན། འདི་ནི་ཨ་མས་གཅེས་ལངས་སུ་སོང་བའི་བུ་ཆུང་གི་ལྷིང་འཇགས་དང་རྨི་ལམ་དཀྲོག་མ་འདོད་པ་མ་ཡིན་ནམ། ང་རང་འཇིག་རྟེན་འདིར་སྐྱེས་པའི་ཉིང་དགོས་ཅུང་ཙམ་ཡོད་པ་ནི་ངས་རང་ཉིད་ཀྱི་ཨ་མར་རེ་བ་ཨེན་ཙམ་བྱིན་ཡོད་པ་དེ་མ་ཡིན་ནམ། ཨ་མས་ནམ་རྒྱུན་ང་ལ་འདི་ལྟར་ཟེར་ཏེ་ང་རང་མི་ཚེ་འདིར་ཁྱོད་ལ་སེམས་ཁྲལ་གང་ཡང་མི་འདུག ཁྱོད་ནི་རང་མགོ་ཐོན་ཅིང་རང་ལམ་བཙལ་ཐུབ་པའི་མི་ཞིག་ཡིན། ང་ཁྱོད་ལ་སེམས་ཁུར་གང་ཡང་མི་འདུག་ཅེས་ཡང་ཡང་བཤད་མྱོང་ཡོད། འདི་ནི་ངས་ང་རྒྱལ་གྱི་མགོ་བོ་འདེགས་ཐུབ་པའི་སྤོབས་པ་ཞིག་ཡིན། གང་ལྟར་ངས་རྒས་བཞིན་པའི་རང་ཉིད་ཀྱི་ཨ་མའི་ལང་ཚོ་དང་ལུས་པོ། ད་དུང་རང་དགར་མི་འདུག་པར་ཁྱིམ་གྱི་ལས་ཀ་ཡོད་ཚད་ཀྱི་ཆེད་འདུར་གྱིན་པ་མཐོང་ན། ངོ་མ་སེམས་བསམ་པའི་གཏིང་དང་ཤ་རུས་པའི་གསེང་ལ་ཙག་ཤད་ཡང་ཡང་རྒྱུག ང་རང་ས་མཐར་ཉུལ་ནས་མི་ལོ་ཧྲིལ་པོ་བཅོ་ལྔ་འདས་ཤིང་། ཆ་རྐྱེན་ཡོད་མེད་དང་སྟབས་བདེ་ཡིན་མིན་གྱི་དུས་ཚོད་མང་པོ་ཞིག་གི་ནང་དུ་ཨ་མར་ཁ་པར་གཏོང་བ་དང་སྐད་འཕྲིན་ལས་ཁ་བརྡ་བྱ་རྒྱུ་ནི་འཚོ་བའི་གྲུབ་ཆ་དམིགས་བསལ་བ་ཞིག་ཏུ་ཆགས་པ་ནས་བཟུང་། ཉིན་རེའི་ཇ་ཐུན་རེ་རེ་བཞིན་ཨ་མར་པར་དང་བརྙན་ལམ་ནས་བསྐུར་རྒྱུ་ནི་གོམས་སྲོལ་ཞིག་ཏུ་གྱུར། དེ་ནི་ང་རང་ཁོམ་དྲགས་པས་མིན་ལ་འཚོ་བ་བཟང་སོང་བས་ཀྱང་མིན་མོད། ཨ་མ་ལ་ང་རང་སྐྱིད་པོ་བདེ་མོ་ཡིན་ཞེས་པའི་བརྡ་རྟགས་ཤིག་བསྟན་པ་ཡིན།

གང་ལྟར། ཨ་མ་ནི་ངའི་སྐྱེ་བ་གཅིག་གི་དྲན་ཤིང་དང་། ཚེ་རབས་དུ་མའི་བསོད་ནམས་ཡིན། ཨ་མ་ཡོད་པས་ད་གཟོད་ངས་མིག་ཆུ་དང་བརྩེ་དུང་གི་རིན་ཐང་རྙེད་ཡོད་ལ། ཨ་མ་ཡོད་པས་ད་གཟོད་ངས་འཇིག་རྟེན་འདིའི་དྲོད་ཁོལ་ཚོར་ཡོད། ནམ་ཞིག་གི་ཚེ་ན་ཨ་མ་ང་དང་བྲལ་སོང་ཚེ། ངའི་མིག་ཆུ་གཙང་པོར་འདྲེས་སྲིད་ལ། ངའི་ངུ་སྐད་ཀྱིས་སྟོང་གསུམ་བསྒུལ་ཡང་སྲིད། དེ་དུས་ངས་ཨ་མ་ལས་ལྷག་པའི་རྒྱབ་རི་དང་སེམས་རྟེན་ཞིག་གང་ནས་བཙལ་ཨང་། རྗེ་བཙུན་སྒྲོལ་མས་ང་ཡི་ཨ་མ་བསྐྱབ་པར་ཤོག འཇིག་རྟེན་སྟེང་གི་ཨ་མ་ཡོད་ཚད་བསྐྱབ་པར་ཤོག །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།