ཀྲུང་གོ་བོད་ཀྱི་དྲ་བ།

དྲན་པའི་ཀློང་གི་ཕ་ཡུལ་དང་ན་ཟླ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལྷ་དཀར་རྒྱལ།   སྤེལ་དུས། : 2021-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དྲན་པའི་གཞུ་མོ་ནང་དུ་བཀུག་ཚེ། དུས་ཀྱི་གཙང་པོ་ཟམ་མ་ཆད་པར་རྒྱང་ནས་རྒྱང་དུ་ཕྱིན་ཅིང་། བདག་དང་བདག་གི་ལྟེ་ཁྲག་འཕོ་སའི་ཕ་ས་ཕ་ཡུལ་དང་། བདག་གི་སྙིང་ཉེ་ཞིང་ཆུང་ནས་འདྲིས་པའི་རྩེད་གྲོགས་དག་གི་བར་ཐག་ཀྱང་རིམ་བཞིན་མི་མངོན་པའི་གཟུགས་ཀྱིས་ཇེ་རིང་ནས་ཇེ་རིང་དུ་འགྲོ་བཞིན་པ་ཡུན་གྱིས་ཚོར་ཡོང་།

ཉེ་བའི་ཆར། བདག་གིས་སླར་ཡང་དགེ་རྒན་ལྷ་རྒོད་ལགས་ཀྱིས་བསྐུར་བའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ལྷ་བྱམས་རྒྱལ་གྱི《ཕྱིར་ལོག་མི་ཐུབ་པའི་མི》ཞེས་པའི་རྩོམ་དེ་བཀླགས་པ་ཡིན། དངོས་གནས་ཡིད་སྨྲེང་བ། ཞེ་སྐྱོ་བ། སེམས་གཡོ་བ་ཞིག་བྲིས་འདུག རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་བརྩམས་ཆོས་མང་དག་ཅིག་ལ་བལྟས་པའི་བདག་ལ་མཚོན་ན། རྩོམ་འདི་བཀླགས་པས་སླར་ཡང་བསམ་གཞིག་གི་ཀློང་དུ་ཚུད་སོང་། རྩོམ་མཁན་ཁོང་གི་བརྩམས་ཆོས་མང་ཤོས་ཤིག་ཏུ་རང་གི་ཕ་ཡུལ་དང་བྱིས་དུས་བྲིས་འདུག དཔེར་ན། 《བོད་ཀྱི་གཅེས་ཕྲུག》དང《ནུབ་ཀྱི་སྐར་མ》《རྨ་འགྲམ་གྱི་ལྗོན་པ་ཁེར་སྐྱེས》སོགས་ལྟ་བུ་དང་། ཡང་བོད་ཀྱི་རྩོམ་མཁན་གྲགས་ཅན་ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་གཏམ《སྤྲིན་གྱི་རྫི་བོ》ཞེས་པར་ཡང་འབྲོག་པའི་བྱིས་དུས་ཀྱི་རྣམ་པ་རྐྱང་རྐྱང་ཞིབ་འབྲི་དང་བཞེངས་སྐྲུན་བྱས་འདུག འཛམ་གླིང་གི་རྩོམ་མཁན་གྲགས་ཅན་ཀོར་ཅིས་ཀྱང《བྱིས་དུས》ཞེས་པའི་གསུང་རྩོམ་གྲགས་ཅན་དེ་བརྩམས་པ་མ་ཡིན་ནམ།

མདོར་ན། ཕ་ཡུལ་དང་བྱིས་དུས། ན་ཟླ་དང་རྩེད་གྲོགས་སོགས་ནི་རྩོམ་རིག་བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དེ་ཡང་། རྩོམ་མཁན་རེ་རེར་རང་རང་གི་སེམས་ན་གཞན་གྱིས་མཚོན་དུ་མེད་པའི་ཕ་ཡུལ་དང་བྱིས་དུས་ཀྱི་ཕྱིར་དྲན། གཏམ་རྒྱུད་ཡིད་དུ་འོང་བ་རེ་ཡོད་པས་ཡིན་པ་གོར་མ་ཆག

ང་རང་སློབ་གྲྭར་མ་ཆས་གོང་དང་ཆས་མ་ཐག་གི་སྐབས་དེ་དག་ཏུ། ཕ་ཡུལ་གྱི་བྱིས་པ་རྣམས་ཕྱོགས་གཅིག་ཏུ་འདུས་ནས་རྡོ་དཀར་ནག་གིས་རྩེད་རྡོ་བསྒྲིགས་ཏེ་སྦྲ་ནག་དང་ནོར་ལུག་ཡིན་ཁུལ་བྱེད་ལ། ད་དུང་ཕན་ཚུན་ལ་ལོ་ཉུལ་བྱེད་ཁུལ་བྱེད་པའམ། ཡང་ན་བུ་བུ་མོའི་ཚུལ་གྱིས་ཆང་ས་རྒྱག་ཁུལ་ཡང་བྱེད་པའི་རྩེད་སྲོལ་སྙིང་ཉེ་བ་ཞིག་ཡོད། ད་དུང་མཚན་མོར་རུ་ཉུལ་ལ་སོང་སྟེ་ཞག་འདུག་བྱས་ན། རྒན་པ་དག་གི་ཞལ་ནས་གནའ་གཏམ་ལ་ཉན་པ་དང་། གབ་ཚིག་ཨེ་ཁེལ་ལ་བལྟ་བ། མ་ཁེལ་ན་ཕན་ཚུན་ལ་རུ་སྟེར་ཞེས“ཨ་ཕ་ཚེ་རིང་ཚང་དང་ལྕགས་ཐར་ཚང་བྱིན་པ་ཡིན”ཞེས་པ་ལྟ་བུའི་རྩེད་སྲོལ་མཆིས་ཤིང་། ཉིན་མོར་མཉམ་དུ་ཡ་རུ་དང་ཐོ་རུ་སོགས་བཟུང་སྟེ་སུ་ལ་སྐྱ་རྩལ་ཡོད་མེད་འགྲན་པར་བྱེད། དགུན་ཁར་ལྕི་བ་རློན་པ་རྭ་ཅོ་དང་ལྷན་དུ་སྦྱར་རྗེས་དར་ཤུད་སྟེག་སྤྱད་བྱེད་ངེས། དེ་ལྟར་རྩེད་མོར་བརྩེས་པའི་དགའ་སྤྲོ་ནི་དངོས་གནས་གནོན་ཐབས་བྲལ་བ་ཞིག་ཡིན་ཨང་། གཙང་སྦྲ་དེ་ཙམ་མེད་པར་ཁ་ཆུ་སྣ་ཆུ་བཞུར་གྱིན་པའི་སྐབས་ཀྱང་ཡོད་མོད་སེམས་ཁམས་ཟེར་བ་ནི་དངོས་གནས་སྐྱིད་པོ་ཞིག་ཡིན་ཨང་། དེའི་སྐབས་སུ་རྩེད་གྲོགས་དག་ཀྱང་ཕན་ཚུན་འཁོན་རེས་འགྲིག་རེས། རྡུང་རེས་མཐུན་རེས་བྱེད་ཀྱིན་ཡོད་ནའང་དོན་དངོས་སུ་ཕན་ཚུན་ལ་བརྩེ་བ་ཧ་ཅང་ཟབ་བོ། །

རང་ཉིད་རིམ་བཞིན་ནར་སོན་པར་བསྟུན་ཕ་ཡུལ་དུའང་གློག་རྡུལ་གྱི་རྩེད་མོ་སྣ་མང་ཅི་རིགས་མང་དུ་འཕེལ་ཞིང་བྱིས་པ་རྣམས་དེ་ལ་གཡེང་བའི་མཐོ་རླབས་ཆེས་ཆེར་འཕྱུར་ཏེ། སྔོན་གྱི་ཕ་མེས་ཀྱི་ངག་ན་ཡོད་པའི་གཏམ་དང་ལོ་རྒྱུས་ནི་བརྗེད། ཤ་རུས་ཀྱི་ཞེན་པ་ནི་མེད། ཁྱིམ་ཕྱི་ནང་གི་བཟའ་གཏམ་ཡང་ཆད། ཡུལ་གཅིག་པའི་ན་ཟླ་ལའང་འགྲོགས་འདྲིས་མེད་པར་ཅུང་ཞེ་སྐྱོ་བའི་གནས་སྟངས་ཤིག་ཏུ་ཆགས་འདུག་པས་དར་མ་དང་རྒན་པ་རྣམས་ཀྱིས་ཀྱང་དེང་གི་བྱིས་པ་རྣམས་ཀྱི་བྱེད་སྟངས་ལ་བསམ་ཤེས་དང་གོ་བ་མ་ལོན་ས་མང་དུ་འབྱུང་གིན་འདུག

དངོས་པོའི་དཔལ་འབྱོར་གྱི་འཕེལ་རྒྱས་དྲག་ཏུ་ཕྱིན་པ་དང་ལྷན་དུ་བསམ་བློའི་རིག་གནས་ཀྱི་སྟོང་ཆ་ཁ་གསབ་བྱེད་མ་ཐུབ་པ་དང་། གཞོན་པ་རྣམས་ལ་སྔོན་ཆད་བོད་པ་རང་རིགས་ཀྱི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་ཞིག་ཆགས་མ་ཐུབ་པས། ལོ་ངོ་མང་པོའི་སྔོན་གྱི་དར་མ་དང་རྒན་པ་རྣམས་ལ་རྒྱུས་མངའ་ཆེ་ཞིང་བརྩེ་དུངས་ཡོད་པའི་སྲོལ་རྒྱུན་གྱི་རྩེད་མོ་དང་འགྲོ་ལུགས་འདུག་སྟངས། དགའ་ཁ་འཁྱེར་སོ་སོགས་ཀྱང་རིམ་བཞིན་ལོ་རྒྱུས་ཀྱི་བརྗེད་བྱང་ཙམ་དུ་འགྱུར་ལ་ཉེ་བས། ཁོ་ཚོས་རང་ཉིད་ཀྱི་སེམས་པའི་ཀློང་ན་ཡོད་པའི་བྱིས་དུས་ཀྱི་ཕ་ཡུལ་ཙམ་ལ་ཕྱིར་དྲན་བྱེད་པ་ལས་སྔོན་ཆད་ཀྱི་ཕ་ཡུལ་ཇི་མ་ཇི་བཞིན་ཞིག་ཇི་ལྟར་རྙེད་ཨང་།

དེ་བས། བདག་གིས་ཀྱང་རྩོམ་མཁན་ལྷ་བྱམས་རྒྱལ་དང་འདྲ་བར་ཕ་ཡུལ་དང་ཕུ་ནུ་ཟེར་བ་ནི་རང་ཉིད་ཀྱི་ནང་སེམས་ཀྱི་གཏེར་ཁ་རུ་སྦས་ཟིན་པའི་ཕྱིར་དྲན་གྱི་ལེའུ་ཞིག་དང་། བརྩེ་དུངས་དང་རྣམ་ཤེས་ཀྱིས་འཕོ་ཉུལ་བྱེད་སའི་ནང་སེམས་ཀྱི་གནས་མལ་དྲོན་མོ་ཞིག་ལ་གོ་བ་ལས་དེང་གི་འཕྲུལ་ཆས་ཅན་དུ་གྱུར་དང་འགྱུར་གྱིན་པའི་ལུས་ཀྱི་གནས་མལ་བྱེད་ས་ཁོ་ན་ཙམ་དུ་ཆགས་པའི“ཕ་ཡུལ”ལ་གོ་བཞིན་མེད། འདི་ནི་ང་དང་ངའི་ཕ་ཡུལ་བར་གྱི་གསང་གཏམ་དང་རྣམ་དག་གི་བརྩེ་དུང་ཡང་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།