ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོ་ཐུན་མོང་གི་གཟའ་ཉི་མ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཅན་ཆེད་འབར།   སྤེལ་དུས། : 2021-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—འབའ་སེང་སྨྱོན་གྱི་སྙན་ངག《ཞིང་གྲོང་གི་གཟའ་ཉི་མ》ཞེས་པའི་ཀློག་འགྲེལ།

དང་པོ། གླེང་གཞི།

འབའ་སེང་སྨྱོན་གྱི་སྙན་ངག《ཞིང་གྲོང་གི་གཟའ་ཉི་མ》ཞེས་པ་སྔོན་གྱི་དུས་སུ《སྦྲང་ཆར》གྱི་སློབ་རའི་གླུ་སྒྲའི་ལེ་ཚན་ལས་བཀླགས་ཤིང་དུས་དེར་སྙན་ངག་འདི་ནི་བདེན་དགེ་མཛེས་གསུམ་གྱི་ཐད་ནས་ཅི་འདྲའི་རྨད་དུ་བྱུང་བ་ཞིག་རེད་ཨང་འདོད། བགྲང་བྱ་མང་པོ་ཞིག་འགོར་ནས་ཉེ་སྔོན་ཀློག་དུས་ཀྱང་སྙན་ངག་འདིའི་ཟིལ་ཤུགས་སྔར་བཞིན་བདོག་ཅིང་། སྒྲིག་གཞི་དང་ཚིག་སྦྱོར། བསྟན་དོན་སོགས་ཀྱི་ཆ་ནས་སྔར་བཞིན་མྱོང་རོལ་བྱེད་འདོད་ཀྱི་འགུལ་ཤུགས་བསྒྲུན་དུ་མེད་པ་ཞིག་འདུག དེར་མ་ཟད་སྙན་ངག་འདིའི་ཁྱད་ཆོས་དང་དགེ་མཚན་གྱི་ཐད་ནས་ད་ལྟའི་སྙན་ངག་གསར་པ་དག་ལ་དོ་བསྡོ་ཐུབ་པ་ཞིག་ཏུ་ཡོད་པས། ང་ཚོའི་བསླབ་དེབ་རྩོམ་སྒྲིག་པ་དག་གིས་ཀྱང་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་བརྟུལ་ཞུགས་བཟུང་ནས་འདི་ལྟ་བུ་བསླབ་དེབ་ཏུ་བདམས་ན་ང་ཚོའི་རྩོམ་རིག་བློ་སྦྱོང་གི་ཆུ་ཚད་གོང་མཐོར་གཏོང་བ་དང་། སློབ་མའི་རྩོམ་རིག་མྱོང་རོལ་དང་སྐད་ཡིག་ལ་བཅངས་པའི་དགའ་ཞེན་མཐོར་འདེགས་གཏོང་ཐུབ་སྙམ། ཞོར་དུ་གུས་པོས་ཀྱང་སྙན་ངག་འདི་འདྲ་བར་གཉིད་ཉལ་བའི་ངང་ཚུལ་འཛིན་དུ་འཇུག་མི་འདོད་པས། ཅི་ཡང་མི་ཤེས་བ་གླང་དང་འདྲ་ནའང་ཨུ་ཚུགས་ཀྱིས་སྙན་ངག་འདི་ལ་དཔྱད་གཏམ་སྤེལ་རྒྱུ་དང་། ཁ་བྱང་ལ་ང་ཚོའི་ཐུན་མོང་གི་གཟའ་ཉི་མ་བཏགས་པ་ནི་སྙན་ངག་འདི་ནི་ང་ཚོ་ཐུན་མོང་ལ་དབང་ཞིང་སྙན་ངག་འདི་ལ་མྱོང་རོལ་དང་ཉར་ཚགས་བྱེད་དགོས་ཤིང་། བརྗོད་བྱའི་བསྟན་དོན་ཡང་ཞིང་གྲོང་ཁོ་ནའི་གཟའ་ཉི་མ་མ་ཡིན་པར་ང་ཚོ་ཐུན་མོང་གི་གཟའ་ཉི་མ་ཡིན་པར་སྟོན་པའི་སླད་ཡིན།

དེ་ལྟར། སྙན་ངག་ཡང་དག་པར་ཀློག་པ་ལ་རྩོམ་པ་པོ་ཉིད་ཀྱི་འགྲོ་འདུག་ཉལ་འཆག་ལ་རྒྱུས་མངའ་ཆེ་ན་དེ་ལྟར་སྙན་ངག་གི་སྲོག་སྙིང་ལ་ཐག་ཉེ་མོད། འོན་ཀྱང་སྣང་ཚུལ་དེ་ལྟར་དུ་སྙན་ངག་ཀློག་པའི་སྒོ་ལ་ཞུགས་ན་སྙན་ངག་གི་དགོངས་གཞི་ཆུང་དུ་འགྲོ་བའམ་སྙན་ངག་ཉིད་ཉམས་དམས་པར་བྱེད་དེ། སྙན་ངག་ཁྲོད་དུ་སྙན་ངག་པས་དངོས་སུ་སྟོན་འདོད་པའི་དགོངས་གཞི་བསྟན་ཡོད་ལ། སྙན་ངག་པའི་སྣང་ངོར་མ་ངེས་པའི་དགོངས་གཞི་དག་ཀྱང་སྙན་ངག་གི་གྲུ་ཟུར་གང་རུང་ནས་མངོན་ཡོད་པས། སྙན་ངག་པར་རྒྱུས་མངའ་མ་ལོན་པར་གང་དེའི་བརྩམས་ཆོས་ལ་དཔྱད་ན་སྙན་ངག་གི་དགོངས་གཞི་རྒྱ་ཆེ་རུ་སྐྱེད་ཐུབ་པ་ཡིན། དེས་ན་གཉིས་ཀར་དགེ་མཚན་ཡོད་ཕྱིར་ཕན་ཚུན་སུན་འབྱིན་པར་མི་རུང་ཞིང་། ཀློག་འགྲེལ་རིག་པའི(解读学)ངོས་ནས་བརྗོད་ན་ཕྱི་མ་དེ་ནི་རྩོམ་རིག་བརྩམས་ཆོས་སྤྱིའི་ཞིབ་འཇུག་གི་སྣང་ཚུལ་ཞིག་ཏུ་བརྗོད་ལ། “མི་རེའི་སེམས་ངོ་ན་ཧེམ་ལེ་ཐི་རེ་ཡོད”པའང་གཙོ་བོ་ཕྱི་མ་དེར་རག་ལས་ཟེར། དེས་ན་འདིར་ཐབས་ལམ་ཕྱི་མ་བེད་སྤྱད་དེ་སྙན་ངག་འདི་ལ་འཇུག་པར་བྱ།

གཉིས་པ། དངོས་པོ་ངེས་བསྟན།

ང་ཚོའི་མ་དག་པའི་སྣང་ངོར“གཟའ་མཇུག”ཅེས་པ་གཟའ་ཉི་མ་ལ་གོ་ཞིང་གཟའ་འཁོར་རེའི་མགོ་ནི་གཟའ་ཟླ་བ་ནས་མགོ་ཚུགས་པར་འདོད་མོད། ཕྱི་གླིང་གི་ཡེ་ཤུའི་ཆོས་ལུགས་ཀྱི་བསམ་བློ་དང་བོད་པ་རང་ཉིད་ཀྱི་རྩིས་ཚུལ་ནི་གཟའ་ཉི་མ་ནས་མགོ་བཟུང་ལ། ལི་ཐོ་སོགས་ནའང་གཟའ་ཉི་མ་ནས་མགོ་བཙུགས་ཡོད་པ་ཐུགས་མཉམ་བཞག་པ་ཙམ་གྱིས་རྟོགས་ཡོང་ངེས།དེ་ལྟར་ན་སྙན་ངག་འདིའི་ཁ་བྱང་དུ་བྱུང་བའི“གཟའ་ཉི་མ”ཡི་སྦས་དོན་རྟོགས་སླ་ཞིང་།དེ་ལ་ཁྱད་གཞིའི་ཐ་སྙད་སྦྱར་བ་དེས་ང་ཚོས་སྙན་ངག་འདིའི་དམིགས་པའི་གཏད་སོ་གང་ཡིན་པ་གསལ་གྱི་ལེར་རྟོགས་ཐུབ་པས། སྙན་ངག་གི་ཁ་བྱང་རང་ལའང་《སྙན་ངག་མེ་ལོང》ལས་བསྟན་པའི“རབ་དྭངས”ཀྱི་ཁྱད་ཆོས་དང་སྙན་ངག་གི་ཉམས་རྩོལ་མེད་དུ་ཐོན་ཡོད།

1.སྒྲིག་གཞི།

བརྩམས་ཆོས་དངོས་ལ་མ་ཞུགས་པའི་སྔོན་དུ་སྙན་ངག་འདིའི་ཐུན་མིན་གྱི་སྒྲིག་གཞི(结构)གླེང་ན། སྒྲིག་གཞི་ནི་རྣམ་པའི་ཁོངས་སུ་གཏོགས་མོད་ཁ་ཤས་ཀྱིས་ནང་དོན་ཀྱང་ཡིན་ཟེར་བ་ནི་སྙན་ངག་གི་བསྟན་བྱ་གང་དང་གང་ཡིན་རུང་སྒྲིག་གཞིར་བརྟེན་ཡོད་ཅིང་། སྒྲིག་གཞི་མེད་ན་སྙན་ངག་གི་ཁོག་འབུབས་ཚུལ་དང་བྱུང་རིམ་སྒྲིག་བཀོད། མཇུག་སྡུད་ཚུལ་གྱིས་མཚོན་པའི་བསྟན་བྱའི་ཆོས་ཞེས་ཀྱང་གླེང་ཐབས་མེད་དེ་ཕན་ཚུན་དབར་ཤུགས་རྐྱེན་དང་ཕན་ཚུན་ཚོད་འཛིན(相互影响,相互制约)གྱི་ཚུལ་དུ་གནས་ཡོད། དེར་བརྟེན་སྙན་ངག་འདིའི་བསྟན་དོན་དང་སྒྲིག་གཞིའང་ཚུལ་དེ་ལྟར་བདོག་སྟེ། སྙན་ངག་འདི་ཚན་པ་བཞི་ལས་གྲུབ་ཅིང་ཚན་པ་རེ་རེའི་བསྟན་དོན་དང་སྒྲིག་གཞིའི་ཁེར་རྐྱང་དུ་གནས་པས་རབ་བྱེད་རེ་རེའམ《སྙན་ངག་མེ་ལོང་མ》རུ་བསྟན་པའི“གྲོལ་བའི”སྦྱོར་ཚུལ་ཡིན་ལ་སྙན་ངག་ཐུང་ངུ་རེ་རེར་ཡང་གྲུབ་ཡོད། དེ་དག་ལྷན་དུ་བསྡེབས་ན་དེ་དག་གི་འབབ་ས་གཅིག་ཏུ་གྱུར་ཏེ་བསྟན་དོན་ཆེན་པོ“ཞིང་གྲོང་གི་གཟའ་ཉི་མ”བསྟན་ཡོད་ལ《སྙན་ངག་མེ་ལོང་མ》རུ་བསྟན་པའི“འདུས་པའི”སྦྱོར་ཚུལ་ལྟར་ཡོད། དེ་ལྟར་ཚན་པ་སོ་སོ་ཚུགས་ཐུབ་ཏུ་གནས་པས་བྱུང་རིམ་ཡང་ལུགས་འབྱུང་ལུགས་ལྡོག་གང་རུང་དུ་བྱས་ཏེ་བཀླགས་ཤིང་བསམས་ཆོག ད་དུང་ཁ་བྱང་ནི་སྤྱི་སྡོམ་གྱི་ཚུལ་དང་དངོས་གཞིའི་ཚན་པ་སོ་སོ་ནི་བྱེ་བྲག་པ་རེ་རེའི་ལུགས་སུ་གྱུར་ཡོད་ལ། སྙན་ངག་པའི་སེམས་འགྱུ་ཡང་ཚན་པ་སོ་སོར་ཚུགས་ཐུབ་ཀྱིས་མཚོན་ཡོད་པ་དང་དེ་དག་ལྷན་དུ་བསྡེབས་པས་སྙན་ངག་པའི་འགྱུར་བ་ཡོད་ཚད་མཚོན་ཡོད། དེར་མ་ཟད་སྙན་ངག་འདི་ནི་ཞིང་གྲོང་གི་གཟའ་ཉི་མ་ཙམ་ཞིག་བྲིས་མེད་ལ། ཡང་ན་དཔྱིད་ཀ་ཁོ་ནའི་ཞིང་གྲོང་གི་གཟའ་ཉི་མ་བྲིས་མེད་པས། སྙན་ངག་གི་ཕྱི་ངོས་ནས་བལྟས་ན་འཕར་ལྡིང(跳跃)རང་བཞིན་ཡོད་ཅིང་། དེ་ཡང་བསྟུད་མར་འཕར་ལྡིང་བྱས་པ་ལས་ཚན་པ་བཀར་ཏེ་འཕར་ལྡིང་བྱས་མེད། སྙན་ངག་གི་བསྟན་དོན་ཐད་ནས་ཀྱང་དཔྱིད་ནས་དབྱར་ལ་འཕར་ལྡིང་བྱས་པའི་བཟོ་ལྟ་ཡོད་ཀྱང་ཐད་ཀར་དུ་བྱས་མེད་པས་ང་ཚོ་སྙན་ངག་པའི་ཚོར་འདུའི་རྗེས་ཟིན་ཐུབ་ཡོད་པ་འདི་ཡང་སྙན་ངག་པའི་བློ་གྲོས་ཀྱི་རྩལ་ལས་མངོན་པའི་སྙན་ངག་འདིའི་ཐུན་མིན་གྱི་དགེ་མཚན་ཡིན། དེ་བཞིན། ཚན་པ་དང་པོ་དང་གཉིས་པས་ཞིང་གྲོང་གི་གཟའ་ཉི་མའི“རང་བྱུང”གི་རྣམ་པ་དང་། ཚན་པ་གསུམ་པ་དང་བཞི་པས“སྤྱི་ཚོགས”ཀྱི་རྣམ་པ་མཚོན་ཡོད། ཚན་པ་གཅིག་མེད་པར་གྱུར་ཅིང་སྙན་ངག་གི་བསྟན་དོན་ཞིང་གྲོང་གི་གཟའ་ཉི་མར་དམའ་ཕབ་མི་ཐུབ་མོད། ང་ཚོ་ཀློག་པ་པོའི་གོམས་ལོབས་སུ་གྱུར་བའི་འདུ་ཤེས་འཛིན་སྟངས་དང་ཀློག་ཚུལ་ལ་ཕོག་ཐུག་བཏང་ཡོང་། འདི་དག་ནི་སྙན་ངག་འདིའི་སྒྲིག་གཞིའི་དགེ་མཚན་ཡིན་ལ་སྙན་ངག་འདིའི་ཐུན་མིན་གྱི་ཁྱད་ཆོས་ཀྱང་ཡིན།

2.སྙན་མིག

སྙན་མིག་ནི་རྒྱའི་སྐད་དུ(诗眼)ཟེར་ཞིང་། སྙན་ངག་གི་བསྟན་དོན་དང་ཐད་ཀར་འབྲེལ་བ་ཡོད་པའམ། སྙན་ངག་གི་སྲོག་གི་གཟུངས་ཐག་ལྟ་བུར་གྱུར་པའི་ཐ་སྙད་དམ་བརྗོད་པ་ལ་གོ་བས།སྙན་ངག་འདི་ལ་ཡང་སྙན་ངག་གི་སྲོག་རྩ་ཡིན་པའི་བརྗོད་པ་ཁག་ཅིག་ཡོད་དེ། སྙན་ངག་འདིའི་ཁ་བྱང་ཞིང་གྲོང་གི་གཟའ་ཉི་མ་ནི་སྙན་མིག་གཙོ་བོར་གྱུར་ཅིང་།སྙན་ངག་པའི་བསམ་བློ་ཡང་འདི་ལ་བརྟེན་ནས་རིམ་གྱིས་བསྟན་པའམ་དུས་བཞིའི་སྣང་བརྙན་ཡོད་ཚད་ཀྱང་སྔར་བཞིན་ཞིང་གྲོང་གི་གཟའ་ཉི་མའི་ཁོངས་སུ་སྡུད་ཆོག ད་དུང་། “ལྷིང་འཇགས་འཁྱིལ་བ་དང་རང་བྱུང་སྣང་ཚུལ་གྱིས་གནང་བ། ཡུན་རིང་སྒུག་པ་དང་གཞིས་བྱེས་ལྷན་འཛོམས”བཅས་ནི་སྙན་མིག་ཆེན་པོ་དེའི་ཡན་ལག་ཏུ་གྱུར་པའི་སྙན་མིག་ཡིན་ལ། དེ་དག་གིས་ཀྱང་ཞིང་གྲོང་གི་གཟའ་ཉི་མའི་སྣང་ཚུལ་ལམ་དུས་ཚིགས་རེ་རེའི་སྣོད་བཅུད་ཀྱི་འགྱུར་ལྡོག་སྟེ། ཞིང་གྲོང་གི་གཟའ་ཉི་མའི་འགྱུར་ལྡོག་སྟོན་པའི་སྙན་མིག་ཏུ་གྱུར་ཡོད། དེས་ན་དེ་དང་འབྲེལ་བའི་ས་སྐྱ་རེངས། ས་རྡུལ་དང་འཐབ་འཛིང་། རྔུལ་ཆུ་དང་སྐོམ་གདུང་།འཛུམ་མདངས་རྨས་མ་དང་ཤུགས་རིང་ནར་མོ་སོགས་ནི། ཞིང་གྲོང་གི་གཟའ་ཉི་མ་རྣམ་པ་མི་འདྲ་བར་འགྱུར་བའི་རྒྱུ་རྐྱེན་ནམ་སྙན་མིག་ལྟ་བུ་ཡིན་ཏེ། དེ་དག་གིས་ད་གཟོད་ཞིང་གྲོང་གི་རྣམ་པ་མི་འདྲ་བའི་གཟའ་ཉི་མ་རེ་ལ་ཡོད་པའི་ཁྱད་ཆོས་དེ་གསལ་ལྷིང་ངེར་བསྟན་ཡོད་ཅིང་། དེ་ལས་གཅིག་མེད་པར་གྱུར་ན་གཟའ་ཉི་མ་དེ་ཡང་འཐུས་ཚང་ཞིག་ཏུ་ཡོང་ཐབས་མེད། མ་གཞི་ནས་སྙན་ངག་རང་རང་ལ་ཡོད་པའི་སྙན་མིག་གིས་ད་གཟོད་སྙན་ངག་གི་ཁམས་དང་བར་སྟོང་ཆེ་རུ་བསྐྱེད་ཅིང་། ཀློག་པ་པོའི་བསམ་གཞིག་གི་སྒོ་གླེགས་ཆེ་རུ་འབྱེད་ཐུབ་པས་རྒྱའི་སྙན་ངག་པ་དང་རིག་གཞུང་སྨྲ་བ་ཁྲིན་ཁྲའོ(陈超)ཡིས“སྙན་ངག་གིས་ང་ཚོའི་ཤེས་ཚོར(感知)གྱི་མཐའ་མཚམས་ཚད་མེད་དུ་བསྐྱེད་ཐུབ”ཅེས་པའང་སྙན་མིག་གི་ནུས་པ་ལ་གཞིགས་ཏེ་བཤད་པ་ཡིན་པར་སྙམ།

གསུམ་པ། དངོས་གཞི།

དེ་ལྟར། ཚན་པ་བཞི་ཡོད་པ་དེ་དག་ནི་ཞིང་གྲོང་གི་གཟའ་ཉི་མའི་ཁྱད་ཆོས་ལྟ་བུའམ་ཞིང་གྲོང་གི་གཟའ་ཉི་མའི་ངོ་བོ་སྟེ། ཚན་པ་དང་པོར་སྙན་ངག་པས་སླེབས་སྔ་བའི་དུས་ཚིགས་ནས་འབྲི་བཞེངས་བྱས་ཡོད་པ་འདི། གོང་དུ་བརྗོད་ཟིན་པའི“ཞིང་གྲོང་གི་གཟའ་ཉི་མ”ཞེས་གཟའ་འཁོར་རེའི་མགོ་ནི་གཟའ་ཉི་མ་ནས་འཛུགས་པ་ཡིན་པའི་གནད་ཀ་དེར་ཏིལ་ལ་ཏིལ་མར་དུ་གྱུར་ཡོད། ཆབས་ཅིག་སྙན་ངག་པས་སྔར་བཞིན“དཔྱིད་ཀའི་དུས་འདིར་དང་སྐྱ་རེངས་དང་ལྷན་དུ”ཞེས་པའང་མགོ་རྩོམ་པའི་དུས་སམ་གཟའ་ཉི་མའི་སྡོངས་གྲོགས་སུ་གྱུར་ཡོད་པར་མ་ཟད་མགོ་རྩོམ་པའི་སྣང་ཚུལ་ཞིག་ཀྱང་བསྟན་ཡོད་དེ། 

“རྨོ་འདེབས་ཀྱི་ཚ་རླབས་འཕྱུར་ཞིང”དང“ས་རྡུལ་དང་འཐབ་འཛིང་བྱེད་དུས”ཞེས་པས་མཚོན་ཐུབ་པ་གང་ཞིག་སླེབས་སྔ་བའི་དུས་ཚིགས་ཞེས་པའི་སྒྲུབ་བྱེད་དུ་འགྲོ་བ་ཡིན། དེ་དག་གིས་གཟའ་ཉི་མའི་འགུལ་ལྡན་གྱི་རྣམ་པ་མཚོན་པ་ཡིན་ན། མཚན་མོ་ཐུང་ཐུང་དང་ལྷིང་འཇགས་འཁྱིལ་བ་ནི་ད་གཟོད་ཞིང་གྲོང་གི་གཟའ་ཉི་མའི་འགུལ་མེད་ཀྱི་སྣང་བརྙན་དུ་གོ་ཆོག དེ་བཞིན་ཚན་པ་གཉིས་པར་རིམ་བཞིན“ཉི་འོད་མེ་ལྕེ་དང་ལྡེམ་ལྡེམ་གཡོ་བའི་སྙེ་མ། རྔུལ་ཆུ་དང་སྐོམ་གདུང”ཞེས་དབྱར་དུས་ཀྱི་རྣམ་པ་དང་ཁྱད་ཆོས་བྲིས་ཡོད་ཅིང་། དེ་ལས་ཉི་འོད་ནི་མེ་ལྕེའི་དཔེ་རུ་བཀོད་པས་སྣང་བརྙན་གྱི་ཆ་ངང་གིས་བསྐྲུན་ཏེ་དབྱར་ཁ་མིག་ལམ་དུ་འཆར་འོངས་པ་དང་། རྔུལ་ཆུ་དང་སྐོམ་གདུང་ཞེས་པའི་ཡིད་བརྙན་འདི་ལ་རང་བྱུང་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཆ་ཞིག་འདུས་ཡོད་ལ། ཕྱིའི་རྣམ་པ་དང་ནང་སེམས་ཀྱི་འགྱུར་བ་མཚོན་ཡོད་པས་འདི་ལ་རྩོམ་རིག་གཞུང་ལུགས་སུ་བསྟན་པའི་ཡིད་བརྙན་རྩེག་རིམ་ཅན(重叠意象)གྱི་ཁྱད་ཆོས་ལྡན་ཡོད་པས་འདི་ཡང་སྙན་ངག་འདིའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན། དེ་ལྟ་བུའི་སྣང་ཚུལ་གང་རུང་གི་འོག་ཏུ་ཆར་བ་ཐེངས་ཤིག་བབས་པ་དེའང་ཞིང་གྲོང་གི་གཟའ་ཉི་མའི་ཁྱད་ཆོས་ཡིན། དེས་ན། ཚན་པ་དང་པོ་དང་གཉིས་པ་ནི་ཕྱི་རོལ་ཡུལ་གྱི་སྣང་ཚུལ་དང་རྣམ་པ་བྲིས་པ་བརྒྱུད་གཟའ་ཉི་མའི“རང་བྱུང་ངམ་ཕྱི་རོལ”གྱི་ཞིང་གྲོང་གི་གཟའ་ཉི་མའི་ཁྱད་ཆོས་བྲིས་ཡོད་པར་སྙམ།

ཚན་པ་གསུམ་པར། སྟོན་ཁའི་རྣམ་པ་དང་དེས་བསྐྱེད་པའི་སེམས་ཀྱི་འགྱུ་བག་བྲིས་ཡོད་དེ། སེམས་ཁྲལ་གྱིས་བསུས་ཞེས་སྨྲས་ཏེ་སྟོན་ཁ་ནི་ལོ་ལེགས་སྨིན་པའི་དུས་ཡིན་ཀྱང་སེམས་ཁྲལ་གྱིས་བསུས་ཞེས་སྟོན་ཁར་སླེབས་པ་ན་མི་རྣམས་ལ་ངང་ངམ་ཤུགས་ཀྱིས་ཡོད་པའི་ནང་སེམས་ཀྱི་འགྱུར་བ་དང་། “རྔུལ་ཆུའི་ཞབས་རྗེས་དང་ལག་ཟུང་སེར་ཁ་ལ་འཛུམ་གྱི་རི་མོ་སྨིན་པ་དང་དྲོད་ཅིག་འཁྱིལ”ཞེས་ལོ་ལེགས་སྨིན་རྗེས་ནང་སེམས་ཀྱི་འགྱུར་བ་བྲིས་ཡོད། “རྔུལ་ཆུའི་ཞབས་རྗེས་དང་འཛུམ་གྱི་རི་མོ”ནི་གཟུགས་ཅན་གྱི་རྒྱན་ཡིན་ལ། གཟུགས་ཅན་གྱི་རྒྱན་གྱིས་སྙན་ངག་ཅུང་ཟད་གོ་དཀའ་རུ་གཏོང་ནའང་ཚིག་གི་སྦྱོར་བ་མཛེས་པ་དང་བརྗིད་བག་ཅན་དུ་གཏོང་ཐུབ། དེ་ལྟར“འཛུམ་མདངས་རྨས་མ་དང་ཤུགས་རིང་ནར་མོ”ནི་སྟོན་བསྡུས་རྗེས་ཀྱི་ནང་སེམས་ཀྱི་འགྱུར་བར་ལུས་ཀྱི་རྣམ་པར་འཕོས་པའི་ཡིད་བརྙན་ཡིན་ལ།འདིས་མི་རྣམས་ཀྱི་ནང་སེམས་ཀྱི་སྐྱོ་སྣང་གི་འགྱུར་བ་ལྷག་ལུས་མེད་པར་མཚོན་ཡོད། སེམས་ཁྲལ་དང་དགའ་སྐྱོ་གསུམ་ཆར་ཡོད་པ་དེ་ནི་ད་གཟོད་ཞིང་གྲོང་གི་གཟའ་ཉི་མའི་ཁྱད་ཆོས་ཡིན་པར་བསྟན་ཡོད་ཅིང་། ཡུན་རིང་སྒུག་ཅེས་པས་གབ་དཔེ་རུ་གྱུར་ཅིང་དེས་ཞི་གྲོང་གི་མི་རྣམས་ཀྱི་སྙིང་སྟོབས་རིགས་ཤིག་མཚོན་ཡོད་པར་འདོད་དེ། སྟོན་གྱི་སྔ་གཞུག་བར་གསུམ་གྱི་སེམས་ཁམས་དེ་ལྟར་ཡིན་ནའང་མཇུག་འབྲས་ཅི་བྱུང་ལ་སྒུག་ཕོད་པ་དང་དེ་དང་དུ་ལེན་ཕོད་པའི་རྣམ་པ་བསྟན་ཡོད། མཇུག་མཐའི་ཚན་པ་ནི་ཁ་བའམ་དགུན་ཁ་ནས་མགོ་བཙུགས་ཡོད་ལ། དེ་ཡང་ཁ་བས་རི་ཀླུང་གཉིད་དུ་བཅུག་ཡོད་པར་མ་ཟད། གྲང་རླུང་གིས་ཆུ་མོ་ཡང་ཁུ་སིམ་མེར་བཏང་སྟེ་སེམས་མེད་རབ་རྟོག་གི་མཚོན་ཐབས་སྤྱད་དེ་དགུན་གྱི་རྣམ་པ་དང་ཁྱད་ཆོས་བྲིས་ཤིང་། དེ་བཞིན“ཞི་འཇགས”ཞེས་ལས་སྒོ་མཐའ་དག་བསྡུས་པར་མ་ཟད། མི་རྣམས་ཀྱི་ནང་སེམས་ཀྱང་དུས་འདི་ལ་ཞི་འཇགས་སུ་གྱུར་པ་མཚོན་ཡོད་ཅིང་། སྙན་ངག་པས་ཞི་འཇགས་ཞེས་པ་མཚོན་དོན་ཅན་དུ་བཏང་ཡོད། གནས་སྐབས་དེ་ལྟ་བུའི་དྲོད་འཇམ་དང་བདེ་སྐྱིད་ལ་ཐིམ་ནས་གཞིས་བྱེས་ལྷན་དུ་འཛོམས་པ་ནི་དགུན་གྱི་རྣམ་པ་དང་ཁྱད་ཆོས་ཡིན། དེ་ལྟར་ན་ཚན་པ་གསུམ་པ་དང་ཚན་པ་བཞི་པ་ནི་ནང་སེམས་ཀྱི་འགྱུར་བ་དང། གཟའ་ཉི་མའི“སྤྱི་ཚོགས་སམ་ནང་རོལ”གྱི་ཁྱད་ཆོས་བྲིས་ཡོད་པར་འདོད།

མདོར་ན། གཟའ་ཉི་མ་ནི་གཟའ་འཁོར་རེའི་མགོ་འཛུགས་ས་ཡིན་པས། གཟའ་ཉི་མ་ལ“ལྷིང་འཇགས་དང་ལྷན་འཛོམས”སོགས་དབུགས་དབྱུང་གི་བསྐལ་པ་རེ་བྱུང་ནའང་། སྔར་བཞིན་གཟའ་ཉི་མ་ནས་ལམ་ལ་ཆས་དགོས་པ་ནི་སྙན་ངག་འདིའི་སྦས་དོན་ཡིན་ལ། ང་ཚོས་ཀློག་པའི་དུས་སུའང་འདི་འདྲའི་ཚོར་བ་བསྩལ་ཡོད་པས། དོན་དམ་དུ་ང་ཚོ་ཐུན་མོང་གི་གཟའ་ཉི་མ་ཡིན་ཏེ་ང་ཚོ་ཡང་ཞིང་གྲོང་གི་གཟའ་ཉི་མའི་སྣང་ཚུལ་དེ་ལས་འདའ་བ་མེད། གང་ལྟར་སྙན་ངག་འདི་ལ་དབྱངས་འགྲོས་རང་བཞིན་གྱི་ཁྱད་ཆོས་ལྡན་པས་སྙན་ངག་གི་བསྟན་དོན་དེ་ཉིད་མི་སེམས་སུ་ཡུན་རིང་དུ་གནས་པ་ཡིན་ཏེ། འདི་ནི་སྐད་ཆའི་དབྱངས་འགྲོས་ཀྱི་ནུས་པའང་ཡིན། ད་དུང་ཚིག་གི་སྦྱོར་བའི་ཐད་ནས་ཀྱང་གྲིམ་ལྷོད་རན་ཞིང་དཔེ་དང་ཡིད་བརྙན། མཚོན་དོན་ཅན་གྱི་ཐ་སྙད་དུ་མ་སྤྱད་པས་ཚིག་གི་མཛེས་པ་མཐོ་རུ་བསྟད་ཅིང་རྩོམ་པ་པོའི་བསམ་བློ་སྟོན་པར་རྔོ་ཐོགས་ཡོད་པར་མ་ཟད། ཚིག་སྦྱོར་དང་བསྟན་དོན། སྙན་ངག་གི་ཉམས་དག་ཤར་ནུབ་ཏུ་གྱུར་མེད་པར་ཆུ་ལ་ཆུ་བཞག་གི་ཚུལ་དུ་གྱུར་ཡོད་སྟབས་འདི་ནི་ཚིག་གཅིག་གིས་མང་མེད་པ་དང་ཉུང་ཡང་མེད་པ། སྐབས་བབ་ཀྱི་བརྗོད་དོན་ཚིག་དེ་ཉིད་ཀྱིས་མ་གཏོགས་སྟོན་མི་ཐུབ་ཟེར་བའི་རྩ་དོན་དང་ངོ་བོ་གཅིག་ཏུ་གྱུར་ཡོད། སྙན་ངག་འདིའི་ཚན་པ་བཞི་པོ་ནི་དུས་བཞིའི་སྤྱི་ཁོག(宏观)རང་བཞིན་གྱི་ཞིབ་འབྲི་ཡིན་མོད། ང་ཚོས་ཀློག་པའི་ཚེ་དུས་བཞིའི་རྣམ་པ་ཕྲ་ཞིང་ཞིབ་པ་དག་ཀྱང་དངོས་ཤུགས་གཉིས་ཆ་ནས་ཚོར་ཐུབ་པ་ནི་སྙན་ངག་འདིའི་ཚིག་སྦྱོར་དང་སྤྱི་ཁོག་ཞིབ་འབྲིའི་ཁྱད་ཆོས་ཡིན། ད་དུང་ང་ཚོ་ལ་དངོས་ཡོད་ཀྱི་དུས་བཞི་ལ་རིམ་བརྒྱུད་བྱེད་དུ་འཇུག་ཅིང་ལུས་སེམས་གཉི་ག་དངོས་གནས་དུས་བཞི་ལ་འགྲུལ་བཞུད་བྱས་པ་བཞིན་ཐང་ཆད་པའམ་དབུགས་རིང་ཞིག་འབྱིན་དགོས་པར་ཐུག་འགྲོ། འདི་ནི་དབྱངས་འགྲོས་ཁོ་ན་མ་ཡིན་པར་ཚིག་སྦྱོར་གྱི་མཉེན་ཤ་དང་། དུས་བཞིའི་རྣམ་པ་དང་དེ་སོ་སོར་ལྡན་པའི་མི་རྣམས་ཀྱི་སེམས་འགྱུ་ཡོད་ཚད་ཤོང་ཡོད་པས་རེད། དེ་ལྟར། སྙན་ངག་འདི་བཀླགས་པ་ན་ང་ཚོ་ལ་ཉམས་འུར་འབྱུང་སླ་སྟེ་ང་ཚོ་ཡང་དངོས་ཤུགས་གཉིས་ཀྱི་མྱོང་བརྒྱུད་ལས་སྙན་ངག་གི་བརྗོད་བྱ་འདི་ལ་ཆ་རྒྱུས་ཡོད་པས་ཡིན་ཏེ་རྩོམ་རིག་གི་ཉམས་འུར་ཞེས་པའང་དེ་ལྟར་བྱུང་བ་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།