འབྲོང་རྭ་བཙལ་བའི་ཉིན་གཅིག

ང་རང་མངའ་རིས་ལ་སླེབས་ནས་ཟླ་གཅིག་དང་ཉིན་གཉིས་འགོར། དབུས་ནས་ཟླ་བ་དགུའི་རིང་ནང་མ་སྟོད་གཞས་ཀྱི་དཀྲོལ་སྟངས་ལ་རྨང་གཞི་ཞིག་བཞག་པ་ཡིན།ད་ནི་མངའ་རིས་དང་དིང་རི་ལྷ་རྩེ་ཀོང་པོ་སྨར་ཁམས་བཅས་ཨ་མདོ་མ་བརྩིས་པའི་དཀྲོལ་སྟངས་མི་འདྲ་བའི་ས་གནས་སོ་སོའི་དམངས་ཁྲོད་ནས་ཟླ་བ་གཉིས་རེར་སོ་སོའི་ཁྱད་ཆོས་ལྡན་པའི་དཀྲོལ་སྟངས་དང་དེའི་རྒྱབ་ལྗོངས་ལོ་རྒྱུས་ལ་སློབ་སྦྱོང་བྱེད་རྒྱུ་ནི་ཐེངས་འདིའི་འཆར་གཞི་དང་པོ་ཡིན།དགུ་པའི་ཚེས་གཅིག་ལ་མངའ་རིས་ལ་སླེབས་དུས་དུས་ཚོད་མང་ཆེ་བ་སྤུ་ཧྲེང་དང་རྩ་མདའ་ནས་བསྡད།མངའ་རིས་ཀྱི་རྫོང་ཁག་བདུན་ལས་རྨ་བྱ་ཁ་འབབ་གཙང་པོའི་རྒྱུད་ཀྱི་སྤུ་ཧྲེང་དང་གླང་ཆེན་ཁ་འབབ་གཙང་པོའི་རྒྱུད་ཀྱི་རྩ་མདའ་གཉིས་སྒྲ་སྙན་གྱི་རིག་གནས་དར་ཁྱབ་ཆེ་བའི་རྫོང་གཉིས་ཡིན་ལ་དེ་ལས་ཀྱང་རྩ་མདའ་རྫོང་གི་གཏི་གཡག་ནི་ལོ་ཙཱ་བ་རིན་ཆེན་བཟང་པོའི་ཕ་ཡུལ་ཡིན་ལ།སྒྲ་སྙན(གོག་པོ)རིག་གནས་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་ས་ཆ་ཞིག་རེད།དེ་བས་དུས་ཚོད་མང་ཆེ་བ་འདི་ནས་བཏང་བ་ཡིན།

གླང་ཆེན་གཙང་པོའི་རྒྱུད་ཀྱི་གུ་གེ་རྒྱལ་པོའི་མཁར་ཤུལ་དང་འདབས་འབྲེལ་བའི་མཁར་རྩེ་སྤུ་གླིང་དུ་ངའི་སློབ་གྲོགས་ཡིན་ལ་དགེ་རྒན་ཡང་ཡིན་པའི་གྲོགས་ཀརྨ་བཀྲ་ཤིས་ཚང་ཡོད། ང་ཁོང་ཚང་ནས་ཡུན་རིང་ལ་བསྡད་པ་ཡིན་ལ། སྡེ་བ་འདིའི་ནང་གོག་པོ(སྒྲ་སྙན)དཀྲོལ་ཤེས་མཁན་མང་པོ་ཡོད།འབྲོང་རྭ་འཚོལ་འདོད་ཀྱི་འཆར་གཞི་འདི་ང་རང་མངའ་རིས་ལ་མ་ཡོང་སྔོན་ནས་ཡོད་དེ།ཉིན་གཅིག་གི་དུས་ཚོད་ཟུར་དུ་ཕུད་དེ་འབྲོང་རྭ་འཚོལ་འདོད་ཀྱི་བསམ་ཚུལ་འདི་ཡུལ་མངའ་རིས་དགེ་རྒྱས་ཀྱི་གྲོགས་པོ་ཐོགས་མེད་ལའང་ཞུས་པ་ཡིན།ཏག་ཏག་དེ་རིང་གྲོགས་པོ་ཁོང་ཆེད་དུ་བསུ་མར་སླེབས་པ་ལྟར་སྒར་རྫོང་ནས་ལམ་ལ་བུད་དེ་དགེ་རྒྱས་རྫོང་ལ་སླེབས་ཤིང་སེང་གེ་ཁ་འབབ་གཙང་པོའི་བཞུར་རྒྱུན་དེད་དེ་བྲག་སྐྱ་དགོན་པའི་འདབས་ལ་ཕྱིན།བྲག་སྐྱ་དགོན་ནི་དགེ་རྒྱས་རྫོང་གི་ལྷོ་ཕྱོགས་སྤྱི་ལེ་བརྒྱད་ཅུ་གྱ་ལྔ་སྟེ་བྱང་གི་འཕྲེད་ཐིག31.88དང་ཤར་གྱི་གཞུང་ཐིག81.22ཙམ་ལ་གནས།རྒྱ་མཚོའི་ངོས་ལས་སྨི་བཞི་སྟོང་བདུན་བརྒྱ་དྲུག་ཅུ་རེ་ལྔ་ཙམ་ཡིན། སྡེ་བའི་མ་ཎི་དུང་སྒྲུབ་འཚོགས་པའི་ཉིན་གཞུག་མའི་རྟ་རྒྱུག་ལ་ཁེལ་འདུག་པས་ལྟད་མོ་མང་པོ་མཐོང་།གྲོགས་ཐོགས་མེད་ཀྱི་ཨ་མེས་ལགས་ལོ་ན་བདུན་ཅུ་ཙམ་ཡིན། ཁོང་གིས་ང་མདོ་ཁམས་གསེར་རྟ་ནས་ཡིན་ཚུལ་གོ་བས་མཐོང་ཆེན་གནང་།གསེར་རྟ་ཡ་ཆེན་ཞེས་ཆོས་སྒར་གཉིས་ཀྱི་མིང་གོ་མྱོང་ཡང་མཇལ་མྱོང་མེད་ཚུལ་ཕངས་སེམས་དང་བཅས་བཤད།མངའ་རིས་དང་གཙང་གི་མི་མང་ཆེ་བས་གསེར་རྟ་ཡ་ཆེན་ཞེས་ཡུལ་གཅིག་ལྟ་བུ་ཞིག་ཏུ་ངོས་འཛིན།སྔར་ང་ཚོའི་ཕ་ཡུལ་ནས་དབུས་ལྷ་སའི་མི་ཡིན་ལབ་ན་ཡུལ་རྩ་ཆེ་བ་ནས་ཡོང་བའི་མི་ལའང་དད་པ་འཇོག་པ་བཞིན་འདི་ནས་ཀྱང་གསེར་རྟ་ནས་ཡིན་ལབ་ཚེ་དམིགས་སུ་མཐོང་ཆེན་པོར་ཡང་བརྩི་བར་བྱེད།དེ་ཡང་དགེ་རྒྱས་རྫོང་ནི་མངའ་རིས་ཆོས་འབྱུང་སོགས་སུ་ཁམས་སྡེ་དགེའི་ཚོ་པ་རྒྱས་པར་ཟེར་ལ།མཚོ་སྔོན་ཡུལ་ཤུལ་རྫ་སྟོད་ནས་གནས་སྤོས་པའི་ཚོ་པ་ཞིག་ཀྱང་ཡིན་པར་བརྗོད།ཐོག་མའི་དུས་དགེ་རྒྱས་ཚ་གསུར་དུད་དགུ་ཞེས་འབོད་ལ་མང་ཆེ་བ་ནི་ཁམས་ཕྱོགས་ནས་རུ་བ་སྤོས་ནས་གངས་རིན་པོ་ཆེར་མཇལ་དུ་ཡོང་ཞིང་དེ་ནས་ཕྱིར་མ་སོང་བར་ས་བཟུང་ནས་བསྡད་པའི་ཚོ་བའང་མང་པོ་འདུག  

དགེ་རྒྱས་རྫོང་གི་ནུབ་ཕྱོགས་ནི་རུ་ཐོག་རྫོང་གི་གཙག་བུ་དང་ར་བང་གཏིང་རྩེ་ལྕགས་ཁང་བཅས་སུ་འབྲེལ་ཞིང་བྱང་ཕྱོགས་རུ་ཐོག་རྫོང་གི་ཨ་རུ་དང་སྒེར་རྩེ་རྫོང་གི་འོ་མ་ཁུལ་དང་འབྲེལ།ལྷོ་ཕྱོགས་སྤུ་ཧྲེང་རྫོང་གི་བར་ག་དང་འབྲེལ།སེང་གེ་ཁ་འབབ་ཀྱི་ཆུ་མགོ་ཡང་འདི་རུ་ཡོད།འདི་རུ་ཉི་མ་སྔར་གྱི་སྲོལ་རྒྱུན་མང་པོ་ཞིག་མ་ཉམས་པར་འདུག་ཅིང་རྟ་རྒྱུག་གི་མཛད་སྒོ་ལ་མི་མང་འདུས་འདུག་པས་ལྟད་མོ་ཆེ།ཆས་གོས་མཐའ་དག་ལ་ལྟ་རྒྱུ་མྱོང་རྒྱུ་གཉིས་ཀ་ཡོད།དཔེར་ན་སྐྱེས་པ་དག་གི་སློག་པ་མཐའ་རྒྱན་རས་དཀར་ཁྲ་བོ་བཏང་ནས་གྱོན་པ།སྐེད་རགས་མཐོ་ཙམ་འཆིང་ཞིང་མགོ་ལ་ཝ་ཞྭ་གྱོན་པ།རྣ་ལུང་ཆེན་པོ་དང་གཟི་བྱུར་གཡུ་གསུམ་འདོགས་པ།སྐྲ་ནི་ལྕང་ལོ་ལྟར་རྒྱབ་ཏུ་དཔྱངས།གློ་ཟུང་དང་མེ་ལྕགས་དངུལ་ལས་བཟོས་པ་འདོགས།སྐྱེས་མ་དག་གིས་སློག་པ་གསུམ་རྒྱན་ཅན་དང་བཞི་རྒྱན་བདུན་རྒྱན་ཅན་གྱོན།ཚར་ཞྭ་སྒོར་མོ་དང་རྒྱབ་སློག་ཅེས་ཚ་རུ་ཕྱི་ནང་སློག་པ་གྲུ་བཞི་གྱོན་ལ་ཉི་གཡོལ་ལམ་ཉི་གྲིབ་གྱོན་མཁན་ཡང་འདུག

པང་གདན་རིང་པོ་ཕྱུ་པ་དང་མཉམ་པ་གྱོན།རྐང་པར་ཐག་ལྷམ་གྱོན།གློ་ཟུང་དང་ཁབ་ཤུབས།གྲི་ཐུང་བློ་ལ་འབབ་པོ་གཡུ་བྱུར་གྱི་ཕྲ་ཅན་འདོགས།སྐྲ་འགྲོན་ཞེས་དངུལ་ལས་བཟོས་པའི་ལེབ་མོ་གསུམ་ཡོད་པ་དེ་མགོའི་གཡས་གཡོན་དུ་འདོགས།དབུས་སུ་གཡུ་བྱུར་མུ་ཏིག་དང་སྤོས་ཤེལ་གྱི་སྐེད་ཕྲུག་གསུམ་སྐོར་དང་བཞི་སྐོར་འདོགས།ཉི་མ་དྲོས་ཀྱི་བར་དུ་ལྟད་མོ་དེ་རིགས་ལ་གཡེང་།སྔར་ང་ཚོའི་ཕ་ཡུལ་གྱི་ཆས་ཀའང་འདི་འདྲ་ཡིན་མོད་ད་ལྟ་མཛུབ་མོ་འཛུགས་ས་ཙམ་ཡང་རྙེད་དུ་མེད་པས་སེམས་ཀྱང་སྐྱོ།དེང་སང་མངའ་རིས་ལ་རྫོང་བདུན་ཡོད་པ་ལས་དགོན་སྡེ་ཆེས་མང་ཤོས་ནི་སྤུ་ཧྲེང་ལ་དགོན་པ་བཅོ་བརྒྱད་དང་རྩ་མདའ་ལ་ཞེ་བདུན་ཡོད།སྒར་རྫོང་ལ་དགོན་པ་ལྔ་དང་།དགེ་རྒྱས་རྫོང་ལ་ལྔ་དང་སྒེར་རྩེ་རྫོང་ལ་བཞི་མཚོ་ཆེན་རྫོང་ལ་བཞི་བཅས་འདུག  

གྲོགས་པོ་ཐོགས་མེད་ཀྱི་ཁྱིམ་ནས་ཞིམ་ལ་གཤིན་པའི་ཟས་རྒྱགས་ཚིམ་པ་ཟོས་རྗེས་འབྲོང་རྭ་འཚོལ་དུ་འགྲོ་བའི་སྟ་གོན་བྱས།ཆེད་དུ་ས་རྒོད་ལ་ཕྲུ་སློག་རྒྱག་བྱེད་ལྟ་བུའི་སཱན་ལིན་རླངས་འཁོར་མཐོན་པོ་དེ་དང་འབའ་འབུར་དང་གཤང་གཤོང་མང་བའི་ལམ་ལ་བྱང་ཆ་ལྡན་པའི་ཁ་ལོ་པ་གྲོགས་ཐོགས་མེད་ལགས་ཀྱི་སྐོར་རྩལ་ལ་ང་རང་ཧ་ལས།དུས་ཚོད་གཅིག་ཙམ་ལ་སོང་རྗེས་ཉེ་ཞོ་གང་ཡང་མེད་པར་གཞི་ནས་འབྲོང་རྭ་མང་བའི་ཡུལ་ལུང་ག་ལ་བ་དེར་འབྱོར། ཨ་མེས་ཚེ་རིང་ལགས་ཀྱིས་ང་ལ་འབྲོང་གི་སྐོར་ནས་ཁ་བརྡ་བྱས།ཁོང་གི་ཁྱིམ་དུའང་འབྲོང་མགོ་གཉིས་ཙམ་ཉར་འདུག འབྲོང་གི་ཁ་རྩི་སྟངས་ནི་ངའི་ཕ་ཡུལ་གྱི་གཡག་གི་ཁ་མང་ཉུང་རྩི་ལུགས་དང་འདྲ་ས་འདུག དཔེར་ན། འབྲོང་བེའུ།ལོ་གཉིས་སོན་པ་ལ་སུག་སེར།ལོ་གསུམ་ལོན་པ་ལ་ཨར།ལོ་བཞི་ལོན་པ་ལ་སོ་གཉིས།ལོ་ལྔ་ལོན་པ་ལ་སོ་དྲུག ལོ་དྲུག་ལོན་པ་ལ་ཁ་ཚང་།ལོ་བདུན་ལོན་པ་ལ་བདུན་ཚིགས་ལོ་བརྒྱད་ནས་བཟུང་རྭ་ཅོའི་ཚིགས་རིས་ཀྱི་རིམ་པ་ལ་གཞིགས་ཏེ་ཚིགས་རིས་གཅིག་ཚིགས་རིས་གཉིས་ཚིགས་རིས་གསུམ་བཞི་སོགས་འབོད། ཁ་དོག་གི་ཆ་ནས་འབྲོང་ཁམ་པ།རོག་པོ།ཟལ་ཕོ།བྲེ་སེར།དཀར་པོ་དང་སྔོན་པོ་ཡང་ཡོད་ཟེར།

འབྲོང་ནི་མི་རིགས་གཞན་པས་ཡ་མཚན་པར་བརྩི་སྟེ་གཏམ་རྒྱུད་གསེར་ཐང་དུ་དུས་རབས་བཅུ་དྲུག་པའི་སྐབས་རྒྱ་གར་གྱི་རྒྱལ་པོ་ཨག་བྷཱར་གྱི་དྲུང་དུ་བོད་དུ་སོང་བའི་མི་ཞིག་སླེབས་པར།རྒྱལ་པོས་ངོ་མཚར་ཅི་མཐོང་དྲིས་པས།ཁོ་ན་རེ།ངོ་མཚར་མང་དུ་མཐོང་མོད་ཆེས་ངོ་མཚར་བ་ནི་གཉིས་ཤིག་མཐོང་སྟེ།གཅིག་ནི་བླ་མ་རྣམས་ཀྱིས་ཟན་དང་མར་ལས་བྱས་པའི་གཏོར་མ་བྱ་བ་ངོ་མཚར་བ་ཞིག་བྱས་པར་མཐོང་།གཅིག་ནི་གཡག་ཅེས་བྱ་བའི་སྲོག་ཆགས་ལྟོ་བའི་སྤུ་རྐང་ལག་བསྒྲིབས་པ་ཙམ་ཞིག་མཆིས་ཞེས་སྨྲས་སྐད། མ་ཟད་བོད་ནས་འོངས་པ་རྣམས་ལ་གཡག་མཐོང་ངམ་ཞེས་གཏམ་གྱི་ཐོག་མར་འདྲི་བར་བཤད།རྒྱ་གར་རྒན་པོའི་བསྒོམ་པའི་གཡག་རྒན་དང་། །བོད་ཀྱི་མི་ཡི་བསམ་པའི་ཆུ་སྲིན་སོགས། །མཐོང་སྟེ་སྨྲ་བའི་གདོང་ནི་ངོ་མཚར་ནོད། །རྒྱང་རིང་ཡུལ་ནས་བཀྲག་མདངས་ལྷག་པར་འབར། །ཞེས་ཀྱང་གསུངས། 

དེ་ཡང་ཆོས་སྐྱོང་གི་མཆོད་བསྟོད་སོགས་སུ་འབྲོང་གི་སྤྱན་མིག་གཡས་པའི་འོག་ཏུ་སྡང་བའི་དགྲ་བཏུལ་སྤྱན་མིག་གཡོན་པའི་འོག་ཏུ་བྱམས་པའི་གཉེན་བསྐྱངས་ཞེས་པ་སོགས་ཀྱང་འདུག་ལ་ཡིག་རྙིང་རྣམས་སུ་འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ།ཤ་མ་ཕོ་མོ་གླང་དུ་བཏུལ།རྒོ་བ་ཕོ་མོ་ལུག་ཏུ་བཏུལ།གླ་བ་ཕོ་མོ་རར་བཏུལ།རྐྱང་ཕོ་མོ་རྟར་བཏུལ། སྤྱང་ཀི་ཕོ་མོ་ཁྱིར་བཏུལ་ཞེས་ད་ལྟའི་ང་ཚོའི་སྒོ་ཟོག་དག་འབྲོང་དང་རྒོ་བའི་རྒྱུད་ཡིན་པར་བཤད།འབྲོང་ནི་སའི་གོ་ལའི་སྲོག་ཆགས་དཀོན་པོའི་རིགས་ཡིན།འབྲོང་གི་ཚོར་བ་རྣོ་ཞིང་གཏུམ་པོ་ཡིན་ལ་ཁོང་ཁྲོ་ལངས་སྐབས་རྔ་མ་གྱེན་དུ་གཟེང་བར་བྱེད།འབྲོང་གི་ཟས་གཙོ་བོ་ནི་གྲང་ངར་ཆེ་བའི་མཐོ་སྒང་གི་སྤང་རྩྭ་དང་རྫ་རྩྭ་ན་རྩྭ་བཅས་ཡིན་པར་བཤད།སྤང་རྩྭ་སྙི་མོ་བཟའ་ཞིང་དབྱར་དུས་སོ་ཡིས་བཟའ་ཞིང་དགུན་དུས་ལྕེ་ཡིས་ལྡག་པ་ཡིན་ཟེར།ལོ་གཅིག་གི་ནང་འབྲུག་ཟླ་ནས་ལུག་ཟླའི་བར་འབྲོང་མོ་སྦྱིག་པ་དང་བྱི་ཟླ་དང་གླང་ཟླའི་ནང་བར་འབྲོང་ཕྲུག་བཙའ་བ་ནི་ང་ཚོའི་སྒོ་ཟོག་དང་གཅིག་པ་ཡིན།འབྲོང་རྣམས་རྟག་པར་མཚན་མོ་དང་ཞོགས་པར་སྒོ་ཕྱིར་འོངས་ནས་བཟའ་བཏུང་འཚོལ་བ་དང་ཉིན་དཀར་རུ་ལུང་གི་གཡང་གཟར་དུ་སྐྱུག་ལྡད་བྱེད།ཡང་ན་ཐང་ལ་ཉལ་ནས་ངལ་གསོ་བ་རེད་ཟེར།ལོ་ན་རྒས་པའི་འབྲོང་ནི་ཁྱུ་ཚོགས་དང་ཁ་གྱེས་ནས་ཚེ་སྨད་ལ་ཁེར་རྐྱང་གིས་འཚོ་བ་རེད་ཟེར།རྟག་པར་འབྲོང་ནི་ཉི་ཤུ་ནས་སུམ་ཅུ་བར་ཁྱུ་དང་ཁྱུ་བྱས་ནས་འཚོ་མོད།རང་གཤིས་རྩུབ་པའི་འབྲོང་ནི་ཁེར་རྐྱང་དུ་འཚོ་བ་རེད་ཟེར།འབྲོང་གི་དྲི་ཚོར་ཤིན་ཏུ་སྐྱེན།འབྲོང་ཕྲུག་སྐྱེས་ནས་ཟླ་ཕྱེད་འགོར་ན་འབྲོང་ཁྱུ་དང་མཉམ་དུ་འགུལ་སྐྱོད་བྱས་ཆོག འབྲོང་གི་ལྕེའི་སྟེང་དུ་ཤའི་སོ་ལྟ་བུ་ཞིག་སྐྱེས་པ་དེས་སྲ་མཁྲེགས་ཀྱི་རྩི་ཤིང་ལྡག་བཟའ་བྱས་ཆོག་ཟེར་ལ་སོ་མང་དུ་བཀོལ་ཚེ་བུད་མེད་ཀྱི་སྐྲ་དཀར་པོར་འགྱུར་བའི་བར་དུ་བཀོལ་ཆོག་ཟེར།

རྔོན་པ་ལ་ཁྱི་ར་བ་ཟེར།ཁྱི་ར་བ་ཚོ་རྔོན་ལ་འགྲོ་སྐབས་སྨོན་ལམ་དམིགས་བསལ་བ་ཞིག་འདེབས་པ་ནི།ཁྱི་ར་མགོན་པོ་རྡོ་རྗེ།ཁྱི་མོ་ལོང་སྤྱང་དམར་མོ།མེ་མདའ་ཐོག་བླ་དམར་ཆུང་། །ཤ་ཁམ་མ་ཤུགས་སྐྱེད་མ། །ལྷམ་སྣ་ལ་བཙོག་འགོག་ཡོང་རྒྱུ་ཤོག །ཕྱུ་པ་ལ་ཁྲག་འགོས་རྒྱུ་ཡོང་བ་ཤོག ། སྦོ་དཀར་པོ་གནམ་ལ་བྱང་རྒྱ་ཡོང་བ་ཤོག ། ཤུལ་སྨུག་སྨུག་ས་ལ་སྦྱོར་རྒྱུ་ཡོང་བ་ཤོག་ཅེས་གསོལ་འདེབས་བྱེད་པའི་སྲོལ་ཡོད་པར་བཤད།འབྲོང་གསོད་དུས་རྒྱབ་ཕྱོགས་ནས་ཐག་ཉེ་པོར་བཅར་ཅིང་།འཇབ་མདའ་བརྒྱབ་སྟེ་སྤྱིར་བཏང་སྙིང་དབུས་དང་རྒྱུ་མ་དཔྲལ་དབུས་སུ་འཁེལ་བ་བྱེད་དགོས་པ་ལས་གཟུགས་གཞན་པར་ཕོག་ཀྱང་འབྲོང་ཀོ་ཤིན་ཏུ་མཐུག་ལ་བོད་མདའི་མདེའུ་ཡང་ཤུགས་དབེན་པས་རྨས་པ་ཙམ་ལས་ལམ་སང་གསོད་མི་ཐུབ།

འབྲོང་གི་པགས་པའི་མཐུག་ཚད་ལ་ལི་སྨི་བཞི་ཡོད།སྤྱིར་བཏང་དུ་མདེའུ་ཞིག་གིས་པགས་པ་རྟོལ་མི་ནུས་ལ་མ་མཐའ་ཡང་ཁུང་བུ་ཞིག་ལས་བཟོ་མི་ཐུབ།གལ་ཏེ་གསོད་མ་ཐུབ་པར་རྨས་ཚེ་དེས་མི་ལ་ཤིན་ཏུ་སྡང་ཞིང་ཐ་ན་གསོད་ཀྱིན་ཡོད་ཟེར།དེ་མིན་འབྲོང་ཁྱི་གཏོང་བ་དང་སྒོག་རྩེ་འབྲོང་རྙི་བཙུགས་ནས་གསོད་པ་སོགས་ཀྱང་ཡོད་ཟེར།ཁྱི་རས་འབྲོང་བསད་རྗེས་ནང་ཁྲོལ་འདོན།དེ་ཉིན་འབྲོང་གི་ཤ་ཁོག་དེ་གསོད་སར་ཁ་སྦུབ་ནས་ཉལ་བའི་དབྱིབས་ལྟར་བཟོས་ནས་འཇོག་ཅིང་དེའི་མཐའ་བཞིར་ཐོ་པོ་འགའ་ཤས་སློང་ཞིང་གོས་སློག་མང་ཙམ་སྒྲོག་ཐག་པས་བྱ་ར་ཞེས་ཐོ་པོ་ཕན་ཚུན་ལ་ཨ་བཀྲ་པ་བཀྲ་གཏོང་།ལོག་ཡོང་དུས་འབྲོང་གསོད་མཁན་དེས་རྔ་མ་རྐེད་གཞོགས་གཡས་པར་སྒྲོག་གིན་ཡོད་པས་ཡུལ་མིས་དེ་མཐོང་བ་དང་དེ་རིང་འབྲོང་བསད་ནས་གྲོགས་བྱུང་བར་ཤེས་ཏེ།འབྲོང་གསོད་མཁན་དེར་མཐོང་ཆེན་སྤྲོད།སང་ཉིན་ཞོགས་པ་སྔ་མོ་ནས་གཡག་དེད་དེ་ཡུལ་གྱི་སྐྱེས་པ་མང་ཆེ་བ་འབྲོང་ཤ་ལེན་དུ་འགྲོ།འབྲོང་ཤ་ཆེན་པོ་ཡོད་ན་ཤ་ཁོག་གཅིག་ལ་གཡག་རྒྱབ་བརྒྱད་ཙམ་དང་འབྲོང་ཤ་ལེན་མཁན་ཚོས་འབྲོང་མགོའི་ཡ་ཁ་དང་མ་ཁ་གཉིས་བཀྲལ་ཏེ་ཡ་ཁའི་དཔྲལ་བའི་སྒང་གི་གདོང་ལྤགས་བཤུས་ནས་རྟ་སྒྲོ་བཟོ་བ་དང་ལྷམ་མཐིལ་ལ་སྦྱར།རྭ་ཅོ་བཀོག་ནས་ར་ལུག་གི་འོ་མ་འཇོ་སའི་སྣོད་ལེགས་པོར་བརྩི།སྤྱི་གཙུག་ཏུ་ཨུ་ཁུང་ཆུང་ཆུང་ཞིག་བརྟོལ་ནས་དར་ལྕོག་བཙུགས་པ་དང་སྦྲགས་གཞི་བདག་ལ་དགོངས་དག་ཐུགས་གདན་ཞུ་བའམ་མཆོད་པ་འབུལ་བའི་དོན་དུ་བཤད་པས་དེ་འབྲོང་བསད་སར་འཇོག   

འབྲོང་གཡག་རྫ་རིའི་ཁྲོད་ནས་མར་བབས་ཏེ་ཡུལ་གྱི་གཡག་ཁྲོད་ལ་འདྲེས་ཚེ་གཡང་དུ་བརྩི།

བྱང་ཐང་འབྲོག་གི་ཁྱིམ་ཚང་འདི་ཚོ་ཕྱོགས་སོ་སོར་ཁ་གྲམ་ནས་སྡོད།གལ་ཏེ་ཁྱིམ་ཚང་མང་པོ་མཉམ་དུ་སྡོད་པའམ་མང་པོས་མཉམ་དུ་སྒྲིག་འཛུགས་ཡོད་པའི་ངང་འབྲོང་བསད་ཚེ་འབྲོང་ཤ་བགོ་སྟངས་ལའང་འགྲུལ་བ་ལ་སྐལ་བ་སྤྲོད་པ།གྲོགས་བསྐོར་བ།ཡིབ་རྒྱན་བརྒྱབ་པ།ཤོག་རྒྱན་དབྱུགས་པ་སོགས་ཡོད་འདུག བྱང་ཐང་འབྲོག་གི་མེ་མདའ་ལ་རྒྱ་མིག་མང་།སོག་རྙིང་།སོག་གྲི་བཞི།སོག་ཁྲ་བོ།སོག་གསར་པ།བོད་མདའ།རྒྱ་སོག་ཝ་མོ་མགོ་དཀར།རྒྱ་སོག་པོའི་ཁྲ་དཀར་ཆུ་རིས་སོགས་དང་མེ་མདའི་རྫས་ནི་རྩྭ་སླང་མ་མེ་ལ་བསྲེགས་པའི་སོལ་བའམ་འོམ་བུ་དང་ལྕང་མ་མེར་བསྲེགས་པའི་སོལ་བ་ལ་ཟི་ཚྭ་དང་མུ་ཟི་ཚད་གཞི་ལེགས་པར་བསྐོར་ནས་མཉམ་དུ་སྦྱོར་བསྲེས་བྱས་པ་ཡིན་ཟེར།  

ཕོན་ནམ་འབོར་འདོན་མཁན་དེ་སོལ་བ་དང་དེ་ནས་མུ་ཟི་མང་ཉུང་རན་པ་བྱས་ནས་འབྲོང་རྭའི་ནང་བླུགས།མདེའུ་བཟོ་དུས་སྔོན་ལ་ཞ་ཉེ་བཞུ།རྡོ་ལ་ཨུ་ཁུང་དྲུས་པའི་མདེལ་པར་ནང་བླུགས།གཡས་གཡོན་གྱི་ཤུར་ཤུར་དེ་གཉིས་ཁེངས་མ་ཐག་གྲང་བསང་བཏང་ནས་ཕྱི་ལ་འདོན།མདེའུ་ལ་རྡོ་སྟན་ཞེས་ཕྱི་སྐོགས་ཞ་ཉེ་དང་ནང་ལ་རྡོ་རིལ་ཆུང་ཆུང་ཞིག་ཡོད།གལ་ཏེ་རྡོ་བླུགས་མེད་ཚེ་དཀར་བླུགས་ཞེས་ཞ་ཉེ་ཁོ་ན་ཡིན་པས་ཤུགས་ཆུང་བར་བཤད།ཞ་ཉེའི་ཡོང་ཁུངས་ནི་བྱང་ཐང་རི་གསེབ་ཀྱི་ཞ་ཉེའི་གཏེར་རྫས་དང་རྒྱ་གར་ནས་ནང་འདྲེན་བྱས་པ་གཉིས་ཡོད་ཟེར།མདེའུ་ལེགས་ཤོས་ཀྱིས་འབྲོང་གསུམ་ཙམ་སྡེབས་གསོད་ཐུབ་ལ་དེ་ནི་སྐྱེས་པ་ཕོ་ཡི་མཚོན་སྲུང་ཡ་མེད་དུའང་བརྩི།བོད་མདའ་ལ་དགྲ་ལྷ་ཡོད་པར་བརྩི།ལོ་ལྟར་འཆར་ཅན་དུ་མེ་མདར་གསོལ་ཁ་བྱེད།གསོལ་མཆོད་སྐབས་མེ་མདའ་དག་སྦྲ་གུར་གྱི་ཀ་བ་ལ་སྒྲོག 

དགྲ་ལྷའི་གསོལ་མཆོད་ཀྱི་བསྐང་བ་འབུལ་བ་དང་བསང་གསོལ་འཕྲིན་བཅོལ་བྱེད།རུ་ལ་དར་ལྕོག་དམར་པོ་དཀྲི།བསང་གསོལ་རྒྱས་པོ་གཏོང་།བདག་པོ་ཚོས་རྟ་བཞོན་ནས་དེ་ལ་སྐོར་བ་བྱེད།རི་དྭགས་བསད་མ་ཐག་པའི་ཁྲག་ཚ་བོ་མེ་མདའི་མཆུ་དང་ཉྭ་རྔ་ལ་བྱུགས་ནས་ངས་ཤ་ཟ་ཁྲག་ཁྱོད་ཀྱིས་ཐུངས་ཤིག་ཟེར།བུད་མེད་མེ་མདར་འཇུས་ཚེ་རྣམ་རྟོག་ཏུ་བྱེད།ཆོས་དཔེ་མེ་མདའི་ཐག་ཉེ་ནས་ཀློག་མི་ཆོག་ལ་བཞག་ཀྱང་མི་ཆོག་པར་བཤད།འབྲོང་གི་སྙིང་ཁྲག་ཚ་པོ་ཧུབ་ཀྱིས་བཏུང་ན་དཔའ་སྙིང་ཆེ་རུ་འགྲོ།དེ་མིན་གཉན་ཐོང་པའི་ཁྲག་དང་གཙོད་ཀྱི་རྭ་དང་ཁྲག དྲེད་ཀྱི་མཁྲིས་པ་གླ་རྩི་སོགས་སྨན་དུ་འགྲོ་བས་རྩ་ཆེ་བར་བརྩི།

ཨ་མེས་ཚེ་རིང་ལགས་ཀྱི་རྣ་ཐག་ཧ་ཅང་རིང་། གཏམ་རྒྱུད་མང་པོ་བཤད་ཤེས། གཏམ་བཤད་ཚེ་ཉམས་ཐོན་མོ་བཤད། ཉན་སྤྲོ་པོ་ཡོད། ཡུལ་འདིའི་ཁྱིམ་ཚང་མང་ཆེ་བར་འབྲོང་གི་མགོ་དང་རྭ་ཅོ་འདུག ང་ལ་དགོས་པ་ནི་རྭ་ཁོ་ན་ཡིན་མོད་མགོ་དང་བཅས་ཏེ་ཉོ་ན་དངུལ་ལོས་འདང་གི་མི་འདུག 

ད་ནི་བྱ་ཐབས་རང་མི་འདུག་པས་རྗེས་མ་རྒྱུ་ཐོག་ལ་བརྒྱབ་ན་ཉོ་རྒྱུ་བྱས།རིམ་གྱིས་མུན་སྲོས་ནས་རྒྱང་མིག་ཆད་པའི་བར་གླགས་དེར་ཕྱིར་ལོག་པ་ཡིན།

2020ལོའི་ཟླ10པའི་ཚེས2ཉིན་མངའ་རིས་ནས་བྲིས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།