གཡང་མཱ་རྗེས་སུ་དྲན་པ།

དེ་རིང་ཞོགས་དུས་ཀྱི་སློབ་ཁྲིད་སྐབས་སུ་རྒན་ལགས་ཀྱིས་སྐད་སིང་སིང་དང་དབུགས་ཧལ་ཧལ་གྱིས་དུས་ཡུན་ངེས་ཅན་ཞིག་ལ་འཆད་ཁྲིད་གནང་སོང་ཡང་། གཉིས་འཛིན་གྱིས་སངས་མི་རྒྱ་བ་དང་། རྩེ་གཉིས་ཀྱིས་བཟོ་མི་ཐོན་པ་ལྟར། གུས་པར་འདས་དོན་གྱི་བརྒྱུད་རིམ་ཞིག་ཡིད་ལ་འཕྲོ་རིམ་འཕྲོ་ལ་འཆར་བས་སློབ་ཚན་གྱི་དོན་ནི་གཅིག་ཀྱང་ཡིད་ལ་འཛིན་ཐུབ་མ་སོང་། དྲན་སྣེ་སློང་མཁན་དེ་སེམས་ཀྱིས་མ་ངེས་ཀྱང་། དེ་རིང་གློ་བུར་དུ་ཁྱོད་རང་དྲན་བྱུང་། འདུ་འབྲལ་གྱི་གདུང་བ་ཟེར་བ་ངས་དེ་ཙམ་མྱངས་མ་མྱོང་ལ་མྱོང་ཡང་ཆེར་མི་ཤེས། ཁྱོད་རང་ངེད་ཅག་དང་བྲལ་ཞིང་། སླར་ངེད་ཅག་གི་རྩིབ་ལ་ཕྱིར་ཡོང་མེད་པ་ངེས་ཤེས་ཀྱིས་ཟིན་དུས་མིག་ལ་མཆི་མ་འཁོར་ཞིང་། མཐོང་ལམ་གྱི་དངོས་པོ་མཐའ་དག་རབ་བེ་རིབ་བེ་ཞིག་ལས་གསལ་དག་ཅིག་མི་ཟིན་པ་འདི་ལ་འདུ་འབྲལ་གྱི་གདུང་བ་ཟེར་བ་ཡིན་པ་འདྲ།

མོའི་མིང་ལ་གཡང་མཚོ་མོ་ཟེར། གཅེས་མིང་ངམ་བསྡུས་མིང་ལ“གཡང་མཱ”ཟེར། ཡི་གེའི་འདིའི་ཁ་བྱང་ལའང་གཅེས་མིང་གི་ཚུལ་དུ་གཡང་མཱ་ཞེས་བྲིས་ཡོད། དེ་ལྟར་འབྲི་དུས་ང་རང་མོ་དང་ཐག་ཉེ་བའི་ཚོར་བ་ཞིག་འདུག ངས་ཆུང་དུས་ནས་དེ་ལྟར་བོས་པ་ཡིན། མོ་ནི་ངའི་ཨ་སྲུ་ཞིག་ཡིན། ཨ་སྲུ་ཟེར་བ་དེ་ཡུལ་སྐད་ཅིག་ཡིན་པ་འདྲ། དོན་ནི་ངའི་མ་ལགས་ཀྱི་སྤུན་ཡ་མ་ཞིག་ཡིན། ང་ཚོའི་ས་ཆ་ནས་ངས་མོར་ཉེ་མིང་གིས་ཨ་སྲུ་ཞེས་འབོད་དགོས་ཀྱང་། ངས་མོ་ལ་དེ་ལྟར་ཐེངས་གཅིག་ཀྱང་བོས་མ་མྱོང་། འདི་ལ་རྒྱུ་མཚན་གཞན་པ་ཅི་ཡང་མེད་མོད། ང་ནི་དབུལ་པོའི་ཁྱིམ་ཚང་ཞིག་ནས་སྐྱེས་པའི་ཐང་བུ་ཞིག་ཡིན་ཞིང་། ངའི་ཁྱིམ་ཚང་ལ་ཨ་མ་ལས་གཞན་པའི་བཟའ་མི་དང་། རྩ་ཆེན་གྱི་དངོས་པོ་སོགས་ཀྱང་ཅི་ཡང་མེད་སྟབས། ཕ་རོལ་པོ་ལ་ཨ་ཁུ་དང་ཨ་ཞང་། ཨ་ནེ་དང་ཨ་སྲུ་ལྟ་བུའི་ཉེ་མིང་གིས་བོས་ན་ངོ་དགའ་ལྟ་བུ་ཞིག་ལ་ཆགས་འགྲོ་བས་འབོད་པ་ལ་ཁ་སྐྱེངས་པ་དང་འཚེར་སྣང་ཡོང་བ་ཞིག་རེད།

ངེད་མ་བུ་གཉིས་ལ་ཕྱུགས་ཟོག་འགའ་རེ་ཡོད་པ་དེ་གཡང་མཱས་འཚོས་ཡོད་པས་ཡི་གེ་སྦྱོང་སྐབས་ངལ་གསོའི་སྐབས་རེར་ཨ་མས་ང་རང་བེའུ་རྫི་ལ་འབྲོག་ནང་དུ་བསྐྱལ། ངས་བེའུ་རྫིའི་གོ་དེ་འདྲ་མི་ཆོད་ཀྱང་། གཡང་མཱ་ཡིས་མར་ལེན་དུས་ང་ལ་མར་རྡིས་ལེན་པ་དང་། འོ་མ་བསྐོལ་དུས་འོ་སྐྱོ་བླུད་པས་ང་རང་འབྲོག་ནང་དུ་ཧ་ཅང་སྐྱིད། འབྲོག་རུ་ནི་དགུན་མཚེར་ནས་ཅུང་ཐག་རིང་ས་ཞིག་ལ་ཡོད། རྫ་འཕྲང་དོག་མོ་ཞིག་བརྒལ་རྗེས། གཡས་ཕྱོགས་སུ་རྔ་མོང་ཟེ་ཟེར་བ་སྤང་རི་ངོ་འཇམ་པ། གཡོན་ཕྱོགས་ན་རི་རྫ་ཁམ་པ་ཟེར་བ་རྫ་རི་མཐོན་པོ། ཕུ་ན་སྐྱེ་རེ་ཞུས་ཁ་ཟེར་བ་སྤང་རྫ་འདྲེས་མའི་རི་ཞིག་ཡོད་པ་དེ་གསུམ་བར་གྱི་ལུང་གཤོང་ཉམས་དགའ་བ་ཞིག་ཏུ་ཡོད། འབྲོག་ས་འདི་ལ་སྔ་མོ་འབྲོག་རུ་མང་ཡང་། དེང་སང་འབྲོག་རུ་གཅིག་གཉིས་ལས་མི་འདུག འདི་ལྟར་འབྲོག་པའི་རིག་གནས་ལ་ཉམས་རྒུད་ཐེབས་ཤིང་། འབྲོག་པའི་དུད་ཚང་དག་ཀྱང་རིམ་བཞིན་སྟོང་བར་གྱུར་པའི་ངང་ཚུལ་འདི་ཅི་འདྲའི་སྙིང་ལ་གཟན་པ་ལ་ཨང་། ངེད་མ་བུ་གཉིས་ལ་ཕྱུགས་ཟོག་འགའ་རེ་ལས་མེད་ཅིང་། ཨ་མ་ནི་སྐོར་རྒྱག་ཙམ་ལས་རུ་བར་མི་འདུག འོན་ཀྱང་དགུན་ཁ་ཐོན་ན་གཡང་མཱས་མར་ཆུར་མང་ཐག་ཆོད་རེ་བསྐུར་ཡོང་བས་ཨ་མ་ལགས་ཀྱི་ཡིད་ཧ་ཅང་ཚིམས། དེ་ལྟར་གཡང་མཱ་ནི་ངེད་མ་བུ་གཉིས་ལ་བཀའ་དྲིན་ཧ་ཅང་ཆེ།

གཡང་མཱ་ནི་གཟུགས་བོང་ཆུང་ལ་མིག་གཉིས་ཆེ། ལུས་པོ་ཕྲ་ཞིང་སྨྲ་བ་ཉུང་། མིག་སྐྱི་སྟེང་གི་རྫི་མ་རིང་ཞིང་སྟུག ལུས་ལ་བོད་གོས་གྱོན་པས་མཛེས་སྡུག་ལྡན་པ་ཞིག་ཡིན། རིང་ཞིང་སྟུག་པའི་རྫི་མ་འདི་འདྲ་ཞིག་རང་ལའང་ཡོད་ན་ཨང་སྙམ་པའི་ཡིད་སྨོན་འདྲ་བ་ཡང་སྐྱེས་མྱོང་།

གཡང་མཱ་ནི་སེམས་བཟང་ཞིང་ཕ་ཡུལ་གྱི་མི་བྱིངས་བཞིན་ནང་ཆོས་ལ་དད་པ་དང་། ལས་འབྲས་ལ་བརྩི་སྲུང་ཡོད་མཁན་ཞིག་ཡིན་ཞིང་། ཁ་ཚ་པོ་ཡོད་པས་ང་ལ་མཆུ་ཐད་དང་སྣབས་ལུག་ཅེས་སྡིགས་མོ་མང་པོ་བྱེད། འོན་ཀྱང་ལག་ལེན་དུ་བསྟར་བ་ཞིག་ནི་དྲན་རྒྱུ་ལར་ནས་མི་འདུག སེམས་རྩ་ཞིག་ནས་སྐྲག་འདར་ཡོང་བྱེད་ཀྱི་མཐུ་ཡང་མང་པོ་བྱེད། དེ་ནི་གཡང་མཱ་གཅིག་པུ་མིན་པར་ཨ་སྲུ་དང་ཨ་ཞང་མཐའ་དག་ལའང་དེ་ལྟར་བྱེད་པའི་ངན་ལོབས་རྒྱུན་འབྱམས་སུ་སོང་ཡོད། གཡང་མཱ་ནི་ང་ལ་འདང་རྩིས་ཧ་ཅང་ཆེ། ང་ལ་ཨ་སྲུ་མང་ཡང་གཡང་མཱ་ལྟ་བུའི་རྩིས་འདང་ཡོད་མཁན་ཞིག་མེད་ཅིང་། ང་ལའང་གཡང་མཱ་ལས་འདང་རྩིས་ཆེ་སའི་ཨ་སྲུ་ཞིག་གཏན་ནས་མེད།

འཁོར་བ་ལ་སྐྱོ་ཤས་དང་། ཐར་པ་ལ་ངེས་འབྱུང་སྐྱེས་པ་ཡིན་ནམ། ཡང་ན། དོན་གཞན་གྱིས་ཡིན་པ་ང་ལ་གསལ་ཁ་བཤད་རྒྱུ་མེད་ཀྱང་། ལོ་ངོ་དུ་མའི་སྔོན་ཞིག་ནས་གཡང་མཱ་ཇོ་མོ་བྱས་སོང་། ཇོ་མོ་བྱས་ནས་རྒྱང་རིང་གི་ཡུལ་ལ་ཕེབས་སོང་། ངའང་ཐག་རིང་ཐུང་ཀུན་ཏུ་སློབ་གཉེར་དུ་སྐྱོད་ཁུལ་བྱས་པས་ངེད་གཉིས་ཐུག་འཕྲད་ཀྱི་དུས་ཚོད་དེ་ཙམ་མ་བྱུང་ནའང་། མོས་དགོན་པའི་སྤྱི་སྤྱོད་ཁ་པར་དེ་གཡར་ནས་ནམ་རྒྱུན་ཁ་པར་བཏང་སྟེ་འབྲེལ་བ་བྱས་འོང་། གཡང་མཱ་ནི་སྤོ་ཐུང་ཞིང་ཞི་སླ་བའི་རིགས་དེ་ཡིན་སྟབས། ངས་ཆེད་དུ་ཁ་པར་གྱི་ལམ་ནས་བླ་མ་རེ་ལ་སྐུར་འདེབས་རེ་བྱེད་པའམ་ཆོས་དང་ཡུལ་གྱི་ལུགས་ལ་དེ་ཙམ་མི་འཕྲོད་པའི་སྐད་ཆ་རེ་བཤད་ཁུལ་བྱེད་དུས་དེ་མུར་ཁ་པར་གྱི་སྒོ་ཁྲོག་གེ་གཏན་འགྲོ། ཕར་ཅི་ཙམ་བརྒྱབ་ཀྱང་མི་ལེན། བདུན་ཕྲག་འགའ་རེ་འགོར་རྗེས་རང་འགུལ་གྱིས་ཚུར་ཁ་པར་བཏང་ཞིང་བདེ་འཚམ་གྱི་སྐད་ཆ་བཤད་འོང་། ང་ལ་མཚོན་ན་བརྒྱུད་རིམ་འདི་སྙིང་ཉེ་ཞིང་ཡིད་དུ་འོང་བ་ཞིག་ཡིན། དེ་བས་ངས་ནམ་རྒྱུན་གཡང་མཱར་སྤོ་བསླངས་པ་ཡིན།

ལོ་དེར་སློབ་གྲྭའི་དབྱར་གནང་གི་གུང་གསེང་དང་བསྟུན་ང་རང་ཕ་ཡུལ་དུ་ལོག་ནས་སྐྱེ་དགུར་ཐོན་དུས། ཨ་མས་ཁ་པར་གྱི་ལམ་ནས་གཡང་མཱ་དང་མོ་གཉིས་ཀ་རྫོང་དུ་སྨན་པར་སྟོན་དུ་འགྲོ་རྩིས་ཡོད་པའི་སྐོར་གླེང་བྱུང་། ངའང་ཁོ་གཉིས་དང་ལྷན་དུ་འགྲོ་འདོད་ཀྱི་འདུན་པ་ཞིག་འགོག་མེད་དུ་སྐྱེས་པས་འཕྲལ་དུ་ཟུར་མང་ཆུང་བ་བརྒྱུད་དེ་ཡུལ་ལ་སོང་། ཨ་མའི་ན་ཚ་ཚབས་མི་ཆེ་ཞིང་གཡང་མཱའི་ན་ཚའང་ཚབས་ཆེན་ཞིག་ལ་མི་འདྲ། ཨ་ཞང་ཞིག་ལ་འཁོར་ཕྲན་ཞིག་ཡོད་པ་དེ་བཏང་སྟེ་ང་ཚོས་ལམ་རིང་མོ་ཀུ་རེ་དང་ཁ་བརྡས་བཅད་དེ་རང་རྫོང་གི་མི་དམངས་སྨན་ཁང་ལ་སོང་བ་ཡིན། ང་འདི་མྱི་ལྡ་ངེ་ལྡིང་ངེ་ཞིག་ཡིན་པས་ཕྲག་ཏུ་མ་བབས་ན་ལས་གང་ལའང་ནན་ཏུར་དང་ཞིབ་ཚགས་བྱེད་མཁན་ཞིག་མིན་པས་སྨན་ཁང་དུ་ཞག་འགར་བསྡད་ཀྱང་གཡང་མཱའི་ནད་གཞི་གང་ཡིན་པ་དང་ཚབས་ཆེ་མིན་གྱི་སྐོར་ནི་མོ་དང་སྨན་པ་སུ་ལའང་མ་དྲིས། ཨ་མ་སྔོན་ནས་འཕྲུལ་རྟ་ཞིག་གི་འཕོང་ལ་འབྱར་ནས་ཡུལ་ལ་བུད་སོང་། ཨ་ཞང་དང་གཡང་མཱ་ངེད་གསུམ་འཁོར་ཕྲན་དུ་བསྡད་དེ་ཁྱིམ་དུ་ཡར་ཡོང་བའི་ལམ་ནས་ཨ་ཞང་ངེད་གཉིས་ཀྱིས་གྲུབ་མཐའ་དང་བླ་མ་བརྩད་དེ་གཡང་མཱར་ཁོང་ཁྲོ་རབ་དང་རིམ་པ་བསླངས། དེ་ནི་ངས་གཡང་མཱར་ཆེས་མཐའ་མཇུག་ཏུ་ཁོང་ཁྲོ་བསླངས་པ་དེ་ཡིན་འདུག་ལ། ཆེས་མཐའ་མཇུག་གི་ངོ་ཐུག་པ་དེའང་ཡིན།

དབྱར་གནང་གི་སྐབས་སུ་རང་ཁྱིམ་དུ་ཞག་འགའ་ལས་འདུག་ཁོམ་མ་རེག་པར་སློབ་གྲྭ་ལ་འགྲོ་དགོས་ཐུག གོ་ཐོས་སུ་གཡང་མཱའི་ནད་གཞི་དེ་ནི་བཅོ་ཐབས་མེད་པའི་ནད་གཞི་ཞིག་ཡིན་པར་སྨན་པས་ངོས་འཛིན་བྱས་པ་རེད་ཅེས་པའི་གཏམ་ངན་ཞིག་ངའི་རྣ་ལམ་དུ་ཐོས་ཀྱང་། དེ་ནི་རྫུན་གཏམ་ཞིག་ཡིན་པའི་ཐག་གཅོད་རང་གིས་རང་ལ་བྱས་ཤིང་། རྫུན་གཏམ་ཁོ་ནའོ་སྙམ་པའི་གདེང་རང་གིས་རང་ལ་བཙུད་དེ་སློབ་གྲྭར་བསྐྱོད་པ་ཡིན། འོན་ཀྱང་འཇིག་རྟེན་འདི་ནས་གཏམ་བཟང་པོ་བཟང་ལམ་དུ་མི་འགྲོ་ཡང་། གཏམ་ངན་པ་ནི་ཏག་ཏག་ངན་ལམ་དུ་འགྲོ་བ་ཞིག་རེད་ཨང་། ཉིན་ཞིག་ཨ་ཞང་ཞིག་གིས་ཁ་པར་བཏང་ཡོང་ནས་གཡང་མཱ་གྲོངས་སོང་བས་ཁོ་རང་ཇོ་དགོན་དུ་ཕུང་པོ་བདག་བྱེད་སར་འགྲོ་བཞིན་ཡོད་ཟེར། སྐད་ཆ་དེ་ཐོས་རྗེས་ངས་ནི་ཅི་བསམ་འདི་དྲན་མེད་པར་ཧད་དེ་ལུས་སོང་། རྨི་ལམ་དང་དོན་དངོས་གང་ཡིན་དབྱེ་འབྱེད་བྱེད་མི་ཤེས་པ་ཞིག་ཆགས་སོང་། ངས་ཁོ་ལའང་ལན་ཇི་ལྟར་གདབ་དགོས་མ་ཤེས་པས“འོ་ཡ”ཞེས་པའི་ལན་ཞིག་བཏབ་སྟེ་ཁ་པར་གྱི་སྒོ་གཏན་པ་ཡིན།

གཡང་མཱ་ཁྱོད་རང་འཇིག་རྟེན་འདི་དང་གྱེས་པ་ནས་བཟུང་། ཁྱོད་ཀྱི་གཤིས་ཀ་དང་བྱད་གཟུགས། ལུས་ཀྱི་རྣམ་འགྱུར་དང་ངག་གི་བཤད་སྒྲོས། འདས་དོན་གྱི་བྱུང་བ་སོགས་ནམ་རྒྱུན་ངའི་ཡིད་ལ་འཁོར་འོང་གིན་འདུག ཁྱོད་དང་སླར་ཡང་འཕྲད་རྒྱུ་མེད་པ་ངེས་ཤེས་ཀྱིས་ཟིན་དུས་ལྷག་པར་དུ་དྲན་འོང་ཞིང་། ཤེད་ཀྱིས་ངུ་སྙིང་སྐྱེ་ཡི་འདུག ཚོད་ཚོད་དུ་རང་ཡང་འཆི་སྙིང་འདོད་པ་རེ་བྱུང་ནའང་སེམས་ཀྱིས་ཕོད་པ་རང་མི་འདུག ངས་འཇིག་རྟེན་གྱི་ཆོས་ཉིད་མཐའ་དག་གཏོར་ཏེ་སླར་ཡང་ཁྱོད་དང་འཕྲད་པའི་རེ་སྨོན་བཏབ་ཡོད། རེ་སྨོན་གྱི་འབྲས་བུ་ཀླད་ཀོར་ཡིན་པ་ངས་ཀྱང་ཤེས་ཡོད། གཡང་མཱ་ལགས། ད་ལྟ་ང་ལ་ངན་གཏམ་བཤད་ས་དང་ཁྲེལ་གཏམ་བྱེད་ས་ཞིག་མེད་ལ། སེམས་སྐྱིད་བྱེད་ཀྱི་སྤོ་སློང་ས་ཞིག་ཀྱང་མི་འདུག། སྤོ་སློང་ས་རྙེད་ཀྱང་ཁྱོད་ལྟ་བུའི་སྤོ་བསླངས་རྗེས་ཀྱི་རྟིང་མར་ང་ལ་ཁ་ཡ་བྱེད་མཁན་ཞིག་མི་འདུག གཡང་མཱ། གཡང་མཱ། ངས་འཇིག་རྟེན་ཞེས་པའི་དཀར་དམར་གྱི་གྲུ་ཁ་ཞིག་ནས་ཁྱོད་རང་ཧ་ཅང་དྲན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།