འདོགས་ཁྱི་ཤོར་བ།

ཉིན་ཁ་ཤས་སྔོན་དུ། ཁ་པར་ཨང་གྲངས་རྒྱུས་མེད་ཅིག་གིས་ངའི་ཁ་པར་གྱི་དྲིལ་བརྡ་སི་ལི་ལི་གྲག་ཏུ་བཅུག ཁ་པར་ལག་ཏུ་བླངས་ཏེ། ཝེ། གང་གི་ཡིན། སུ་འཚོལ་དགོས། ཞེས་དྲིས་པས། བསམ་ཡུལ་ལས་འདས་པ་ཞིག་ལ་ཁ་པར་ལས་ཨ་མའི་སྐད་ངག་ཕྱུང་སྟེ། འཚོ་བའི་སྐོར་ནས་སྐད་ཆ་མི་ཉུང་བ་ཞིག་ཚ་འདྲི་བྱས་བྱུང་། ངས་ཀྱང་དྲང་གཏམ་གྱི་ཚིག་ལ་ངག་གིས་རམ་འདེགས་བྱས་ནས། ཨ་མར་འཚོ་བ་ངན་ངོན་ཡིན་པའི་སྐད་ཆ་དྲང་པོ་འགའ་བཤད་པ་ཡིན། ཨ་མས་སེམས་མ་སྡུག་འགྲིག་ཙམ་འགྲིག་ཙམ་བྱུང་ན་འགྲིག་གི་རེད། འདོད་ཆུང་ཆོག་ཤེས་བྱས་ནས་རྒྱུ་ནོམ་པའི་ཆེད་དུ་མི་ངན་པའི་རྐུབ་ལ་ལྕེས་བལྡགས་ནས་ཁྱི་བཞིན་དུ་འདུར་རྒྱུག་མ་བྱེད་ཨ་གསུང་བྱུང་།

ཀྱེ་ཧོ། ཨ་མའི་གཅེས་ཕྲུག བདེན་གྱི་ཕུ་ཐག་རིང་། རྫུན་གྱི་རྔ་མ་ཐུང་།ལས་གང་བྱས་ཀྱང་བདེན་པ་བདེན་ཐུབ་གྱིས། བདེན་པའི་ལམ་གྱི་ཁྱེད་ལ་གཞུང་བསྲང་ངེས་རེད། དེང་གི་དུས་སུ་དངུལ་གྱི་ཆེད་དུ་མི་ལ་ལའི་སྤྱོད་ཚུལ་ནི་ཁྱི་སྨྱོན་དང་འདྲ་བས་འདི་འདྲ་འཁྲབ་མི་རུང་། ནམ་ཡིན་ཡང་ཀུན་སློང་དག་གཙང་གིས་ཕྱུག་པའི་མི་ཞིག་བྱ་དགོས་ཞེས་ཟེར། ཨ་མའི་ཚ་སོབ་སོབ་ཀྱི་སྐད་ཆ་འདི་དག་གིས། ང་ཡི་མིག་ཆུའང་འཛད་ཚར་དུ་བཅུག་སོང་།

ཨ་མའི་སྐད་ཆ་འདི་དག་གོ་མ་ཐག་ངའི་ཡ་ཆུང་སེམས་ལ་ཨ་མ་དྲན་པའི་གདུང་བའི་ན་བུན་ཞིག་ངང་གིས་འཐིབས་བྱུང་། སྐྱ་ཐིང་ཐིང་གི་གཞུང་ལམ་འདི་ད་ལྟ་རང་དེད་ནས་ཨ་མའི་པང་དུ་ལོག་པར་འདོད་ཀྱང་། འཚོ་བ་འཐད་འཐད་འདྲ་ཡང་སྡུག་བསྔལ་མང་བ་འདིས་སླར་ཡང་ང་རང་འདོགས་ཁྱི་བཞིན་དུ་བཏགས་བྱུང་། ཨ་མའི་གམ་དུ་ལོག་འདོད་ཀྱི་འདུན་པ་དེས། ཨ་མས་ལན་འགའ་བོས་ཀྱང་མིད་པ་ནི་མཆིལ་མའམ་ཅི་ཞིག་གིས་བརྣངས་ཏེ་སྐད་ཆ་ཚིག་འབྲུ་གཅིག་ཀྱང་ཨ་མར་དབྱུང་དཀའ། གློ་བུར་དུ་ཁ་པར་ནས“ཏུ་ཏུ”ཞེས་སྒྲ་གཉིས་གྲག་བྱུང་བས། ཨ་མས་ཁ་པར་བཞག་ཚར་འདུག

ཕལ་ཆེར་སྐར་མ་གཅིག་ཀྱང་མ་སོང་བར་ཨ་མས་ཡང་བསྐྱར་ཁ་པར་བཏང་བྱུང་། གང་བྱས་སོང་ལན་འགའ་བོས་ཀྱང་ཨ་ལན་སྟེར་མཁན་མི་འདུག་ཟེར། གང་བྱས་མ་སོང་། ཉེ་ལམ་ཨ་མ་རང་ལུས་བདེ་ཁམས་སྐྱིད་ཡིན་ནམ། ཞེས་འཚམས་འདྲི་ཞིག་གཞི་ནས་བྱས་པ་ཡིན། ཉེ་ཆར་བདེ་མ་ཐང་མ་ཡིན། ཐ་ན་ཆམ་པ་ཙམ་ཡང་བརྒྱབ་མ་བྱུང་ཟེར། བྱས་ན་སྤོ་ལགས་དང་རྨོ་ལགས་ཁོང་གཉིས་ལུས་ཁམས་སྔོན་ལྟར་ཐང་ཐང་ཡིན་ནམ་ཞུས་པས། ཁོང་གཉིས་ཀྱང་ཁྱིམ་དུ་སོས་དལ་ངང་བསྡད་ཡོད་པས་བུ་རང་སེམས་ཁྲལ་མི་དགོས་ཟེར།

དེས་ན་ད་ལོ་ཨ་ཇོ་ཁོང་གཉིས་ལས་ཀ་ཞེས་དྲིས། ཚིག་མཇུག་མ་གླེང་སྔོན་ནས་ཁོ་གཉིས་ནི་རང་སེམས་རྟ་ལ་ངར་ཤུགས་ལྕག་གིས་བསྐུལ། ངལ་བའི་ཐང་ལ་གོམ་འགྲོས་རྩལ་གྱིས་ཕྱོགས། ཤུགས་རིང་ནར་ནུར་གྱིས་ཉིན་ལྟར་ལས་ཀ་འབྱོར་ཐབས་བྱེད་ཀྱིན་ཡོད་པས། ཕལ་ཆེར་བྱ་བའི་འཆར་གཞི་ཡང་མི་ཉུང་བ་ཞིག་ཡོད་སྲིད། དེ་ཚོར་ཁྱེད་རང་སེམས་ཁྲལ་འཁུར་དགོས་དོན་མེད་ཟེར་ནས། ངའི་ཅོར་ཅོར་རྣ་བའི་སྙན་ལམ་དུ་ཡིད་ཚིམ་པའི་སྐད་ཆ་འགའ་ཞིག་བཤད་བྱུང་། ཨ་ཇོ་གཉིས་ཀྱི་ངལ་རྩོལ་གྱི་འབད་པ་དེ་དག་ཨ་མས་ཆུ་རྒྱུག་རྒྱུག་ལྟར་བཤད་དུས། ང་རང་ཡང་མགོ་བོ་གྱེན་དུ་ཕྱོགས་དགོས་པའི་སེམས་ཤུགས་མི་ཉུང་བ་ཞིག་སྦྱིན་བྱུང་།

མཇུག་ཏུ་ཨ་མས་ཉེ་ཆར་ཁྱིམ་གྱི་དགོད་བྲོ་བའི་གཏམ་རྒྱུད་ཅིག་བཤད་རྒྱུ་ཡོད་ཟེར། ངས་ནི་ཨ་མས་དགོད་བྲོ་བའི་གཏམ་རྒྱུད་ཅི་བཤད་ཡོང་བསམས་ནས་ངང་སྒུག་ཡང་བྱེད་མ་ཐུབ་པར་ལུས། ཨ་མས་ང་ཚོའི་ནང་གི་འདོགས་ཁྱི་དགྲ་འདུལ་གཉེན་སྐྱོང་ཤོར་ནས་གཉེན་འདུལ་དགྲ་སྐྱོང་དུ་གྱུར་འདུག་ཟེར། ང་ནི་ཨ་མའི་མཚར་གཏམ་སྐད་ཆ་འདིར་རང་དབང་མེད་པར་གད་མོ་ཁ་ཟུམ་མི་ཐུབ་པ་ཞིག་ཤོར་བྱུང་།

ངའི་ཨ་མས་བཤད་ན། ཁོ་ལ་ཆུང་དུས་ནས་ཆུ་ཚ་གྲང་གཉིས་ཀྱི་རྒྱ་མཚོ་བསྐྱིལ་ཡོད། ཟས་ཤ་མ་རུས་ཀྱི་རི་རབ་བརྩིགས་ཡོད། ཚིག་གི་དོགས་པས་ཁང་པ་ཆུང་ཆུང་ཞིག་བསྐྲུན་ཡོད། ཉལ་སའི་ཐང་དུ་པགས་གདན་ཞིག་བཏིང་ཡོད། འོན་ཀྱང་ཁོ་ཤོར་བ་ནས་ཨ་མས་བོས་ཀྱང་ཨ་ལན་མི་སྟེར། ནང་མི་སུ་མཐོང་ཡང་མིག་ལོག་འཛིར་འཛིར་གྱིས་ལྟ། ཚ་བོ་ཚ་མོ་ཚོར་འབ་སྒྲ་འདོན་བཞིན་འཇིགས་སྐུལ་བྱེད། ཕྱི་མིའི་རྗེས་སུ་མགོ་བོ་དུད་དུད་དང་མཇུག་མ་རིལ་རིལ་བྱས་ནས་རྒྱུག ནང་དུ་ལོག་པ་ཉིན་མོའི་སྐར་མ་དང་མཚུངས།

ཨ་མས་དབུགས་རིང་ཞིག་བཏོན་ནས། གྲོང་ཁྱེར་དུ་སྡོད་དུས་མི་འདྲ་མིན་སྣ་ཚོགས་དང་ཐུག་སྲིད་པས། གཞན་ལ་གཟབ་དགོས་ལ། ཁྱེད་ཀྱིས་ཀྱང་ཁོ་ལྟར་གྱི་སྤྱོད་ཚུལ་དེ་བས་འཁྱེར་མ་རུང་། ཕྱི་ནང་གི་དབྱེན་འབྱེད་གསལ་པོར་ཤེས་པ་དགོས། གཅིག་པུ་དང་ཁེར་རྐྱང་ངང་དུ་འགྲོ་དགོས་ཀྱང་། ང་ཚོའི་འདོགས་ཁྱི་གཉེན་འདུལ་དགྲ་སྐྱོང་ལྟར་དུ་བྱ་མི་རུང་། གྲོགས་དང་དགའ་ཉེ་ཚོའི་སྙིང་མགོར་ཚེར་མས་བསྣུན་པ་ལྟར་ཟུག་རྔུ་སྦྱིན་གྱི་རེད་ཟེར་དུས། གློ་བུར་དུ་ངའི་རྣ་བའི་བུ་གར་ཁྱི་སྐད་ཅིིག་ལྷང་ལྷང་དུ་ཐོས་བྱུང་བས། ཨ་མས་ཁོ་ལོག་སླེབས་བྱུང་། ལྟོགས་དུས་མ་གཏོགས་ཁྱིམ་འདི་དྲན་མི་སྲིད། ཨ་མས་འཁང་ར་དང་འགྱོད་སེམས་སྤུ་ཙམ་ཡང་མེད་པར་སྡོད་ཨ། ཁོ་ལ་ལྟོ་ཆས་སྟེར་བར་འགྲོ་གི་ཡིན་ཟེར་ནས། ཁ་པར་གྱི་སྒོ་མོ་བཀག་སོང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།