《ཐང་དཀར་བཞིན་རང་ཉིད་ཀྱི་བྲག་ཐེམ་སྙེག་པ》ཞེས་པའི་བཀླགས་ཚོར།

ལར་རང་ཉིད་ལ་མཚོན་ན་བསྟན་བཅོས་ཀྱི་དྭངས་རྩེ་དག་ལན་མང་དུ་ཀློག་པར་འབད་པ་ཤ་ཐང་བགྱིས་པ་ཡིན་ལ། སྒྲུང་གཏམ་གྱི་སྐོར་ནི་མཁོ་སོད་པ་ཞིག་མིན་ཚེ་འོར་དུ་མར་ཀློག་པའི་ངལ་བྱས་མ་མྱོང་།འོན་ཀྱང་རང་རྣམ་སྒྲུང་གཏམ་འདིས་ངའི་བསམ་པའི་སྒོ་གླེགས་དལ་གྱིས་བརྡུངས་ཤིང་། ཡིད་ཀྱི་མཚོ་མོ་ལྷོད་ཀྱིས་བསྐྱོམས་པས་ཐེངས་གསུམ་ཙམ་ལ་བལྟས་པ་ཡིན། ད་ནི་སེམས་ཀྱི་རྟ་ཕོར་འདྲོག་ལངས་ནས་བཀླགས་ཚོར་ཞིག་གམ་རེག་ཟིག་ཅིག་ཀྱང་འབྲི་ན་འདོད་བྱུང་།

《ཐང་དཀར་བཞིན་རང་ཉིད་ཀྱི་བྲག་ཐེམ་སྙེག་པ》ཞེས་པའི་དེབ་འདིའི་རྩོམ་པ་པོ་ནི་ཨ་རིའི་རྩོམ་པ་པོ་དང་ལོ་རྒྱུས་རིག་པ་བ་ཐ་རཱ་ཝེར་སི་ཐི་བེར( Tara Westover)ཡིན་ལ།མོ་ནི1986ལོར་ཨ་རིའི་ནུབ་རྒྱུད་ཀྱི་ཨེ་ཏ་ཧུ་ཀྲུག་ཅེས་པའི་རི་ཁུལ་ཞིག་ཏུ་སྐྱེས་ཤིང་།ལོ་བཅུ་བདུན་ལ་མ་བུད་པའི་ཡར་སྔོན་དུ་སློབ་གྲྭ་འགྲིམས་མ་མྱོང་ལ།རྗེས་སུ་རང་སྦྱོང་ལ་བརྟེན་ནས་སློབ་ཆེན་གྱི་སྒོ་ཐེམ་འགྲིམ་པའི་སྐལ་བ་ཤར།2008ལོར་རྩོམ་རིག་རབ་འབྱམས་པའི་བསླབ་གནས་རེག་ཅིང་ཁམ་ཟམ་གཙུག་ལག་སློབ་གྲྭའི་གཟིགས་གཟོས་ཐོབ།2009ལོར་ཁམ་ཟམ་གཙུག་ལག་སློབ་གྲྭའི་མཚད་ཉིད་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས།2010ལོར་ཧ་ཝར་ཊི་གཙུག་ལག་སློབ་གྲྭ་ནས་ཐོས་གཉེར་དང་། 2014ལོར་ཁམ་ཟམ་གཙུག་ལག་སློབ་གྲྭའི་ལོ་རྒྱུས་རིག་པའི་འབུམ་རམས་པའི་བསླབ་གནས་བླངས།2018ལོར་སྒེར་དེབ་ཐོག་མ《Educated》ཞེས་པ་འགྲེམ་སྤེལ་བྱས་ཤིང་།ཧ་ཅང་བྲིན་པར་གྱུར་ཏེ《ཉིག་ཡོག་དུས་གསར་ཚགས་དེབ》ཀྱི་གྲལ་མགོ་ནས་བྲིན་དཔེ་ཨང་དང་པོའི་གསེར་ཁྲིར་མངའ་གསོལ།2019ལོར་དེབ་དེར་རྐྱེན་བྱས་ཏེ《དུས་རབས་ཀྱི་ཚགས་དེབ》ཀྱིས“ལོ་འཁོར་ཤུགས་རྐྱེན་མི་སྣར”བདམས།

དེབ་འདི་ནི་རང་ཉིད་ཀྱིས2020ལོར་བཀླགས་པའི་དཔེ་དེབ་དག་ལས་བག་ཆགས་ཆེས་ཟབ་ཤོས་དང་བློ་བསྐྱེད་ཆེས་མཐོ་ཤོས་ནང་གི་གཅིག་ཡིན།དེབ་འདིའི་མིང་གི་“ཐང་དཀར”དང“འབབ་པ”ཞེས་པའི་ཐ་སྙད་འགའ་གོ་མ་ཐག་ཁྱོད་ཀྱི་ཀླད་པའི་ཕྱི་ནང་དུ་རང་དབང་དང་འབྲེལ་བའི་ལེའུ་ཞིག་དྲན་སྲིད། དོན་དམ་དུ་འདི་ནི་རང་དབང་ལ་འབྲེལ་བ་ཅུང་ཟད་ཡོད་མོད།ད་དུང་རང་དབང་ལས་ཀྱང་རྒྱ་ཆེ་ཞིང་གཏིང་ཟབ་པའི་བརྗོད་བྱ་ཞིག་དཔེ་དེབ་ཀྱི་ཁྲོད་དུ་མངོན་ཆུང་གིས་བསྐུངས་འདུག དེབ་འདིའི་མ་རྩོམ་གྱི་ཁ་བྱང་ལ《Educated》ཟེར་ཞིང་།རང་ཉིད་ཀྱིས་ད་ལོར་བཀླགས་པ་ནི་རྒྱ་འགྱུར་དེབ《你当像鸟飞往你的山》ཞེས་པ་འདི་ཡིན་ལ།འགྱུར་དེབ་ཀྱི་མིང་ནི་རྩོམ་པ་པོས་དངོས་སུ་བཏགས་པ་ཡིན་སྐད།མ་རྩོམ་གྱི་ཁ་བྱང་ཐད་བསྒྱུར་བྱས་ན“སློབ་གསོ”དང“སློབ་གསོ་མྱོང་བ”སོགས་དཔེ་ཆའི་ཁྲོད་ཀྱི་བསམ་འདུན་ངོ་མ་དེ་མཐའ་གཅིག་ཏུ་མཚོན་མི་ནུས་སྟབས་རྩོམ་སྒྲིག་པས་རྩོམ་པ་པོར་འབྲེལ་བ་གནང་སྟེ།དེབ་ཀྱི་མིང་ནི《ཡེ་ཤུའི་གསུང་རབ་ཀྱི་སྙན་ཚིག》ཁྲོད་ཀྱི“Flee as a bird to your mountain”ཞེས་པའི་ཚིག་འདི་གཏན་འཁེལ་བགྱིས་པ་རེད། ཚིག་འདིར་གོ་བ་ལེན་སྟངས་གཉིས་ཡོད་ལ།གཅིག་གི་སྔར་གྱི་ཁོར་ཡུག་ལས་ཐར་ཏེ་རང་ཉིད་ལ་དབང་བའི་ཁོར་ཡུག་གསར་པར་འབོགས་པ་མཚོན།ཅིག་ཤོས་ནི་དད་མོས་གསར་པ་འཚོལ་བའམ་རྙེད་པའོ། །ཚིག་ཐུང་འདིས་ད་གཟོད་རྩོམ་པ་པོ་ཡུལ་ཕྱོགས་ཀྱི་རི་ཁུལ་ལས་ཐར་ཅིང་།ཐང་དཀར་རྒོད་པོ་བཞིན་སློབ་གསོའི་ལམ་བུ་བསྙེགས་ནས།རང་ཉིད་ལ་དབང་བའི་བྲག་ཐེམ་དུ་བབས་པ་མཚོན་ནུས་སོ། །དེའི་ཕྱིར་ངས་ཀྱང་རྒྱ་འགྱུར་གྱི་ཁ་བྱང་སོར་འཇོག་བྱས་ཏེ་དེབ་ཀྱི་མིང་ནི《ཐང་དཀར་བཞིན་རང་ཉིད་ཀྱི་བྲག་ཐེམ་སྙེག་པ》ཞེས་བསྒྱུར་པ་ལགས་སོ། །

ཨ་མེ་རི་ཁའི་ནུབ་རྒྱུད་ཀྱི་རི་ཁུལ་དུ་གནས་པའི་ཁྱིམ་ཚང་འདིར་བྱིས་པ་དྲུག་ཡོད་ཅིང་།ཕ་རྒན་ནི་མོན་མན་ཆོས་ལུགས(摩门教)ཀྱིས་ཡོངས་སུ་བརླམས་པའི་ལྟ་བ་མཁྲེགས་འཛིན་དང་།ཨུ་ཚུགས་མཐའ་འཁྱོལ་གྱིས་རང་ལུགས་ཨ་འཐས་པ་ཙམ་ཞིག་སྲུང་མཁན་ཡིན།ཁོས་ཕྲུ་གུ་ཚོ་སློབ་གྲྭར་མི་བསྐྱལ་བར་མ་ཟད།ནད་བྱུང་ཚེ་སྨན་ཁང་ལ་ཡང་མི་བསྟེན།སློབ་གྲྭར་བསྐྱལ་བ་ནི“ཀླད་བཀྲུའི་བྱ་སྤྱོད”ལྟ་བུ་ཞིག་ཏུ་ངོས་བཟུང་ནས་སྲིད་གཞུང་དང་འབྲེལ་བ་མཐའ་དག་གདོན་འདྲེ་འབའ་ཞིག་ཏུ་བརྩི།སྲིད་གཞུང་དང་ཁ་གཏད་དུ་ལངས་ཏེ།ཆོས་གཞུང་དུ་བཤད་པའི་འཇིག་རྟེན་འཇིག་པའི་ཉིན་མོ་ཟེར་བ་ཞིག་ལ་ཡིད་ཆེས་ཏེ་ཁྱིམ་དུ་སྣུམ་དང་ལྕགས་ཀྲིན་ཟས་རིགས་སོགས་མང་དུ་ཉར་ཚགས་བྱས།རང་ཁ་རང་གསོ་དང་ཕྱི་སྒོ་བཀག་བཅད་ལྟ་བུས་འཚོ་ཚིས་གཉེར་ལ་དུས་རབས་དང་བར་ཐག་གཅོད་པའི་འཚོ་བ་ཤ་སྟག་རོལ་འདུག འོན་ཀྱང་ཐ་རཱས་རིམ་བཞིན་ཕུ་བོ་ཐེ་ལིའི་ཤུགས་རྐྱེན་དང་གཞེན་སྐུལ་གྱི་འོག་ཏུ་རང་སྦྱོང་བྱས་ནས་སློབ་ཆེན་འགྲིམས་ཤིང་།རང་ཉིད་ཀྱི་དད་མོས་དང་དཀའ་ཐུབ་ལ་བརྟེན་ནས་རང་ཉིད་གསར་པ་ཞིག་དང་འཕྲད་པའི་གོ་སྐབས་ཐོབ་པ་རེད།དེབ་ཀྱི་རྒྱབ་ཤོག་ངོས་སུ་རྩོམ་པ་པོས་འདི་ལྟར་བྲིས་འདུག་སྟེ།ལོ་ན་བཅུ་བདུན་ལ་མ་སོན་གོང་སློབ་ཁང་དུ་གོམ་པ་གང་ཡང་སྤོས་མ་མྱོང་བའི་རི་ཁུལ་གྱི་བུ་མོ་ཞིག བསླབ་གནས་ཀྱི་ཞྭ་མོ་གྱོན་ལ་འོད་ལམ་ལམ་བྱེད།མི་རྣམས་ཀྱིས་ངའི་གཞན་དང་མི་མཐུན་པའི་གྲུབ་འབྲས་མ་གཏོགས་མཐོང་མི་སྲིད།ངས་ནི་ད་གཟོད་རང་ཉིད་ཀྱི་བརྒྱུད་རིམ་ཀྱག་ཀྱོག་དང་ངོ་གདོང་ངོ་མ་དེ་རྟོགས་ལ།ངའི་བྱིས་དུས་ནི་གད་སྙིགས་ལས་གྲྭ་ནས་བསྐྱལ་ཅིང་།དེ་རུ་དཔེ་ཀློག་གི་སྒྲ་ཐོས་རྒྱུ་མེད་ལ།འཕྲུལ་ཆས་ཀྱི་ཆོམ་སྒྲ་ལས་མེད།སློབ་གྲྭར་མི་འགྲོ་ཞིང་སྨན་པར་ཡང་མི་བསྟེན།འདི་ནི་ཨ་ཕས་ངེད་ཅག་ལ་གདམས་པའི་མི་ཚེའི་ཁ་ཕྱོགས་དང་གནས་ལུགས་ཡིན།ཨ་ཕས་ངེད་ཅག་ལ་རང་ཉིད་ཀྱི་སྐད་ངག་ཡོད་དུ་མི་འཇུག་ལ།ངེད་ཅག་གི་བསམ་བློ་ནི་ཁོའི་མིག་ནང་གི་གདོན་འདྲེ་རེད།ཧ་ཝར་ཊི་གཙུག་ལག་སློབ་ཆེན།ཁམ་ཟམ་གཙུག་ལག་སློབ་ཆེན།མཚན་ཉིད་རིག་པའི་རབ་འབྱམས་པ།ལོ་རྒྱུས་རིག་པའི་འབུམ་རམས་པ།ངས་ནི་ཤེས་ཡོད་དེ།ང་ནང་བཞིན་གད་སྙིགས་སྤུང་གསོག་གི་ཁྲོད་ནས་འཕག་འཚག་བྱུང་བའི་བུ་མོ་ཅོལ་ཆུང་ཞིག་གིས་དེ་རིང་གི་གྲུབ་འབྲས་འདི་འདྲ་ཞིག་ལེན་ཐུབ་པ་ལ་མིག་ཆུར་བཀའ་དྲིན་ཞུ་འོས།འོན་ཀྱང་ང་ལ་ངར་ཤུགས་ཕྲན་ཙམ་ཡང་མི་འདུག དེ་དུས་རེ་ཐག་ཆད་ཅིང་ཉམ་ཆུང་དུ་ལུས།རང་སེམས་ལ་ཐེ་ཚོམ་གྱི་སྨུག་སྤྲིན་འཐིབས་ཤིང་།ནང་སེམས་ནས་དངོས་པོ་གང་ཞིག་རུལ་མྱགས་སུ་སོང་བ་ལྟར་སྐྱུག་བྲོར་གྱུར།རི་སྒང་འདི་ལས་བྲོས་བྱོལ་བྱས་པ་ནས་བཟུང་།འཇིག་རྟེན་གསར་པ་ཞིག་གི་སྒོ་ཕྱེས་ཤིང་།དེ་ནི་སློབ་གསོས་ང་ལ་གནང་བའི་འཇིག་རྟེན་གསར་པ་ཞིག་ཡིན།དེ་ནི་ངའི་ཚེ་སྲོག་གི་མཐའ་མེད་པའི་འགྱུར་བའོ། །བརྒྱུད་རིམ་འདིའི་ཁྲོད་དུ་མོས་རང་ཉིད་ངར་ལྕགས་བཞིན་བཙོ་སྦྱང་བྱས་ཏེ་སློབ་གསོའི་ལམ་ཆེན་བསྙེགས།དེ་ནས་རྙེད་པའི་ཕུགས་བསམ་དང་རེ་བཞག་གིས་ཁོ་མོར་སྒུལ་ཤུགས་བསྩལ།

དཔེ་ཆ་འདིར་རང་རྣམ་སྒྲུང་གཏམ་ཟེར་མོད།ཡིག་འབྲུ་རེ་རེའི་རབ་ཁ་ནས་འཚོ་བའི་འགུལ་ཉམས་དག་ཞིབ་ཏུ་བཀླགས་ཚེ་སྒྲུང་གཏམ་ཞིག་ལས་འགོངས་པའི་དངོས་ཡོད་ཀྱི་འཇིག་རྟེན་ཞིག་མིག་མཐོང་ལག་ཟིན་དུ་བསྟར་འོང་།རང་ཅག་སྔོན་བྱོན་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་ཕལ་ཆེར་ལ་ཡང་རྣམ་ཐར་འདུག རྣམ་ཐར་དེ་དག་ནི་ཁོང་ཅག་གིས་བྲིས་པའམ་ཁོང་ཅག་གི་རིགས་སྲས་དང་བུ་སློབ་རྗེས་རབས་པ་དག་གིས་ལྗགས་རྩོམ་གནང་བ་ཡིན་འདུག སེམས་རྣལ་ལ་ཕབ་སྟེ་རྣམ་ཐར་དེ་དག་གི་ཉིན་སྲིབ་ཉུལ་ན་མེས་པོ་གོང་མའི་རྣམ་དཔྱོད་ཀྱི་ཤེས་རབ་ལ་ཡིད་སྨོན་དང་རྗེས་སུ་ཡི་རང་མི་བྱེད་རང་དབང་ཅི།དེ་མིན་ཁོང་ཅག་གི་སྙིང་རུས་དང་བརྩོན་འགྲུས་སོགས་ཀྱིས་རང་ཉིད་ལ་ཡང་སྙིང་ཕུར་གདབས་ནུས་པ་ནི་སྨོས་མ་དགོས།དེ་བཞིན་དུ་བུ་མོ་ཐཱ་རའི་རང་རྣམ་འདིར་མཚོན་ན་ཡང་བསམ་བློའི་ཐེག་ཚད་ངེས་ཅན་ཞིག་འདུག་སྙམ།རེས་དགའ་རེས་སྡུག་གི་ནར་སོན་གྱི་བརྒྱུད་རིམ་ནི་སྐྱེས་བོ་སུ་ལ་ཡང་ཡོད་མོད།གོ་རིམ་དེའི་ཁྲོད་ནས་རང་ཉིད་ལ“ཞུན་ཐར”བགྱིས་ཏེ་རང་ཉིད་ལས་ཐོལ་བརྒལ་བྱེད་ཐུབ་མཁན་ནི་རི་བོང་གི་རྭ་ལྟར་སྣང་།ཚིག་གི་ཞུན་མ་དག་ལས་མངོན་པའི་འཚོ་བའི་གྲུ་ཟུར་རེ་ཟུང་གིས་མི་སེམས་ལ་གཡོ་འགུལ་སློང་ནུས་ཤིང་།ཁོ་མོའི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ཀྱིས་སློབ་གཉེར་པ་དག་ལ་ངར་ལྡུད་ཐུབ་ཅིང་རང་དཔེ་གཞན་སྟོན་ཡང་མིན་ནམ།བྷེ་ཨར་ཀེ་ཚི་ཡིས་དེབ་འདི་རང་ཁོའི་ལོ་འཁོར་མཚམས་སྦྱོར་ཞུ་བའི་དེབ་ཀྱི་ཐོག་མར་བགྲངས་འདུག་ལ།ཁོས་འདི་ནི་ཧ་ལས་པའི་གཏམ་རྒྱུད་ཅིག་རེད།ངེས་པ་དོན་གྱིས་མི་སེམས་ལ་སྐུལ་ལྕག་བྱེད་ནུས།ངས་མོ་རང་གི་བྱིས་དུས་ཀྱི་གཏམ་རྒྱུད་ཀློག་དུས་ཏག་ཏག་རང་ཉིད་ཀྱི་འཚོ་བར་ཡང་ཕྱིར་རྟོག་བྱེད་མགོ་བརྩམས།མི་རེ་རེ་དཔེ་དེབ་འདིར་དགའ་སྲིད།འདི་ཉིད་ཁྱོད་ཀྱིས་ཐོས་མྱོང་བ་ལས་ཀྱང་ཁྱད་དུ་འཕགས་ཞེས་ཟེར།དོན་དུ་རང་རྣམ་འདི་ནི་སློབ་གསོ་དང་རྐྱ་སྦྲེལ་འདུག་ལ།ཐ་རཱ་ཡིས《ཧྥུའུ་པེལ་སེའི་ཚགས་དེབ》ཀྱི་བཅར་འདྲིའི་སྟེང་སློབ་གསོའི་ཡང་སྙིང་ལ་འགྲེལ་བཤད་ཟབ་མོ་ཞིག་ཀྱང་གནང་འདུག མོས་སློབ་གསོའི་དགོངས་པ་ནི་ལྟ་ཚུལ་མི་འདྲ་བ་ཐོབ་སྟེ། མི་དང་བརྒྱུད་རིམ།ལོ་རྒྱུས་འདྲ་མིན་ལ་རྒྱུས་ལོན་བྱེད་པ་དེ་རེད།སློབ་གསོ་དང་ལེན་བྱས་ཏེ་ཉིད་ཀྱི་སློབ་གསོ་དེ་ཁེངས་དྲེགས་སུ་མི་འགྱུར་བར་ཤོག སློབ་གསོ་ནི་བསམ་བློའི་འཕེལ་འགྱུར་དང་།ནང་སེམས་ཀྱི་འཕོ་འགྱུར།ཐོས་བསམ་གྱི་རྒྱ་བསྐྱེད་ཅིག་རེད།དེས་ཁྱོད་རང་ཨུ་ཚུགས་སུ་བསྒྱུར་མི་རུང་།གལ་ཏེ་མི་རྣམས་ཀྱིས་སློབ་གསོ་མྱངས་པ་ཡིན་ན།ཁོ་ཚོ་ད་དུང་ཐེ་ཚོམ་དུ་གནས་ཡོད་ལ་དེ་འདྲ་གཏན་འཁེལ་ཐག་ཆོད་ཅིག་མིན།ཁོ་ཚོས་མང་དུ་མཉན་པ་དང་།ཉུང་དུ་བཤད་པ།བར་ཁྱད་ལ་མཚར་སྣང་འཆང་བཞིན།ཁོ་ཚོ་དང་མི་མཐུན་པའི་ལྟ་ཚུལ་ལ་དགའ་སྲིད་ཅེས་ཟེར།དོན་དུ་སློབ་གསོ་ཟེར་བ་ཡང་ང་ཚོའི་ལུས་སེམས་གཉིས་འཚར་ལོངས་འབྱུང་བའི་གོ་རིམ་ཞིག་སྟེ།གོ་རིམ་དེའི་ཁྲོད་ནས་འདས་ཟིན་པའི་རང་ཉིད་ལས་རྣམ་པར་རྒྱལ་ཏེ་རང་ཉིད་གསར་པ་ཞིག་ཏུ་འགྱུར་ན་ནི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ཡང་ཡིན།

ད་ལོར་སྟེས་དབང་གིས་དེབ་འདི་དང་འཕྲད་པས་ཐར་ཐོར་ཡར་ཡོར་དང་དཔྱང་དཔྱང་ཁྲུལ་ཁྲུལ་དུ་ལུས་པའི་བསམ་བློའི་དར་ཤིང་ལ་རས་ཡུག་གི་ན་བཟའ་གསོལ་ལ་གཟུངས་ཀྱང་ཞུགས།ཡངས་པའི་རྒྱལ་ཁམས་ཤིག་དང་དེ་ལས་རྙེད་པའི་གནས་ལུགས་ཕྲ་མོ་རེ་ཡང་རང་རྒྱུད་དུ་བགོ་ཐུབ་པ་བྱུང་།དེ་བས་འདི་ནི་ད་ལོའི་ཡོང་སྒོ་ཆེ་ཤོས་ཤིག་ཏུ་ཡང་བརྩིས་ཆོག་པ་འདྲ།དེབ་ཀྱི་མཇུག་ཏུ་རྩོམ་པ་པོས་ཁྱོད་ཀྱིས་ང་ལ་འབོད་སྟངས་སྣ་ཚོགས་བསྩལ་ཆོག འགྱུར་ལྡོག་དང་བསྒྱུར་བཅོས།གསོག་གསོབ།རྒྱབ་འགལ།འོན་ཀྱང་ངས་འདིར་སློབ་གསོ་ཞེས་འབོད་ཟེར།དེབ་འདིའི་ཁྲོད་ཀྱི་ཆོས་ལུགས་དང་དད་མོས།འགལ་འདུ་དང་རང་དབང་།བྲོས་བྱོལ་དང་སློབ་གསོ་སོགས་ཀྱི་ཐ་སྙད་དག་བསྣོལ་མར་བསྡེབས་ཤིིང་།ཆེས་མངོན་ཆུང་གིས་འཇིག་རྟེན་འདིའི་གནས་ལུགས་མང་པོ་ཞིག་དང་བདེན་དོན་མང་པོ་ཞིག་ཁུར་འདུག་ལ།ངས་ནི་རང་བློའི་འཆུན་ཚད་ཀྱིས་དེབ་འདི་དཔྱིས་ཕྱིན་པ་ཞིག་ནི་བཀླག་ཐུབ་མེད་ངེས་ལ།གང་ལྟར་མི་ཞིག་ནི་འདས་ཟིན་པའི་རང་ཉིད་ལས་རྒྱལ་ཏེ་མ་འོངས་པའི་རང་ཉིད་ཅིག་གསར་བཞེངས་བྱ་ཐུབ་ཚེ་དེ་ནི་ཏན་ཏན་མི་ཚེའི་དོན་སྙིང་ཆེན་པོ་ཞིག་ཏུ་འཁུམས་ཤིང་།སློབ་གསོའི་འཚར་ལོངས་ཤིག་ཏུ་བལྟས་ཆོག དཀའ་སྡུག་གི་ཁྲོད་ནས་རང་ཉིད་ལ་ཞུན་བརྡར་དང་།རང་ཉིད་གསར་པ་ཞིག་བཞེངས་པའི་བརྒྱུད་རིམ་ལ་ཉམས་སུ་མྱངས་ཚར་རྗེས།ཐོས་བསམ་སྒོམ་གསུམ།རྒྱུ་འབྲས་ཀྱི་ཐེག་པའི་ལམ།ཐར་བ་དང་སངས་རྒྱས་སོགས་ཀྱི་ཐ་སྙད་མང་པོ་ཞིག་ཀྱང་ངའི་ཀླད་པའི་ཕྱི་ནང་ནས་ཤྭ་འོད་བཞིན་བརྡོལ་བྱུང་།བྱ་རྒོད་བཞིན་རུབ་ཡོང་།སྦྲང་མ་ལྟར་འཁོར་འོང་།དེ་ལས་མཆེད་པའི་གདམས་ངག་ཅིག་ཏག་ཏག་མདའ་མོ་ལྟོང་ཤོར་ཞིག་དང་མཚུངས་པར་ངའི་སྒོ་གསུམ་གྱི་གཏིང་ལ་ཟུག་ཅིང་འབར།བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །ལེགས་དང་ཉེས་པར་བྱེད་པ་ལ། །བདག་ཉིད་བདག་གི་དཔང་པོའང་ཡིན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།