《གུང་ཁྲན་ཏང་གི་བསྒྲགས་གཏམ》བོད་འགྱུར་མའི་ཁྱད་ཆོས་འགའ།

《གུང་ཁྲན་ཏང་གི་བསྒྲགས་གཏམ》ཞེས་པ་ནི་རླབས་ཆེན་གྱི་གསར་བརྗེའི་དེད་དཔོན་ཆེན་མོ་མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་གུང་ཁྲན་རིང་ལུགས་པའི་མནའ་མཐུན་ཚོགས་པར་དམིགས་ནས་མཛད་པའི་རྩ་དོན་རང་བཞིན་གྱི་ཡིག་ཆ་ཞིག་སྟེ། ཡིག་ཆ་ཧྲིལ་པོར་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་ལྟ་བས་ཁྱབ་ཅིང་། སྤྱི་ལོ1848ལོའི་ཟླ2པའི་ཚེས24ཉིན་པར་དུ་བསྐྲུན་པ་ནས་མར་ཁེ་སི་རིང་ལུགས་དངོས་སུ་དབུ་བརྙེས་པར་ངོས་འཛིན་པ་རེད། 《བསྒྲགས་གཏམ》དེ་ལས་ཐོག་དང་པོར་ཚན་རིག་གི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་གཏིང་ཟབ་པར་མཛད་ཅིང་། གུང་ཁྲན་རིང་ལུགས་ཀྱི་ལས་འགུལ་ནི་བཟློག་ཏུ་མེད་པའི་ལོ་རྒྱུས་འཕེལ་ཕྱོགས་ཡིན་པར་བསྟན་ཡོད། 《བསྒྲགས་གཏམ》དེ་ཉིད་དང་པོར་འཇར་མན་ཡི་གེའི་ལམ་ནས་བྲིས་པ་ཕྱིས་སུ་དབྱིན་ཡིག་དང་ཕོ་ལན་གྱི་ཡི་གེ། དབྱི་ཐ་ལིའི་ཡི་གེ། རྒྱ་ཡིག་སོགས་ཡིག་རིགས་མང་པོར་བསྒྱུར་ནས་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་གྱི་རྩ་བའི་ཡིག་ཆར་གྱུར་ཏེ་ལོ་རྒྱུས་ཀྱི་དོན་སྙིང་བླ་མེད་མཆིས་པ་སོགས་ནི་སྨོས་མ་དགོས། ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་བགྲང་བྱ་བརྒྱ་ཕྲག་འཁོར་བའི་བསྐལ་བཟང་གི་དུས་འདིར་བློ་མཐུན་རིན་ཆེན་ཚེ་རིང་ལགས་ཀྱིས《བསྒྲགས་གཏམ》འདི་ཉིད་བོད་རང་སྐད་དུ་བསྒྱུར་ནས་དངོས་སུ་པར་དུ་བསྐྲུན་པ་དེ་ནི་ཏང་གི་འཁྲུངས་སྐར་ལ་ཕུལ་བའི་ལེགས་སྐྱེས་རིན་ཐང་བྲལ་བ་ཞིག་ཡིན་ལ། དེར་ཡང་ལོ་རྒྱུས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་རིན་ཐང་སོགས་ཧ་ཅང་གལ་ཆེན་ལྡན། འདིར་གཙོ་བོ《བསྒྲགས་གཏམ》དེའི་བོད་འགྱུར་མའི་ཁྱད་ཆོས་སྐོར་ནས་ཅུང་ཙམ་ཞུས་ན།

གཅིག མ་ཡིག་ཁུངས་དག་ཅིང་ཡིད་རྟོན་རུང་བ།

བོད་འགྱུར་མ་འདི་ནི་ཀྲུང་གུང་ཀྲུང་དབྱང་མར་ཁེ་སི་དང་ཨེན་ཀེ་སི། ལེ་ཉིན། སི་ཏ་ལིན་བཅས་ཀྱི་གསུང་རྩོམ་སྒྲིག་སྒྱུར་ཁང་གིས་སྒྲིག་སྒྱུར་བྱས་ཤིང་། མི་དམངས་དཔེ་སྐྲུན་ཁང་གིས2018ལོའི་ཟླ3པར་པར་དུ་བསྐྲུན་པའི་རྒྱ་ཡིག་པར་གཞི་གཞིར་བཟུང་སྟེ་བོད་རང་གི་སྐད་དུ་བསྒྱུར་པ་རེད། སྤྱིར་ན《བསྒྲགས་གཏམ》འདི་ལ་འཛམ་གླིང་གི་ཡིག་རིགས་མི་འདྲ་བ་ལས་བསྒྱུར་པའི་རྒྱ་ཡིག་གི་པར་གཞི་ཅུང་མང་ལ། ཐེངས་འདིར་གཞི་འཛིན་སའི་རྒྱ་ཡིག་གི་པར་གཞི་ནི་འཇར་མན་སྐད་ལས་ཐད་ཀར་བསྒྱུར་པ་ཡིན་ཙ་ན། ཡིག་རིགས་མི་འདྲ་བ་ཕན་ཚུན་ལ་ཉིས་འགྱུར་སུམ་འགྱུར་བྱས་པ་སོགས་ལས་བྱུང་བའི་གོ་ལོག་དང་ནོར་འཛོལ་སོགས་ཀྱི་སྐྱོན་མེད་པར་ཁུངས་དག་ཅིང་ཡིད་རྟོན་རུང་བ་རེད།

གཉིས། མཚོན་པ་ཅན་གྱི་ལོ་ཙཱའི་ཐབས་སྤྱད་དེ་ཐད་སྒྱུར་གཙིགས་སུ་བཟུང་བ།

སྐད་གཉིས་ལོ་ཙཱའི་བྱ་བ་གཉེར་མཁན་རྣམས་ཀྱིས་ཐུན་མོང་དུ་ཤེས་གསལ་ལྟར། བསྒྱུར་བྱའི་ཡིག་ཆ་གང་གི་ངོ་བོ་དང་ཁྱད་ཆོས་མི་འདྲ་བ་ལ་ལོ་ཙཱའི་རྩ་དོན་དང་བླང་བྱ་མི་འདྲ་བ་ལྡན་ལ། བྱེ་བྲག་གི་སྒྱུར་ཐབས་ཀྱང་འདྲ་མིན་ཐ་དད་དུ་སྤྱོད་དགོས། དེ་ལ་དབྱིན་ཇིའི་ལོ་ཙཱ་སྨྲ་བ་ཉེའུ་མ་ཁོ་ལགས་ཀྱིས་བསྒྱུར་བྱའི་ཡིག་ཆའི་ཁྱད་ཆོས་དང་དམིགས་བྱ་གཙོར་བཟུང་སྟེ་མཚོན་པ་ཅན་དང་བརྡ་འཕྲིན་ཅན། འབོད་སྐུལ་ཅན་ཞེས་རིགས་གསུམ་དུ་ཕྱེ་ཞིང་། དེ་དག་བསྒྱུར་དུས་ཀྱང་ཚིག་དོན་རང་བཞིན་གྱི་ལོ་ཙཱ་དང་འབྲེལ་གཏུག་རང་བཞིན་གྱི་ལོ་ཙཱ་ཞེས་བསྒྱུར་ཐབས་མི་འདྲ་བ་གཉིས་སྤྱོད་དགོས་པར་འདོད། དེ་ལས་ཡིག་ཆ་རིགས་དང་པོ་མཚོན་པ་ཅན་ལ་གཟབ་ནན་ཅན་གྱི་རྩོམ་རིག་བརྩམས་ཆོས་སྣ་ཚོགས་དང་། དབང་གྲགས་ཅན་གྱི་གཏམ་བཤད། བཅའ་ཁྲིམས་དང་ཁྲིམས་སྲོལ་སྣ་ཚོགས། མཚན་ཉིད་རིག་པ། རིག་གཞུང་ཆེད་དེབ། མི་སྒེར་གྱི་འཕྲིན་ཡིག་སོགས་འདུས། 《བསྒྲགས་གཏམ》དེ་ཉིད་ཀྱང་ངོ་བོའི་ཆ་ནས་གོང་གི་མཚོན་པ་ཅན་སྟེ་གཟབ་ནན་ཅན་དང་དབང་གྲགས་ཅན་གྱི་ཡིག་ཆའི་རིགས་སུ་གཏོགས་ལ། དེའི་སྲོག་ཤིང་ལྟ་བུ་ནི་རྩོམ་པ་པོའི་བརྗོད་དོན་བསམ་བློ་ཡིན་ལ་རྩོམ་པ་པོའི་ཐུན་མོང་མ་ཡིན་པའི་སྐད་ཆའི་རྣམ་པ་དེའང་ནང་དོན་ལྟར་ཤིན་ཏུ་གལ་ཆེ། ཡིག་ཆ་དེའི་རིགས་ཀྱིས་རྩོམ་པ་པོའི་དབང་གྲགས་དེ་གཙོར་འདོན་པ་ལས་ཀློག་པ་པོའི་མྱོང་ཚོར་ལ་དོ་སྣང་ཆེར་མི་བྱེད། དེ་བས་བོད་རང་སྐད་དུ་བསྒྱུར་དུས་ཀྱང་ཚིག་དོན་རང་བཞིན་གྱི་ལོ་ཙཱའི་ཐབས་སྤྱད་ཡོད་དེ། “རྩོམ་མཁན་དང་པོ”ཞེས་པའི་རྩ་དོན་ལྟར་མ་ཡིག་རྩོམ་མཁན་ཉིད་ལྟེ་བར་བཟུང་སྟེ་མ་རྩོམ་གང་གི་དགོངས་དོན་ལ་བློ་དཀར་བར་བྱས་ཏེ། མ་ཡིག་གང་ལ་ཕལ་ཆེར་ཡི་གེ་སྣ་གཅིག་གི་སྣོན་འཕྲི་ཡང་མ་བྱས་པར་ཐད་བསྒྱུར་གྱི་ཐབས་ལམ་གཙིགས་སུ་བཀུར་བས་ཆད་ལྷག་ནོར་འཛོལ་ལ་སོགས་པའི་སྐྱོན་གྱིས་མ་གོས་པར་དགོངས་དོན་ཇི་བཞིན་མཚོན་ཡོད་པར་མ་ཟད། མ་ཡིག་གང་གི་ཚིག་འགྲོས་དང་བརྡ་སྤྲོད་ཁྱད་ཆོས་སོགས་སྐད་ཆའི་རྩོམ་གཤིས་ལའང་བརྩི་འཇོག་གང་ལེགས་བྱས་ཏེ།འགྱུར་ཡིག་ཉིད་ཀྱང་ཅི་ནུས་སྒོས་དེར་བསྟུན་ནས་རང་བཞིན་དྲང་པོར་བརྗོད་པའི་ཚིག་གིས་བརྗོད་ཡོད་པ་རེད།

གསུམ། བོད་རང་གི་བརྡ་སྤྲོད་དང་མཐུན་ཞིང་གོ་བདེ་བ།

《བསྒྲགས་གཏམ》དེ་ནི་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་པའི་མནའ་མཐུན་ཚོགས་པར་དམིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་རྩ་གནད་ཡིག་ཆ་ཞིག་ལགས་ན། དེའི་ཁྲོད་དུ་ཆབ་སྲིད་རིག་པ་དང་སྤྱི་ཚོགས་རིག་པ། དཔལ་འབྱོར་རིག་པ་ལ་སོགས་པའི་འབྲེལ་ཡོད་ཀྱི་ཆེད་ལས་བརྡ་ཆད་མང་དུ་འབྱུང་། ཆེད་སྤྱོད་ཀྱི་བརྡ་ཆད་དེ་དག་བོད་རང་གི་སྐད་དུ་བསྒྱུར་པ་ལ་གཅིག་ན་ཆེད་ལས་ཀྱི་དོན་སྤྱི་ཇི་བཞིན་མཚོན་དགོས་པ་དང་། གཞན་དུ་ན་བོད་མི་རང་གིས་ཀྱང་གོ་ནུས་པ་ཞིག་ཅིས་ཀྱང་ཡིན་དགོས། བསྒྱུར་མཁན་གྱིས་ཆེད་ལས་བརྡ་ཆད་དེ་དག་བསྒྱུར་དུས་གོང་གི་རྩ་དོན་དེ་གཉིས་མིག་འབྲས་བཞིན་སྲུང་སྟེ། ཆོས་རྗེ་ས་པཎ་ལགས་ཀྱིས། “བརྡ་སྤྲོད་པའི་མཁས་པ་དག་གིས། བརྡ་གསར་པ་མ་སྦྱར་ན་དོན་མི་འགྲུབ་པ་མཐོང་ན་གསར་པ་སྦྱར་བ་མི་འགལ་མོད། འོན་ཀྱང་དགོས་པ་ཆུང་ངུ་ལ་བརྡ་གསར་པ་མི་སྦྱར་ཏེ། མི་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ”ཞེས་གསུངས་པ་བཞིན། མིང་བརྡ་གསར་པ་གང་འདོད་དུ་བློ་བཟོ་བྱས་པ་མ་ཡིན་པར་བོད་འདིར་སྔ་མོ་ནས་བྱུང་ཞིང་རྒྱུན་འབྱམས་སུ་སོང་བའི་མིང་བརྡའི་གཏེར་ཁ་ཉིད་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཡོད་པས་བརྗོད་བདེ་ཞིང་གོ་སླ་བའི་ཁྱད་ཆོས་འབུར་དུ་ཐོན་ཡོད་ལ། གསར་བཟོའི་ཐ་སྙད་རྣམས་ཀྱང་ཡིད་གཟབ་བྱས་ཏེ་གཅིག་ན་བསྒྱུར་བྱའི་བརྡ་ཆད་རྣམས་ཀྱི་ཆེད་ལས་དོན་སྤྱི་ཇི་བཞིན་མཚོན་པར་དམིགས་ཡོད་པ་དང་། གཉིས་སུ་བོད་མི་རང་གིས་ཀྱང་གོ་བདེ་བ་ཞིག་འབྱུང་བར་བརྩོན་ལེན་བྱས་འདུག

བཞི། མཆན་རིམ་པར་བཀོད་པས་ཁ་གསལ་བ།

《བསྒྲགས་གཏམ》བོད་འགྱུར་མ་དེས་བསྒྱུར་བྱའི་མ་ཡིག་གང་གི་གཞུང་དངོས་ཆ་ཚང་རང་སྐད་དུ་བསྒྱུར་པར་མ་ཟད། དེར་བཀོད་པའི་མཆན་འགྲེལ་རྣམས་ཀྱང་རེ་རེ་བཞིན་བསྒྱུར་ཏེ་ཨང་གྲངས་བཞིན་བསྟར་ཆགས་སུ་བཀོད་ཡོད་པས། ཀློག་པ་པོ་རྣམས་ལ་འཇུག་བདེ་ཞིང་གོ་སླ་བའི་སྟབས་བདེ་བླ་མེད་ཅིག་བསྐྲུན་ཡོད་པ་འདི་ནི་བོད་འགྱུར་མ་འདིའི་ཐུན་མིན་གྱི་ཁྱད་ཆོས་ཤིག་རེད་སྙམ།

ལྔ། བོད་རྒྱ་ཤན་སྦྱར་གྱིས་བཀོད་ཡོད་པས་མིང་དང་ཚིག བརྗོད་པ་སོགས་བསྡུར་ནས་ཀློག་བདེ་བ།

བོད་འགྱུར་མ་དེར་རྒྱ་ཡིག་གི་མ་ཡིག་ཀྱང་ཤན་སྦྱར་བྱས་ཏེ་བཀོད་ཡོད་པས། འགྱུར་མ་དེའི་ཀློག་པ་པོ་རྣམས་ཀྱིས་བོད་ཡིག་གི་འགྱུར་ཀློག་སྐབས་གོ་དཀའ་བའམ་དོགས་གཞི་ལ་འཕྲད་ཚེ་འཕྲལ་དུ་མ་ཡིག་ལ་བསྟུན་ཏེ་བསྡུར་བ་བྱས་ནས་གོ་བ་ལེན་པར་སྟབས་བདེ་བསྐྲུན་པར་མ་ཟད། ལོ་ཙཱའི་ལས་ལ་འཇུག་མཁན་རྣམས་ཀྱིས་མིང་དང་ཚིག བརྗོད་པ། མཆན་འགྲེལ་སོགས་རྒྱ་བོད་ཡིག་རིགས་ཕན་ཚུན་ལ་བསྒྱུར་བར་ཟུར་ལྟ་བྱེད་ཆོག་པས། རྒྱ་བོད་ལོ་ཙཱའི་ལག་ལེན་ལའང་མཛུབ་སྟོན་གྱི་རིན་ཐང་ཅུང་ཆེན་པོ་ལྡན་པར་སྙམ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།