ཀྲུང་གོ་བོད་ཀྱི་དྲ་བ།

གུར་མགོན་སྐྱབས་ཀྱི《དྲིན་གྱི་བུ་ལོན》བཀླགས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དར་མཚོ་ཡག   སྤེལ་དུས། : 2021-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གླེང་གཞི།

གུར་མགོན་སྐྱབས་ལགས་ཀྱིས་མཛད་པའི《དྲིན་གྱི་བུ་ལོན》ཞེས་པའི་དེབ་འདིའི་མཚན་བྱང་གཞན་ལ《མཁས་དབང་དགེ་འདུན་ཆོས་འཕེལ་དང་ལྷན་དུ་དེབ་ཐེར་དཀར་པོ་ཀློག་པ》ཞེས་ཟེར་ལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས2011ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར་འདུག དེབ་འདིར་རྩོམ་པ་པོས་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་དེབ་དཀར་མཁན་པོའི་ཚིག་རེ་རེའི་རྒྱབ་ལོགས་སུ་སྦས་པའི་ལོ་རྒྱུས་ཀྱི་བྱུང་བ་དག་ཞིབ་ཅིང་ཕྲ་བའི་སྒོ་ནས་ལུང་དང་རིག་པས་བསྒྲུབས་ཡོད། མཁས་དབང་ཁོང་ཉིད་ཀྱི་རིག་འཕྲུལ་ལས་འཁྲུངས་པའི་ཁྱད་ནོར་འདིའི་རིན་ཐང་མ་ལུས་ཅི་ནུས་ཀྱིས་ཕྱི་རབས་པའི་མིག་གི་དབང་པོའི་གསོས་སུ་གྱུར་ནས། རང་ཅག་གི་མེས་པོ་རྣམས་ཀྱི་འཚོ་ཐབས་དང་། དཔའ་སྤོབས། ཆོད་སེམས། ཆིག་སྒྲིལ་གྱི་སྟོབས། བློ་གྲོས་ཀྱི་རྩལ་བཅས་ལ་རྒྱུས་མངའ་ཡོད་པར་བྱས་ཏེ། དེ་ལ་བརྟེན་ནས་ཀློག་པ་པོའི་ང་རྒྱལ་དང་སྤོབས་པའི་དཔངས་ཀྱང་བླ་ནས་བླར་བསྟོད་པར་འགྱུར་རྒྱུ་ནི་དེབ་འདི་རྩོམ་མཁན་གྱི་དགོངས་དོན་རེད།གཞན་ཡང་དེབ་འདིའི་ཕྱི་མོའི་གཞུང་ལ་དཀར་ཆག་བཀོད་མེད་པས་འདིར་ཡང་དཀར་ཆག་ཟུར་དུ་འདེབས་པའི་སྣོན་མ་བགྱིས་མེད།

དེབ་འདི་ཉིད་ཡང་བསྐྱར་ཀློག་དུས་སྔོན་དང་བསྡུར་ན་ཀློག་བདེ་བའི་ཚོར་སྣང་ཡེ་ནས་མ་བྱུང་།ད་ཐེངས་རྒན་ལགས་ཀྱི་སྒྲ་ཐག་ལ་མ་ཉན་པར་སློབ་སྐབས་སྔོན་མའི་སྐབས་ཀྱི་ནང་དོན་དག་དཔེ་ཀློག་བྱེད་དུས་ཕྱིར་དྲན་བྱས་པ་ཙམ་ཡིན།དཔེ་ཀློག་གི་གོ་རིམ་ཁྲོད་མཚམས་མཚམས་སུ་དགེ་ཆོས་ལགས་ཀྱི་བཞེད་པ་ཡིན་ནམ་རྒན་གུར་མགོན་སྐྱབས་ལགས་ཀྱི་བཞེད་པ་ཡིན་པའི་དབྱེ་བ་དགར་མི་ཐུབ་པའང་བྱུང་།དེ་མིན་ཚིག་གི་གཅོད་མཚམས་མི་འདྲ་བ་ལ་གོ་བའང་མི་འདྲ་བ་བྱུང་བའི་སྣང་ཚུལ་གྱིས་རང་གི་སྐད་ཡིག་འདི་ཅི་འདྲའི་མཚར་སྣང་ལྡན་པ་ཞིག་རེད་ཨང་བསམ་བྱུང་།རྒན་ལགས་ཀྱིས་གསུངས་པ་ནང་བཞིན་ལོ་རྒྱུས་སྦྱོང་བའི་དགོས་པ་ནི་རང་གི་ལོ་རྒྱུས་མ་ཤེས་ན་ཆབ་སྲིད་པ་ལ་ཁ་ཕྱོགས་མེད་པ་དང་།ལོ་རྒྱུས་ནི་ཆེད་ལས་རིས་མེད་ཀྱི་སྦྱང་བྱ་ཞིག མི་རིགས་ཤིག་ཉམས་ཐག་གི་སྐབས་སུ་ནན་ནན་ཏན་ཏན་གྱིས་སྲུང་སྐྱོབ་བྱེད་ཡུལ་ནི་ལོ་རྒྱུས་ཡིན།ལོ་རྒྱུས་རྟོགས་ཚེ་རང་བཀུར་གྱི་བསམ་བློ་སྐྱེ་ཐུབ།ལོ་རྒྱུས་ཤེས་པ་ལས་མི་རིགས་ཤིག་འཛམ་གླིང་དུ་ཡུན་རིང་གནས་ཐུབ་པར་མ་ཟད་སྟོབས་ལྡན་དུ་བསྒྱུར་ཐུབ་པའི་བསམ་བློ་འཚོལ་ཐུབ།དེ་མིན་རྒྱའི་གཏམ་དཔེ་ལའང་ལོ་རྒྱུས་ལས་འཕེལ་འགྲིབ་ཤེས་ཞེས་པ་ལྟར།ལོ་རྒྱུས་ལས་ཤེས་རབ་འཚོལ་རྒྱུ་ནི་ང་ཚོའི་བཟློག་ཏུ་མེད་པའི་འགན་འཁྲི་ཡིན་ལ་དེབ་འདི་ཡང་དང་བསྐྱར་དུ་བཀླགས་ན་འབྲེལ་ཡོད་ཀྱི་རིག་གནས་མང་པོ་ཞིག་གི་ཆ་རྡུལ་དག་ཀྱང་འདིའི་ཁོང་གསེང་ན་སྦས་ཡོད་པ་རིམ་གྱིས་ཤེས་ཐུབ།དེབ་དཀར་དགེ་འདུན་ཆོས་འཕེལ་ལགས་ཀྱི་ཚབ་མཚོན་བརྩམས་ཆོས་སུ་འགོད་དོན་ནི། གཅིག་ན་དགེ་ཆོས་ཁོང་གི་ཞལ་ནས་གསེར་དང་མཚུངས་པའི་རྣམ་དཔྱོད་དག མཉམ་དུ་ཤི་ན་ཤིན་ཏུ་ཕངས་ཞེས་གསུངས་ཡོད་ལ།གཉིས་ན་བཙོན་ལ་བཞུགས་དུས་ཀྱང་རྒྱལ་རབས་དེ་ལ་རོགས་རམ་ཐུབ་ན་ཕྲན་ལ་རོགས་རམ་ཅི་ཡང་མ་དགོས།རེ་ཞིག་བར་ངོ་གནོངས་དང་དོགས་པའི་ངང་ནས་སྦ་དགོས་པ་འདི་ལྟར་ལགས་མོད། མ་འོངས་པ་ན་ངོ་སོ་དང་བཅས་བསྟན་ཆོག་པའི་དུས་ཤིག་འབྱུང་ངེས་ལགས།①ཞེས་དེབ་དཀར་གྱི་སླད་དུ་རང་གི་གཅེས་པའི་སྲོག་ཀྱང་འབུལ་ཕོད་པ་འདིས་སྲིད་དོན་རྒྱལ་རབས་འདིའི་རིན་ཐང་རྟོགས་ཐུབ།དེ་མིན་འདི་ནི་ཁོང་ཉིད་ཀྱི་གསུང་རྩོམ་ཆེས་མཐའ་མ་ཡིན་པས་གསུང་རྩོམ་འདི་ལ་རྣམ་དཔྱོད་ཀྱི་ཉིང་བཅུད་མ་ལུས་གཅིག་ཏུ་བསྒོམས་ཡོད་པ་དང་ཕྱི་རབས་པར་ཤུགས་རྐྱེན་ཟབ་མོ་ཐེབས་ཐུབ་པ་སོགས་ཀྱི་རྐྱེན་ཡིན་པ་གསུངས་ཡོད།

དང་པོ། དེབ་དཀར་གྱི་མཚན་བྱང་གི་འགྲེལ་བ།

དེབ་ཐེར་དཀར་པོའི་མཚན་བྱང་ཧྲིལ་པོར་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་གསོལ་ལ།མིང་ཚིག་རེ་རེའི་རྒྱབ་ལོགས་སུ་ཁོང་ཉིད་ཀྱི་ཐུགས་འདུན་གང་དག་མཚོན་ཡོད་པ་དང་དེབ་ཀྱི་ཚིག་རེ་རེ་ལས་ལོ་རྒྱུས་ཀྱི་དངོས་ཡོད་གནས་བབ་གང་འདྲ་མཚོན་བཞིན་པ་སོགས་རྒན་ལགས་ཀྱིས་ཞིབ་གསལ་དག་གསུམ་གྱིས་ཀློག་པ་པོའི་མིག་ལམ་དུ་བསྟར་ཡོད།དེབ་ཐེར་དཀར་པོ་མ་བརྩམས་གོང་དུ་བོད་ལ་ལོ་རྒྱུས་ཀྱི་བསྟན་བཅོས་མང་པོ་ཡོད་མོད་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཅིའི་ཕྱིར་དུས་སྐབས་དེར་དེབ་ཐེར་འདི་རྩོམ་དགོས་ཤེ་ན།ཨ་རིའི་ལོ་རྒྱུས་སྨྲ་བའི་དབང་པོ་སི་ཏ་ཧྥུའུ་ཨ་ནོ་སུ་ཡིས།དུས་རབས་རེ་རེར་རང་གི་ཡུན་ལ་བྲིས་པའི་ལོ་རྒྱུས་ཡོད་དེ།དེ་ནི་སྔ་མའི་ལོ་རྒྱུས་བྲིས་པ་མ་དག་པས་མིན་ལ།དུས་རབས་རེ་རེར་གནད་དོན་གསར་པ་དང་དོགས་གཞི་གསར་པ་འབྱུང་སྲིད་ཅིང་། དེའི་དོན་མཐུན་གྱི་ལན་འཚོལ་དགོས་པས་ཡིན།②ཞེས་གསུངས་པ་ནང་བཞིན་སྐབས་དེའི་རྒྱལ་སྤྱིའི་གནས་བབ་ནི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཡིན་པ་དང་། བོད་ནང་ཁུལ་ནས་རྒྱལ་དམངས་ཚོགས་ཆེན་བསྡུས་མོད་དམག་མི་གྲ་སྒྲིག་བྱེད་པར་གྲོས་མ་འཆམ་པ་བཅས་ནི་ཕྱི་ངོས་ཀྱི་ཁོར་ཡུག་ཡིན་ལ།དགེ་ཆོས་ཁོང་ཉིད་རྒྱ་གར་དུ་ཕེབས་པའི་དུས་ལ་གན་དྷིས་དབུ་ཁྲིད་འོག་རྒྱ་གར་གྱིས་ཚ་ཚ་འུར་འུར་ངང་རང་བཙན་འཐབ་རྩོད་བྱེད་པ་དང་ཁེལ་བས།ཁོང་གིས་བོད་ཀྱི་གནས་བབ་སྐྱོ་བོར་ཐུགས་ཁུར་བྱས་འོག་རིག་གཞུང་ཞིབ་འཇུག་དང་སྲིད་ལུགས་འཕེལ་ཕྱོགས་གཉིས་ཟུང་དུ་སྦྲེལ་དགོས་པའི་བསམ་བློའི་མྱུ་གུ་འཁྲུངས་པས་ལོ་བཅུ་གཉིས་ཀྱི་རིང་ལ་རྒྱ་གར་དང་རྒྱ་ནག ཏ་ཟིག་བཅས་ནས་འབྲེལ་ཡོད་རྒྱུ་ཆ་འཚོལ་སྡུད་བྱས་པར་མ་ཟད།ཐེངས་དང་པོར་ཏུན་ཧོང་གཏེར་ཡིག་ལ་ཞིབ་འཇུག་བྱས་ཏེ་གསེར་ལས་ལྷག་པའི་དཀོན་ནོར་འདིའི་རིན་ཐང་མངོན་པར་བྱས་ཡོད།

གཉིས་པ། འགྱུར་ཕྱག མཆོད་བརྗོད། རྩོམ་པར་དམ་བཅའ་བ་བཅས་ལ་འགྲེལ་བ་བསྡུས་ཙམ།

བསྟན་བཅོས་ཀྱི་ཐོག་མར་འགྱུར་ཕྱག་འགོད་པ་ནི་སྔོན་གྱི་ལོ་པཎ་རྣམས་ལ་ལད་ཟློས་བྱས་ཡོད། དགེ་ཆོས་ཁོང་གི་ཞལ་སྔ་ནས་རྒྱ་གར་གྱི་པཎ་གྲུབ་ཉི་ཟླ་དང་འདྲ་བ་དེ་ཚོས་མདོ་སྔགས་རིག་གནས་དང་བཅས་པ་འདི་ཙམ་མཛད་ན་ཡང་།རང་རེའི་བོད་པ་ཚོ་ལ་ནི་ཆོས་རྒྱལ་ཚོ་དང་།ལོ་ཙཱ་བ་འཇིག་རྟེན་མིག་འབྱེད་དེ་ཚོ་བྱུང་མེད་ན།མདོ་སྔགས་རིག་གནས་དང་བཅས་པའི་གཞུང་འདི་ཚོ་རང་རེས་གདན་གྲུ་བཞི་གཅིག་གི་སྒང་ལ་བསྡད་ནས་ལྷོད་ཤིག་གེར་མཇལ་བའི་སྐལ་བ་ག་ནས་རྙེད།③ཅེས་གསུངས་པས།འདིར་གཙོ་བོ་སྔོན་གྱི་ལོ་པཎ་དག་གི་དྲིན་དྲན་པའི་ཕྱིར་དུ་ཡིན།མཆོད་བརྗོད་ཀྱི་འགྲེལ་བའི་སྐབས་སུ་རྒྱ་གར་གྱི་རིག་གནས་ལས་སྡེ་བཞིའི་ཁུངས་དང་བྲམ་ཟེའི་གནས་སྐབས་བཞི།རིགས་རུས་བཅས་ལ་འགྲེལ་བ་ཅུང་རྒྱས་ཙམ་བྱས་ཡོད།རྩོམ་པར་དམ་བཅའ་བའི་འགྲེལ་བ་ཅུང་མདོར་ཙམ་བརྗོད་ན་བཙན་པོའི་དུས་སུ་ཕྱོགས་བཞིའི་རྒྱལ་ཁམས་དབང་དུ་བསྡུས་པའི་ཚུལ་ཅི་ལྟ་བུ་ཞིག་ཡིན་པ་དེ།ངེས་པའི་སྒྲོས་ཏེ་ཐག་ཆོད་པའི་ངག་སྒྲོས་དང་ལོ་ཚིགས་གསལ་བར་བཀོད་པའི་ཡིག་རྙིང་ཏུན་ཧོང་གཏེར་ཡིག་སོགས་སུ་ཅི་གང་རྙེད་པ་དག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལས་བོད་ཁམས་དང་པོ་སྟེ་བོད་ཀྱི་རྒྱལ་ཁམས་ཐོག་མའི་ཆབ་སྲིད་ཀྱི་སྟོབས་དང་དབང་ཤུགས་ཀྱི་ཚད་ནི་ཅི་ཙམ་ཡིན་པ་འཇལ་བའི་སྙིང་སྟོབས་སམ་སྤོབས་པ་བདག་ལ་སྐྱེས་པ་ཡིན་ཞེས་པའོ། །④

གསུམ་པ། གཞུང་དངོས་ལ་འཇུག་པ།

གཞུང་དངོས་ཀྱི་སྐབས་འདིར་རྒན་ལགས་ཀྱིས་ངོ་སྤྲོད་བྱས་པའི་དེབ་ཀྱི་རྨང་གཞིའི་སྟེང་དེའི་ཐབས་ལམ་སྤྱད་དེ་མ་ལག་གི་ལམ་ནས་རི་མོ་སྒྲིག་བཟོ་བྱས་པ་དེ་བཀོད་ཡོད།ཐབས་ལམ་འདིས་བཀླགས་ཟིན་པའི་ནང་དོན་དག་ཐ་ཐོར་དུ་མི་འགྲོ་བར་དཀྱིལ་སྙིང་གང་དེར་གཅིག་ཏུ་སྒྲིལ་ཐུབ་པ་དང་།ནང་དོན་ལའང་གོ་རིམ་དང་ཞིབ་ཚགས་ཡོད་པའི་སྒོ་ནས་ཀློག་པ་པོའི་ཡིད་འཛིན་གྱི་ཤོག་ངོས་ལ་གསོན་ཉམས་དང་བཅས་བཀོད་ཆོག དེ་བས་དེབ་དཀར་གྱི་ནང་དོན་དངོས་དེ་རི་མོའི་ལམ་དུ་བྲིས་ཡོད་པ་འདི་ལགས།

བཞི་པ། རང་གི་མྱོང་ཚོར།

གཅིག དེབ་དཀར་དང་སྐད་བརྡ་རིག་པ།

དགེ་འདུན་ཆོས་འཕེལ་ལགས་ནི་དེང་རབས་སྐད་བརྡ་རིག་པའི་སྔོན་ཐོན་མི་སྣ་ཡིན་ལ་སྤྱི་བྱེ་བྲག་ཟུང་འབྲེལ་གྱིས་ལོ་རྒྱུས་ཀྱི་ཐ་སྙད་ལ་དཔྱད་ཐུབ་པ་དང་འཆད་ཁྲིད་གནང་སྐབས་དགེ་ཆོས་ལགས་ཀྱིས་སྒྲ་ཡི་བསྒྲུབ་ཐབས་ཀྱིས་སུམ་རྟགས་ཀྱི་རྩ་བ་ཞིག་རྩོམ་ཐུབ་མོད་འདི་ཉིད་ཀྱིས་སྐད་ཡིག་ཉམས་དམས་སུ་ཕྱིན་འགྲོ་ཞེས་པ་ལས་དེ་ཉིད་ར་སྤྲོད་བྱེད་ཐུབ། རྒན་ལོ་ཁྲང་ཕེའི《སྐད་བརྡ་དང་རིག་གནས》ཞེས་པར་ས་མིང་འདོགས་ཚུལ་ལ་བལྟས་ནས་མི་རིགས་ཤིག་གི་འཚོ་གནས་ཀྱི་རྗེས་ཤུལ་ལ་རྟོགས་དཔྱོད་བྱེད་ཐུབ་ཅེས་བཀོད་ཡོད་ལ།⑤དགེ་ཆོས་ལགས་ཀྱིས་ཀྱང་དེབ་དཀར་དུ་ས་མིང་འདོགས་ཚུལ་ལས་བོད་བཙན་པོའི་དམག་དཔུང་གི་མཛད་རྗེས་གསལ་བར་བསྟན་ཡོད། དཔེར་ན་ཟུང་ཆུ(松潘县)དང་ཐོ་ཆུ(临潭县)ཀ་ཆུ(酒泉县)སོགས་གཞུང་ཆུ་ལ་བརྟེན་ནས་མིང་འདོགས་ཚུལ་བོད་ལ་སྔར་ནས་ཡོད་པ་རྒྱ་ནག་གིས་ཀྱང་དེ་ལྟར་རྒྱ་ནག་གོང་མ་ལ་བེ་ཆུའི་རྒྱལ་བོ་ཞེས་མིང་འདོགས་སྲོལ་ཡོད་པ།⑥སྐད་བརྡ་རིག་པའི་ཞིབ་འཇུག་ལ་སྐད་བརྡ་ཁོ་ནའི་ཚད་བཀག་མི་ཐེབས་པར་ཞིབ་འཇུག་གི་རྒྱ་བསྐྱེད་དེ་སྐད་བརྡའི་སྣང་ཚུལ་དེ་སྤྱི་ཚོགས་ཀྱི་འདུ་ཤེས་སོགས་སྣང་ཚུལ་གཞན་དག་དང་ཟུང་འབྲེལ་བྱེད་ཐུབ་ཚེ།ད་གཟོད་སྐད་བརྡའི་བྱེད་ནུས་ཆེས་ཆེར་འདོན་སྤེལ་བྱས་ནས་སྐད་བརྡ་རིག་པའི་རྩ་བའི་རིག་པ་གསལ་བཤད་བྱེད་ཐུབ།⑦བོད་ཅེས་པའི་མིང་དང་ཡུལ་མིང་།རྗེ་བློན་གྱི་མིང་སོགས་ལ་དཔྱད་པའི་སྐབས་སུ་ཐབས་འདི་ཉིད་ལེགས་པར་སྤྱད་ཡོད།དེབ་དཀར་དུ་ཅིན་གྱི་རྒྱལ་རབས་ཞེས་པ་རྒན་ལགས་ཀྱིས་རྒྱ་ནག་ཆོས་འབྱུང་དང་དེབ་དམར་ན་ཚིན་ཞེས་བྲིས་པ་དེ་ཡིན་ལ། རྒྱ་ནག་གི་ཡི་གེ་ནི秦ཞེས་པ་དེ་ཡིན། རྒྱ་གར་བས་མ་ཧ་ཙི་ན་ཟེར་བ་དང་རང་རེས་རྒྱ་ནག་ཟེར་བ་ཡང་སྒྲ་འདི་ལས་འགྱུར་བར་བཤད་མཁན་ཡོད།⑧རྒྱའི་ཡུལ་སྐད་ཆེ་དགུའི་ཁྲོད་ཀྱི་གཉིས་པ་སྟེ་ཡུལ་དབུས་ཀྱི་ཡུལ་སྐད་ཁྲོད་དུqinཞེས་པ་ལcinཞེས་སྒྲ་འབྱིན་སྐབས་ལྕེ་དང་སོ་ཡི་བྱེད་རྩོལ་གྱི་ཁྱད་པར་ཡོད་པ་འདི་ལས་རིམ་བཞིན་ཚིན་དང་ཙིན་ཞེས་འགྱུར་ཡང་སྲིད།གཞན་ཡང་དེབ་འདིའི་ནང་དུ་དེབ་དཀར་གྱི་ལོ་རྒྱུས་ཁྲོད་ནས་སྐད་བརྡ་རིག་པའི་སྒྲ་ཡི་འགྱུར་ལུགས་དང་ཡི་གེའི་སྐུང་ཐབས་སོགས་བརྗོད་ཡོད་ལ།དེ་ཡང་ཡི་གེ་སྐུང་སྲོལ་གྱི་ཐད་ནས་བོད་ཡིག་སྐུང་སྲོལ་དར་སྔ་སྟེ།ཏུན་ཧོང་བྲག་ཕུག་ནས་ཐོན་པའི་ཤོག་དྲིལ་གྱི་ཡིག་དཀར་རྣམས་ལས་ཐུན་མོང་བའི་སྐུང་བྲིས་ས་ཁྱབ་རྡོ་ཁྱབ་ཏུ་སྣང་ཞིང་།བསྟན་པ་ཕྱི་དར་གྱི་དབུ་བརྙེས་པ་ནས་བཟུང་།གཤར་མའི་འབྲི་སྲོལ་རིམ་གྱིས་དར་བའི་ཞོར་དུ།ཐུན་མོང་མ་ཡིན་པའི་སྐུང་སྲོལ་ཡང་ཆགས་པར་གྱུར་ཅེས་པ་ལྟར་རོ། །⑨ དེ་མིན་ད་ལྟའི་ཅོ་ནེ་བ་རྣམས་སྲོང་བཙན་གྱི་དམག་ཡིན་པའི་བཤད་ཚུལ་ཡོད་ལ། ཐེ་བོའི་སྐད་དང་རྒྱལ་རོང་གི་སྐད་གཉིས་ཅུང་འདྲ་བའི་ཆ་ཡོད་པར་སྐད་བརྡའི་སྣང་ཚུལ་ལས་དོན་དངོས་ར་སྤྲོད་བྱེད་པའང་དགེ་ཆོས་ལགས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པའི་ཐབས་ལམ་ཞིག་ཏུ་ཆགས་འདུག

གཉིས། དེབ་དཀར་དང་ཆོས་ལུགས།

ཆོས་ལུགས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་མིའི་རིགས་ཀྱི་དགོས་མཁོ་དང་བསྟུན་ནས་མྱུ་གུ་འབུས་ཤིང་འཚར་ལོངས་བྱུང་ལ།ཆོས་ལུགས་དང་ལོ་རྒྱུས་གཉིས་ནི་མཉམ་འགྲོ་མཉམ་གནས་སུ་ཆགས་འདུག དེབ་འདིར་བཙན་པོའི་སྲིད་ཀྱི་དཔུང་ཤུགས་ཀྱི་སྐོར་བརྗོད་དུས་རྒྱ་གར་གྱི་རྒྱལ་པོ།ཏ་ཟིག་གི་རྒྱལ་པོ།བཙན་པོ་སྲོང་བཙན་སྒམ་པོ་ཁོང་གསུམ་ནི་སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་གྲགས་ཆེ་བ་དང་།རྒྱལ་སྲིད་བཟུང་བའི་ཡུན་དང་སྐུ་ཚེ་ཐུང་བ།དུས་མཉམ་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ་ཁོང་རྣམས་བསྡུར་ནས་བཙན་པོ་སྲོང་བཙན་གྱི་སྐབས་ལ་བོད་ཆེན་པོའི་ཆབ་སྲིད་མངའ་ཐང་།དཔུང་སྟོབས་སོགས་ཀྱི་ཆ་གང་ཐད་ནས་ཀྱང་མི་དམན་པ་ར་སྤྲོད་བྱས་ཡོད།འདིའི་སྐབས་ལ་ཆོས་ལུགས་སོ་སོའི་འཐབ་རྩོད་ཀྱིས་རྒྱལ་ཁབ་ཀྱི་འཕེལ་འགྲིབ་ལ་ཚད་ངེས་ཅན་གྱི་ཤུགས་རྐྱེན་ཐེབས་ཡོད་དེ།སྲིད་འཛིན་པའི་ཆོས་ལུགས་དད་མོས་ཀྱིས་མི་སྒེར་དང་རྒྱལ་ཁབ་སྤྱི་ཡི་བསམ་པའི་འདུ་ཤེས་ལ་ཁ་ལོ་བསྒྱུར་ཡོད།རྒྱ་གར་དང་ཏ་ཟིག་གི་རྒྱལ་པོ་གཉིས་ཀྱིས་ཆོས་ལུགས་འཐབ་རྩོད་ཁྲོད་རང་སྲོག་བློས་བཏང་ལ།བན་བོན་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་བོད་རྒྱལ་གྱི་བཙན་པོ་ཁ་ཤས་ཤིག་གིས་ཀྱང་རང་སྲོག་རྐྱེན་ལམ་དུ་བརྫངས་པ་ལོ་རྒྱུས་སུ་འཁོད་པ་ལྟར།དེ་མིན་བོད་ཡིག་གསར་བཟོའི་ཐད་ལའང་བཞེད་པ་མི་མཐུན་པ་ཡོད་པ་གཙོ་བོ་འདི་ལ་རག་ལས་ཏེ།ཡོངས་གྲགས་ཀྱི་བཞེད་པ་དང་མི་མཐུན་པའི་ལྟ་བ་གསར་པ་དག་རིག་གཞུང་ཞིབ་འཇུག་གི་ལམ་ཁ་ཇེ་ཡངས་སུ་སོང་བ་དང་བསྟུན་ནས་རྗེས་རབས་པའི་མིག་ལམ་དུ་གཅལ་དུ་བཀྲམ་ཡོད།རྒན་ཚེ་རིང་ཐར་ལགས་ཀྱི་བོད་ཡིག་གི་བྱུང་བ་བརྗོད་པའི་དཔྱད་རྩོམ་ཞིག་ཏུ་བོད་ཡིག་ནི་ཞང་ཞུང་གི་ཡི་གེར་དཔེ་བྱས་ནས་བཟོས་པ་ཡིན་པའི་སྒྲུབ་བྱེད་དུ་མཁས་དབང་ནམ་མཁའི་ནོར་བུ་ལགས་ཀྱིས་ཞིང་ས་གཤིན་པོ་མི་ཡི་ནོར་ཞེས་པ་དེ་རྒྱལ་ཁབ་གཞན་གྱི་སྐད་དང་བོད་སྐད།ཞང་ཞུང་གི་སྐད་བཅས་ཀྱི་ལམ་ནས་བརྡ་སྤྲོད་ཚུལ་ལ་བསྡུར་བ་བྱས་པ་ལས་ཞང་ཞུང་གི་སྐད་ནི་སྐད་ཆའི་གོ་རིམ་དང་། ཐ་སྙད་ཀྱི་སྦྱོར་བ། ཚིག་ཕྲད་སོགས་ཀྱི་ཐད་ནས་བོད་ཡིག་དང་ཆེས་ཐག་ཉེ་བ་ཡིན་པར་བརྗོད་ཡོད་པ་དེ་བཀོད་ཡོད་ལ།⑩ དེ་མིན་ས་བབས་དང་བོན་ཆོས་བོད་ལ་དར་བ་སོགས་ཀྱི་སྒྲུབ་བྱེད་དུ་མ་ལུང་དང་ལྡན་པར་བཀོད་ཡོད། ཞང་ཞུང་གི་རིག་གནས་དང་འབྲེལ་བའི་དངོས་ཟིན་གློག་བརྙན་ཞིག་ཏུ་ཐོག་མར་བོན་ཆོས་ལ་རྒྱུས་ལོན་བྱས་པ་ཙམ་ཡིན་ལ།གལ་ཏེ་འགྲེལ་བཤད་པའི་སྒྲ་དེ་མེད་ཚེ་བརྙན་དེ་ཁོ་ན་ལས་འཁོར་ལོའི་ཁ་ཕྱོགས་ཙམ་མ་གཏོགས་ནང་ཆོས་དང་བོན་ཆོས་ལ་ཁྱད་པར་ཅི་ཡོད་དངོས་གནས་ཤེས་མ་བྱུང་།ནང་ཆོས་ཀྱི་ཁུངས་ཕྱི་མོ་ནི་བོན་ཆོས་ཡིན་པར་བཤད་མཁན་ཡང་ཁ་ཤས་ཡོད།སྲོང་བཙན་སྒམ་པོའི་སྐབས་སུ་ནང་ཆོས་བོད་དུ་དར་དགོས་པའི་རྐྱེན་གཙོ་བོ་ནི་ཆབ་སྲིད་ཀྱི་དགོས་མཁོ་བསྐང་ཕྱིར་ཡིན་ལ།ཆོས་དང་སྲིད་ཀྱི་དབང་ཆའི་འགྱུར་ལྡོག་གིས་སྲིད་འཛིན་པས་སྲིད་དབང་ལ་གཞོགས་འདེགས་བྱེད་ཐུབ་པའི་ཆོས་ལུགས་ཤིག་སྤེལ་བར་རེ་བཞིན་པའི་དམིགས་བསལ་གྱི་ཆ་རྐྱེན་འོག་ནང་ཆོས་བོད་དུ་དར་ཐུབ་པ་བྱུང་ཞེས་བརྗོད་པ་ཡང་མང་དུ་འདུག ཤེས་བྱའི་མ་ལག་ཏུ་གཏན་སྲོལ་དུ་གྱུར་པའི་ལོ་རྒྱུས་དག་དཔེ་ཀློག་ཁྲོད་ནས་གཡོ་འགུལ་ཐེབས་དགོས་པའི་ཚོར་སྣང་འདི་ནི་སྨྲ་བསམ་བརྗོད་འདས་ཤིག་སྟེ།རང་ངོས་ཀྱི་འཕེལ་རྒྱས་ཤིག་གམ་དོགས་སྣང་སྐྱེ་སའི་གནས་ཇེ་མང་དུ་འགྲོ་བཞིན།རྒན་ལགས་ཀྱིས་འཆད་ཁྲིད་གནང་སྐབས་དེབ་ཀྱི་མགོར་བཀོད་པའི་སྲོང་བཙན་གྱི་སྐུ་བརྙན་དེ་དགེ་འདུན་ཆོས་འཕེལ་ལགས་ཀྱི་ཕྱག་བྲིས་དངོས་ཡིན་མིན་དང་སྲིད་ཀྱི་ལོ་རྒྱུས་ཡིན་པའི་ཐད་ནས་དྲག་པོར་འབྲི་དགོས་པར་སེམས་ཞེས་གསུངས།ཡིན་ན་ཡང་དགེ་ཆོས་ལགས་ནི་ཆོས་ལུགས་པ་ཡིན་པའི་ཐད་ནས་ཆབ་སྲིད་ཀྱི་སྒོ་ནས་འཐབ་རྩོད་མཐར་ཐུག་པ་བྱེད་མི་ཐུབ་ཅེས་རྒན་ལགས་ཀྱིས་འཆད་ཁྲིད་ཀྱི་སྒང་ལ་གསུངས་ཡོད་ལ།དེ་མིན་དགེ་ཆོས་ལགས་ཀྱིས་ཀྱང་ལྷ་གཅིག་ཕྱག་ན་པདྨོ་མི་རྗེའི་ཚུལ། །ལུགས་གཉིས་འཁོར་ལོ་བསྒྱུར་བའི་དབང་ཕྱུག་ཆེ། ། སྲིད་གསུམ་ཟིལ་གནོན་སྲོང་བཙན་སྒམ་པོ་ཡིས། །མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་པའི་ཚུལ། །ཞེས་ཚིག་འགྲོས་ཀྱི་ཟུར་རེ་རེ་ན་སྲོང་བཙན་གྱི་སྣང་བརྙན་དེ་ཆོས་འབྱུང་ལོ་རྒྱུས་ཕལ་མོ་ཆེ་དང་འདྲ་བར་སྤྱན་རས་གཟིགས་ཉིད་མིའི་རྗེ་བོའི་ཚུལ་དུ་བྱོན་པ་ལྟར་བྲིས་ཡོད་པས།རང་ཉིད་ཆོས་ལུགས་པ་ཡིན་པའི་རྐྱེན་ནམ་བསྟན་བཅོས་ཡུན་རིང་དུ་གནས་པའི་ཆེད་གང་ཡིན་ཡང་བོད་མི་སྤྱིའི་སེམས་ཀྱི་སྣང་བརྙན་ལྟར་བྲིས་པ་ཡིན་པར་འདོད།

གསུམ། དེབ་དཀར་དང་དམངས་སྲོལ་རིག་གནས།

དམངས་སྲོལ་རིག་གནས་ལ་སྤྱིའི་ཆ་ནས་དངོས་པོའི་དམངས་སྲོལ་དང་སྤྱི་ཚོགས་དམངས་སྲོལ། བསམ་བློའི་དམངས་སྲོལ།ངག་ཐོག་སྐད་ཆའི་དམངས་སྲོལ་བཅས་འདུས་ཤིང་།དེབ་འདིར་འཁོད་པ་ནི་གཙོ་བོ་དངོས་པོའི་དམངས་སྲོལ་སྐོར་གྱི་ནང་གསེས་སུ་གཏོགས་པའི་འཚོ་བའི་དམངས་སྲོལ་ཏེ།རྒྱལ་བློན་གྱི་ཆས་གོས་དང་བཞུགས་གནས།བཟའ་བཏུང་སོགས་དང་།ཐོན་སྐྱེད་དམངས་སྲོལ་ཏེ།གསེར་དངུལ་ཟངས་ལྕགས་ཞ་ཉེ་བཅས་ཀྱི་སྐོར།སྤྱི་ཚོགས་དམངས་སྲོལ་གྱི་སྐོར་དཔེར་ན་དུར་འདེབས་པ་དང་།རིགས་རུས་འབྱེད་སྟངས།མནའ་བསྐྱལ་བའི་སྐོར།བསམ་བློའི་དམངས་སྲོལ་དཔེར་ན་ཡུལ་ལྷ་གཞི་བདག་ལ་བཀུར་བ་དང་མོ་རྩིས་བྱེད་སྟངས། གུས་ལུགས་ཀྱི་སྐོར།ངག་ཐོག་སྐད་ཆའི་དམངས་སྲོལ་ཏེ་དམངས་ཁྲོད་རྩོམ་རིག་གི་ཁོངས་གཏོགས་བཙན་པོའི་དུས་ལ་རྗེ་བློན་དང་བློན་པོ་ཕན་ཚུན་བར་བླངས་པའི་མགུར་གྱི་སྐོར་སོགས་ཀྱང་ས་བཅད་དུ་དབྱེ་ནས་གསལ་ལེར་བཀོད་ཡོད། འདི་དག་གི་ཁུངས་ཕལ་མོ་ཆེ་ནི་ཏུན་ཧོང་གི་ཡིག་རྙིང་དང་རྒྱའི་དེབ་ཐེར་སོགས་ཡིན་ལ། གལ་ཏེ་མཁས་དབང་ཁོང་གིས་ཡིག་ཆ་ཡོད་ཚད་དག་སྒྲིག་མ་བྱས་ཚེ་ཡིག་རྙིང་གི་ཡིག་ཆ་སྐོར་ཞིག་ལོ་རྒྱུས་ཀྱི་རྡུལ་འཚུབ་ཁྲོད་ནས་གར་སོང་རྒྱུས་མེད་དུ་གྱུར་འགྲོ་བའང་ཅི་ལ་མི་སྲིད། 

དུས་ཀྱིས་དཔའ་བོ་བསྐྲུན་ཅེས་པ་ལྟར་དགེ་ཆོས་ལགས་ནི་ལོ་རྒྱུས་དཀྱོག་མཚམས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་ཡང་།དཔའ་བོ་དུས་དང་བསྟུན་པར་རྐྱེན་གང་མང་ཞིག་གི་བར་ཆད་བཟོས་སོང་།སྐབས་འདིར་ངས་བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ་ཞེས་པའི་གསུངས་དེ་ཝ་ལེར་དྲན་བྱུང་ལ་དྲིན་མི་གོ་བའི་གཤིས་ལུགས་འདི་རྒྱུན་འབྱམས་སུ་སོང་བ་ཡིན་ནམ་སྔར་ལ་དྲིན་མ་གོ་བ་རྐྱེན་བྱས་ནས་ཕྱིས་ཀྱི་ལོ་རྒྱུས་རྒྱུ་འབྲས་ཀྱིས་བསྐྲུན་སོང་ངམ།གང་ལྟར་ད་ལྟ་བསྒྲུབ་རྒྱུ་ནི་མིག་སྔར་ཡོད་པ་དང་ལག་ཏུ་སོན་པ་རྣམས་ལ་དཀོན་ནོར་ལྟར་གུས་ཤིང་གཅེས་ཏེ་མ་འོངས་པའི་ལམ་ཁ་དེར་བསྙེག་དགོས་སྙམ། གོང་དུ་སོང་ཟིན་པའི་ལོ་རྒྱུས་གླེང་བའི་དགོས་པ་དེར་སྐབས་འདི་ལ་ངེས་ཤེས་ཟབ་མོ་སྐྱེས་བྱུང་།

བཞི། རྩོམ་པ་པོ་དང་དཔེ་ཀློག

རྒན་ལགས་ཀྱིས་དེབ་འདི་རྩོམ་དགོས་ཚེ་ཁོང་ལ་ཡང་དགེ་ཆོས་ལྟ་བུའི་དཀྱེལ་ཡངས་པའི་བསམ་བློ་དང་། ལོ་རྒྱུས་འགྲེལ་བཤད་དུ་མཁོ་བའི་གནའ་དེང་རིག་གནས་ཀྱི་རྫོང་མཐུག་པོ་ཞིག་ཡོད་དགོས་ངེས་ཡིན་ཞིང་ལུས་ལའང་དེ་ལྟར་རྫོགས་འདུག ཁོང་གིས་ལོ་རྒྱུས་འཆད་སྐབས་གཞུང་ལྟར་བསྒྲིགས་ཐུབ་ལ་འཕྲེད་ལྟར་བསྲིངས་ཡང་ཐུབ།ཡང་བསྲིངས་ནས་བརྒལ་མི་འགྲོ་བར་སླར་ལོ་རྒྱུས་ཀྱི་དོན་དུ་འབབ་ཐུབ།ཡང་དང་བསྐྱར་དུ་བཀླགས་ཚེ་མཐོང་སྣེ་དང་བློ་སྐྱེད་གསར་པ་སྦྱིན་ཐུབ།ད་དུང་རྩོམ་འབྲིའི་སྐབས་སུ་འབྲེལ་ཡོད་ཀྱི་དེབ་དག་ཀྱང་ཞར་དུ་ངོ་སྤྲོད་བྱས་ཡོད་སྟབས་ཞིབ་འཇུག་བྱེད་པར་སྟབས་བདེ་བཟོས་ཡོད་ལ་སྤྲོ་བ་ཡོད་ནའང་དེ་ནང་བཞིན།དཔེར་ན།《གོ་ལའི་རྣམ་བཤད》《ས་མིང་བརྡ་འགྲེལ》《མདུང་རྩེ་ལྷ་སར་གཏད་པ》《རྒྱ་གར་གནས་ཡིག》《བྱང་འབྲོག་ལམ་ཡིག》《ཕུང་བོ་དུར་འཇུག་བྱེད་སྟངས་སྐོར་བོད་རིགས་ཀྱི་དམངས་སྲོལ་འགའ་ཞིག》《ལྷ་སའི་བཞིན་རས་ངོ་མ》《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད》《ཞང་བོད་ལོ་རྒྱུས་ཏི་སེའི་འོད》སོགས། གཞན་རྒན་ལགས་ཀྱིས་དེབ་དཀར་གྱི་འགྲེལ་བའི་ཁ་གསབ་ཏུ་ས་གནས་ལོ་རྒྱུས་ཀྱི་གལ་ཆེན་རང་བཞིན་བརྗོད་ཡོད་ལ།ལ་དྭགས་དང་གུ་གེ མངའ་རིས་སྐོར་གསུམ་གྱི་ཁྱབ་ཁོངས་སོགས་ཞིབ་འཇུག་གནས་བབས་ཅུང་ཞན་པའི་སྐོར་གསུངས་ཡོད།འདི་ལས་གཞན་ད་དུང་འཇར་པན་གྱི་ཡ་གླིང་ཤར་མ་ཆེན་མོའི་སྲིད་ལུགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས།གར་ལོག་དང་ལི་ཡུལ།པོ་ཏ་ལ།གནམ་རི་སྲོང་བཙན་གྱི་གྲོངས་རྐྱེན།ལི་ཡུལ་གྱི་སྐོར་བཅས་ལའང་རྒྱུས་ལོན་ཅུང་ཞན་པས་རྗེས་མའི་འཆར་གཞིར་དགོད་ཆོག དཔེ་ཀློག་གི་གོ་རིམ་ཁྲོད་རང་ངོས་ཀྱི་བསམ་གཞིག་གཏོང་དགོས་པ་དེ་གལ་ཆེ་བར་འདུག་མོད་རྒྱུན་པར་རྩོམ་པ་པོས་ཅི་གསུངས་དེ་དག་སྒྲུབ་བྱེད་འཐད་ལྡན་དུ་བཀོད་ཡོད་སྟབས་ཡོད་ཚད་བདེན་པར་སྣང་།ཟིན་ཐོ་འགོད་སྐབས་རང་ཉིད་ཀྱིས་བསམ་བློ་གཏོང་དགོས་པའི་གནས་ཤིག་རེད་སྙམ་ནས་དགའ་ལྷང་ལྷང་གིས་ཟུར་དུ་བཀོད་མོད། སྙན་ཞུ་འབྲི་དུས་རྒྱུ་ཆ་གཞན་དང་ཟུང་འབྲེལ་བྱས་ཚེ་རིན་ཐང་མེད་པ་ཚོར་རྗེས་ངས་གང་ལྟར་ཡང་བསམ་བློ་བཏང་བྱུང་ཞེས་སེམས་གསོ་བྱེད་རྒྱུ་ལས་ཅི་ཡང་མི་འདུག ཡིན་ན་ཡང་དཔེ་ཀློག་གིས་སྦྱིན་པའི་སྤྲོ་སྣང་དེས་ཡུན་བསྲིངས་ནས་བསམ་གཞིག་གི་སྒོ་མོ་འབྱེད་པའི་ལྡེ་མིག་དེ་འཚོལ་བར་ཅིས་ཀྱང་བརྩོན་དགོས།དེབ་འདི་ཕྱི་མོའི་དེབ་བཞིན་དཀར་ཆག་བཀོད་མེད་སྟབས།རྒན་ལགས་ཀྱིས་གསུངས་པ་ནང་བཞིན་རྩོམ་པ་པོའི་བརྩེ་གདུང་ཚིགས་བཅད་རེ་རེར་འཐིམས་ཡོད་པས་གོང་གི་ནང་དོན་མདོར་བསྡུས་སུ་ཡང་སྐབས་བབས་ཀྱི་ཚིགས་བཅད་གཞི་བྱས་ནས་དོན་ཚན་དུ་བགོས་ཏེ་བཀོད་ཡོད།མཐར་ལོ་རྒྱུས་ལས་ཤེས་རབ་འཁྲུངས་ཞེས་པ་ནང་བཞིན་དཔེ་ཀློག་གི་གོ་རིམ་ཁྲོད་ཡང་དག་པའི་རིན་ཐང་ལྟ་ཚུལ་ཞིག་ཆགས་ནས་འཚོལ་སྙེག་མཁན་དག་གིས་རང་ཉིད་ཀྱི་ཁ་ཕྱོགས་རྙེད་པའི་སྨོན་འདུན་ཞུ་ཞུ། །

ཟུར་ལྟའི་རྒྱུ་ཆ།

1.གུར་མགོན་སྐྱབས། 《དྲིན་གྱི་བུ་ལོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ12པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར།

2.དགེ་འདུན་ཆོས་འཕེལ།《དེབ་ཐེར་དཀར་པོ》 མི་རིགས་དཔེ་སྐྲུན་ཁང་། 2007ལོའི་ཟླ་དང་པོར་པེ་ཅིན་དུ་དཔར་ཐེངས་བཞི་པ་དཔར།

3.དཔའ་རིས་སངས་རྒྱས།《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》 མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ9པར་པེ་ཅིན་དུ་དཔར་ཐེངས་དང་པོ་དཔར།

4.ལོ་ཁྲང་ཕེ།《སྐད་བརྡ་དང་རིག་གནས》 པེ་ཅིན་སློབ་ཆེན་དཔེ་སྐྲུན་ཁང་། 2009ལོའི་ཟླ5པར་དཔར་ཐེངས་དང་པོ་དཔར།

5. ཚེ་རིང་ཐར། 《བོད་ཡིག་གི་བྱུང་བར་ཞིབ་དཔྱད》《ཀྲུང་གོའི་བོད་རིག་པ》 1988ལོའི་དེབ་དང་པོ།

①②③④ གུར་མགོན་སྐྱབས། 《དྲིན་གྱི་བུ་ལོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ12པ།ཤོག་ངོས3,12,20,25

⑤ ལོ་ཁྲང་ཕེ། 《སྐད་བརྡ་དང་རིག་གནས》 པེ་ཅིན་དཔེ་སྐྲུན་ཁང་། 2009ལོའི་ཟླ5པ། ཤོག་ངོས60

⑥ གུར་མགོན་སྐྱབས། 《དྲིན་གྱི་བུ་ལོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ12པ། ཤོག་ངོས98

⑦ ལོ་ཁྲང་ཕེ། 《སྐད་བརྡ་དང་རིག་གནས》 པེ་ཅིན་སློབ་ཆེན་དཔེ་སྐྲུན་ཁང་། 2009ལོའི་ཟླ5པ། ཤོག་ངོས107

⑧ གུར་མགོན་སྐྱབས། 《དྲིན་གྱི་བུ་ལོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ12པ།ཤོག་ངོས89

⑨ 《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》ཤོག་ངོས13

⑩ ཚེ་རིང་ཐར། 《བོད་ཡིག་གི་བྱུང་བར་ཞིབ་དཔྱད》 (《ཀྲུང་གོའི་བོད་རིག་པ》) 1988ལོའི་དེབ1པ། ཤོག་ངོས146

དགེ་འདུན་ཆོས་འཕེལ།《དེབ་ཐེར་དཀར་པོ》མི་རིགས་དཔེ་སྐྲུན་ཁང་།2007ལོའི་ཟླ1པ།ཤོག་ངོས1

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།