ཀྲུང་གོ་བོད་ཀྱི་དྲ་བ།

དགའ་དད་དབྱངས་སུ་འདྲེན་པའི་ལེགས་སྐྱེས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གནུབས་རྒྱལ་མཚན།   སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——སློབ་གྲོགས་བཞིའི་གཟི་དཔལ་འབར་བའི་པར་ཞིག་མཐོང་རྗེས།

1

ཁྱེད་ཅག་གི་པར་འདི་མཐོང་མ་ཐག ང་ནི་ཅི་ཡིན་འདི་མེད་ཀྱི་དགའ་བ་ཞིག་གིས་ལུས་སེམས་ཡོངས་སུ་དྲོད་ལྷང་ལྷང་བཏང་སོང་། ཡང་གཅིག་ན།ཁྱོད་ཚོའི་པར་འདི་གཟི་དཔལ་གྱི་འོད་སྣང་སྟོང་ལྡན་གྱིས་སྦྲན་པ་དང་།དམ་ཚིག་དང་ཚུལ་ཁྲིམས་གཙང་མའི་སྤོས་ངད་ཀྱི་དྲི་བསུང་འཐུལ་བ། ངེས་དོན་བསྟན་པའི་རྗེས་འཇུག་གི་བསྟན་འཛིན་སྐྱེས་པའི་བསོད་ནམས་ཀྱི་མཐུ་སྟོབས་རང་ཆས་སུ་གཞོལ་བས་ཡིན་ཡང་སྲིད། འདྲ་པར་གྱི་འོག་ཏུ་གསལ་བཤད་ཀྱི་ཚུལ་དུ་ནག་ཤར་རེར་དོད་པའི་ཐིག་ཕྲེང་གཉིས་ཀྱིས་གྲུབ་པའི་ཡི་གེ (དགུན་རྒྱུགས་མཇུག་རྒྱུགས་ཁྲོད་སྒྲོལ་དཀར་སྐྱབས་ལ་ཨང་དང་པོའི་བྱ་དགའ་ཐོབ། ཀུན་རབ་ལ་ཨང་གཉིས་པའི་བྱ་དགའ་ཐོབ། )དེ་དག་མཐོང་ལམ་དུ་མངོན་འོང་དུས། ང་ནི་ལྷག་པར་གསེར་ཁྲོ་རྡོ་འདྲ་ཞིག་སྟེར་བ་ལས་ཀྱང་དགའ་བ་དང་མགུ་སྣང་ཞིག་གིས་ལུས་སེམས་གཉིས་ཀ་སྤྲོ་འཛུམ་འཛུམ་དུ་གྱུར་སོང་། བྱས་ཙང་། ངའི་སེམས་ཀྱི་དཀྱིལ་སྙིང་ཞིག་ནས་ཁྱོད་ཚོར་བླ་ལྷག་གི་དགའ་དད་ཅིག་སྐྱེས་ཤིང་ཡིད་སྨོན་གྱི་ཆ་ཞིག་ཀྱང་མ་བཅོས་རང་སོར་ནས་བརྡོལ་ཡོང་།དེ་ནི་ཁྱོད་ཚོའི་ངུར་སྨྲིག་གོས་ཀྱི་རྒྱལ་མཚན་རང་ཆས་དང་ཁྲིམས་གཙང་བསླབ་གསུམ་གྱི་འདུ་ཤེས་རང་གཞོལ་དུ་གནས་པའི་སྐལ་བཟང་གི་སྟོབས་ཆེ་བས་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད་ཨང་།

2

སློབ་ཆུང་སློབ་མཐར་ཕྱིན་ཁུལ་བྱས་པའི་གནས་སྟངས་བཟུང་བ་ནས་ཁྱོད་ཚོ་དགོན་པར་ཞུགས་ནས་སྒོམ་སྒྲུབ་པ་ཉམས་ལེན། ཆོས་འཆད་ཉན་རྩོད་སྒྲུབ་བྱས་ཏེ་ཆོས་གྲྭར་ཞུགས།ཡིན་ནའང་། ང་དང་བཅས་པའི་སྐོར་ཞིག་ནི་ལོག་པའི་ལམ་ལ་ནོར་འཛོལ་བྱུང་སྟེ་ཅི་ཡང་མེད་པའི་གནས་ཐང་སྟོང་བ་ཞིག་ཏུ་བསྐྱལ། འོན་ཀྱང་།ངས་མུ་མཐུད་དུ་སློབ་གྲྭའི་ཐེམ་སྐས་རྡོག་པས་གཞལ་ནས་འགྲོ་བར་བརྩམས། སྐོམ་པའི་གདུང་བས་མནར་གཅོད་མ་ཐེག་པ་ཇི་བཞིན་རྔམ་བྲེལ་གྱི་མཆེ་བ་རྒྱང་དུ་བསྲིངས་ཏེ་མི་ལོ་དུ་མར་ཁེར་ཧྲེང་དང་ཐབ་ཆགས་ཀྱི་འཚོ་བའི་བརྒྱུད་རིམ་དེར་གཞོལ་ཅི་ཐུབ་བགྱིས་པ་དང་། 2019ལོའི་སྟོན་མཇུག་ཏུ་ངའི་ཧམ་སེམས་ཀྱི་སྲེད་པ་རྒྱ་ཡན་དུ་ཤོར་ནས་རྒྱང་རིང་ལ་དམིགས་པ་གཏད་པའི་ཚུལ་བཅས་ནས་དགོས་འདོད་ནོར་བུའི་འབྱུང་ཁུངས་འཚོལ་དགོས་ཟེར་བཞིན་རྭ་རྒྱ་ཟེར་བའི་ལུང་ཁོག་སྐམ་པོ་ཞིག་གི་སྡེ་བའི་སྡེ་མཐར་འབྱོར་ཞིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཞེས་པ་དེ་གར་སློབ་སྦྱོང་ཉི་ཚེ་བའི་འཚོ་བ་ལ་མི་རོལ་ཐབས་མེད་དང་མི་ཆགས་རང་ཆགས་སུ་གྱུར་ཏོ། །

3

ཕྱིས་སུ། དགུན་གནང་དང་དབྱར་གནང་གི་ཉི་མ་རེ་འགའ་ཡོད་ཀྱང་དེ་ནི་འཚོ་བའི་ཁབ་གསོག་འབིག་གསོག་གི་ཆེད་དུ་ཡར་འདུར་མར་རྒྱུག་བྱས་པའི་ཀློང་ནས་ཟད་པས་ཁྱེད་ཅག་དང་མཉམ་དུ་འཛོམས་པའི་སྐལ་བ་ནི་ཉམ་ཆུང་ཉག་ཕྲ་རུ་གྱུར། དེ་ལྟར་འུ་ཅག་སོ་སོར་བྲལ་ནས་ད་ལྟ་ལོ་ཡི་འཁོར་ལོ་དུ་མ་ཞིག་ཡོལ་ཟིན་འདུག ཨ་ཨ། ལོ་ཟླ་ནི་ཅི་འདྲའི་རྟ་མཆོག་བང་གིས་བཅད་པ་བཞིན་མགྱོགས་པ་ལ་ཨང་།ངས་རྭ་རྒྱའི་རྡུལ་དམར་ཁུག་ནས་བློར་མ་ཟིན་པའི་སློབ་ཚན་དང་རྩ་སྡོམ་སོགས་གཤར་སྦྱང་བྱེད་པའི་སྐབས་ཀྱི་ནངས་ཞོགས་དག་ནི་ཅི་འདྲའི་འགྲོ་རྒྱུ་མེད་པའི་གནས་སྐབས་དང་དལ་འགྲོས་ཀྱི་ཡུན་ལས་རྒྱུག་རྒྱུ་མེད་པའི་རྭ་རྒྱ་དགོན་མཐའི་སྐོར་ལམ་ནམ་ཞར་གཅོད་པའི་བགྲེས་པོ་དག་གི་གོམ་འགྲོས་དང་ཅི་འདྲའི་མཚུངས་པ་ལ་ཨང་སྙམ་མོད། ད་ཆར་ཕྱིར་ལྟ་ཞིག་བྱེད་པའི་དུས་གླགས་སུ་ལོ་ཟླ་ནི་སློབ་གྲྭའི་འགྲམ་རྒྱུད་ན་མར་མར་འབབ་པའི་རྨ་འབྲིའི་ཆུ་རྒྱུན་དང་འདྲ་བར་མྱུར་སྟབས་ཀྱིས་ཐག་རིང་ཐག་རིང་ཞིག་ཏུ་ཕྱིན་ཚར་འདུག

4

2020/12/27/ ཉིན་ང་རང་དགུན་གནང་བཏང་ནས་ཕ་ཡུལ་དུ་ལོག་པའི་ལམ་དུ་སྔོན་མར་སློབ་གྲོགས་སུ་གྱུར་པའི་གྲོགས་པོ་ཆོས་དབྱིངས་རྒྱ་མཚོས་ཁ་པར་ལས་འབྲེལ་གཏུགས་བྱས་པར་བརྟེན། ནུབ་མོ་དེར་སློབ་གྲོགས་སངས་འོད་ངེད་གསུམ་མཉམ་དུ་འཛོམས་ཐུབ་བྱུང་། ང་ལ་ཟ་མ་དང་སིལ་ཏོག་གི་སྡེར་ཁ་ཆུང་ཆུང་ཞིག་ཀྱང་བཤམས་འདུག དེའི་དུས་སུ་ང་ཚོས་ལོ་ངོ་མང་པོར་མིག་མཐོང་གོ་ཐོས་སུ་མ་སོང་བའི་རང་རང་གི་བྱུང་རིམ་སྐོར་གྱི་ཁ་བརྡ་ཐོ་རེ་ལོང་ངེ་བ་ཞིག་བྱས་པར་མ་ཟད། འབྱུང་འགྱུར་གྱི་དམིགས་འདུན་དང་ད་ལྟའི་གནས་སྐབས་སོགས་འཕྲོས་མོལ་ཅི་མོལ་བྱས་པའི་གླགས་སུ་སངས་འོད་ཀྱིས་ལག་པ་གཉིས་ཀྱིས་ཕྱག་རྒྱ་དང་བཅས་མིག་ཟུང་ཕུར་ཚུགས་སུ་བསྡུས་ནས་གདོང་ཡོངས་སུ་མཚར་སྣང་གིས་ཁེངས་ནས་ཁྱོད་ལ་དོན་བཟང་འགའ་བཤད་ཅེས་ལབ་སོང་། ང་ལ་ཡང་ཉན་འདོད་ཀྱི་འདུན་མ་འགོག་མེད་ཅིག་སྐྱེས་ཏེ་ཨ་མཆོག་ཟུང་ཐད་སོར་གཏད་དེ་གཟབ་ནན་གྱིས་ཉན་པ་ཡིན། ཁོས་དོན་དག་དེ་དག་ཞིབ་ཚགས་ཀྱིས་བཤད་ཅིང་ནན་ཏན་གྱིས་བསྐྱར་ཟློས་བྱས་ཡོང་། ངས་ཁོའི་ཉམས་སྣང་དེ་མཐོང་འོང་དུས་ཞིབ་ཀྱིས་བཤད་ཅིང་ནན་གྱིས་བསྐྱར་ཟློས་བྱས་ཡོང་བ་ནི་ངའི་རྣ་འབྱོག་གཉིས་སུ་འགྲོ་དཀའ་བར་དོགས་པས་ཡིན་པ་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་། དེ་ནི་དེ་ལྟ་རང་ཡིན་ཏེ་དོན་དག་དེ་དག་ལས་རེ་གཉིས་ཤིག་ནི་ངའི་ཡིད་ཀྱི་དགུ་ལའང་འཆར་མ་མྱོང་བའི་ཧ་ལས་ཧང་སང་ཧོན་འཐོར་བྱེད་ཅིག་ཀྱང་རེད། ཡང་ཅིག་ཏུ་ན། ང་མ་ཟད་ཁོ་ཚོ་སུ་ཞིག་གིས་ཀྱང་ཡིད་ཀྱི་མཁའ་ངོགས་སུ་གསལ་མ་མྱོང་བའི་ཉིན་མོའི་ཟླ་བ་འོད་ཆེན་ཞིག་ཀྱང་ཡིན་སྲིད། སློབ་གྲོགས་སངས་འོད་ཀྱིས་ང་རང་ཡ་མཚར་དུ་བཅུག་པའི་དོན་དག་དེ་དག་ནི་གཤམ་གསལ་དུ་ཞུ་བར་བྱའོ། །

5

འགྱུར་ལྡོག་ནི་ཡ་མཚར་བའི་རང་ལུགས་ཀྱི་མཚོན་དོན་ལྐོག་གྱུར་པ་ཞིག་རེད་ལ། མིའི་འགྱུར་ལྡོག་ཀྱང་དེ་དང་ཕྱོགས་འདྲ་བར་ངོ་མཚར་དང་ལྡན་པས་མིག་དབང་འཕྲོག་ཅིང་ཡིད་དབང་འཁྱེར་འགྲོ་མཁན་ཞིག་ཀྱང་རེད། སྤྱིར་བཏང་གི་འགྱུར་ལྡོག་ལ་མང་པོ་འདུག་སྟེ། ཕྱིའི་སྐྱེ་ལུས་ཀྱི་རྣམ་པའི་འགྱུར་ལྡོག་དང་། ནང་སེམས་ཀྱི་ངོ་བོའི་འགྱུར་བ་སོགས་འདུག་མོད། དེ་དག་རེ་རེ་ནི་འདིར་བཤད་པར་མི་བྱའོ། ། ད་ཆར་བཤད་འདོད་པ་དང་འབྲི་མོས་པ་ནི་ནང་སེམས་ཀྱི་ངོ་བོའི་འགྱུར་ལྡོག་ཆེ་ཤོས་འགའ་ཡིན་ལ་དེ་དག་ཀྱང་ལོ་ངོ་དུ་མར་མ་འཕྲད་པའི་སྔོན་ཆད་ཀྱི་སློབ་གྲོགས་འགའི་ནང་སེམས་ཀྱི་བསམ་བློའི་གོ་རྟོགས་སད་པའི་འགྱུར་ལྡོག་ཡིན་ལ། གོང་རོལ་གྱི་པར་ངོས་སུ་ངུར་སྨྲིག་གོས་ཀྱི་ན་བཟའ་གསོལ་ཞིང་གཟི་བརྗིད་འོད་སྣང་རང་དུ་གཞོལ་བའི་སྔོན་ཆད་ཀྱི་སློབ་གྲོགས་རྣམ་བཞིའི་བསམ་བློའི་འགྱུར་ལྡོག་དཔག་ཏུ་མངོན་པ་དེ་དག་ཡིན།

6

པར་དཀྱིལ་གྱི་གཡོན་དུ་འགྲེང་བའི་ངོ་མདངས་ཅུང་དཀར་པོ་རང་དུ་གཞོལ་ཞིང་འགྲམ་ཟུང་ཅུང་རྒྱགས་སུ་འབུར་བའི་སློབ་གྲོགས་ཁོའི་མིང་ལ་སྔོན་མར་སྣང་སྟོང་ཟེར་ལ་འཛིན་གྲྭ་གང་པོའི་ཕལ་ཆེར་གྱིས་ཁོ་ལ་བསྙད་བརྐོ་བའམ་མཚང་འབྲུ་དུས་སྣང་སྟོང་རྐྱལ་སྟོང་ཞེས་འབོད་པར་གོམས་ཡོད། དེ་ལྟར་འབོད་དོན་ལ་རྒྱུ་མཚན་ནི་ཅི་ཡང་མེད་དེ། ཁོར་དུད་ཆང་རྒྱལ་འཇོག་གི་དྲི་ནི་རྦད་དེ་མི་བྲོ་ལ་པྲ་འཆལ་རྒོད་ཤོར་གྱི་ལུགས་མི་མཐུན་པའི་སྤྱོད་ཚུལ་ཡང་མི་འདུག་མོད། ཚང་མས་སྣང་སྟོང་གི་རྗེས་སུ་རྐྱལ་སྟོང་ཞེས་འབོད་པ་ནི་སྒྲ་མཚུངས་འདྲེན་པའམ་བརྗོད་བདེར་འགྲོ་བས་དེ་ལྟར་འབོད་བདེ་བྱས་པ་ཡིན་ཤས་ཆེའོ། ། སྔོན་ཆད་སློབ་ཆུང་སྐབས་སུ་ཁོ་རང་སློབ་སྦྱོང་ལ་དེ་འདྲ་དགའ་རྒྱུ་མེད་ལ་སློབ་སྦྱོང་བཟང་བའི་གྲས་སུའང་ཧ་ལམ་ཚུད་དཀའ་བའི་གནས་ཡིན།ཡིན་ནའང་། ཁོ་ལ་བཟང་བའི་ཆ་མེད་པ་མིན་ཏེ།ཁྱད་མཚར་བའི་ཁྱད་ཆོས་མང་པོ་ཡོད། དཔེ་ཞིག་བཞག་ནས་བཤད་ན། ཡིག་ཆོད་བཟང་བ་དང་བློར་འཛིན་པར་བྱང་ཆ་དོད་པ། མི་གཤིས་ཀྱི་ངོས་ནས་བཤད་ནའང་གཞུང་རྒྱུད་དྲང་བ། ལྷུན་ཆགས་ལྡན་པ། རང་དགར་འདུག་ཚུགས་པ།དགེ་རྒན་སོགས་རྒན་པ་རྣམས་ལ་བཀུར་བར་གོམས་པའི་སྤྱོད་ལམ་ཡག་པོ་ཅན་ཞིག་ཀྱང་འདུག ལོ་རིམ་གསུམ་པར་འཕར་བའི་ལོ་དེར་སློབ་མ་བརྒྱད་ཉལ་ཁང་གཅིག་ཏུ་བགོས་པའམ་ཁེལ་བས་སྤྲོ་དགའ་བཤད་མི་ཤེས་པ་ཞིག་སྐྱེས་མྱོང་།དེའི་རྒྱུ་མཚན་ཡང་མལ་ཁང་དེར་འདུས་པ་དག་འཛིན་གྲྭ་གཅིག་ཡིན་པར་མ་ཟད་སྔོན་ནས་ཁ་མིག་ལག་གདུབ་གོམས་འདྲིས་སུ་སོང་བ་ཏག་ཏག་ཡིན་པས་ཀྱང་ཡིན་སྲིད། ཁོ་ལ་ཞན་ཆ་ཅུང་ཙམ་ཞིག་ཡོད་པ་ནི་རྩེད་མཚར་དང་། མ་རབས་པྲ་ཚག་གི་ལས་ཏོག་ཙམ་རེ་བྱས་པ་ན། མི་རངས་པར་གྱུར་ཏེ་དགེ་རྒན་ལ་གཏུག་བཤེར་རྒྱག་པར་དགའ་ལ་ནན་གཏུག་ཚ་བོ་རེའང་བྱས་འཇོག དགོང་མོ་ཞིག་ལ་མཚན་སྦྱོང་གྲོལ་རྗེས་ཁོ་མ་ཚུད་པའི་ཉལ་ཁང་གང་པོས་ཁ་མིག་གཅིག་མཐུན་གྱིས་གྲོས་མོལ་གཟབ་རྒྱས་ཤིག་བྱས་ཏེ་ཁོའི་གུ་དོག་པའི་བློ་ཁོག་དེ་རྒྱ་བསྐྱེད་ཅིག་བྱེད་ཅེས་གྲོས་བྱས། མཚན་མོ་དེར་སློབ་གྲྭའི་གཟིམས་བརྡ་བརྒྱབ་ནས་སློབ་མ་ཡོངས་རྫོགས་ཉལ་ཞིང་དགེ་རྒན་ལས་རེས་ཀྱང་འཁོར་ཏེ་ཡུན་རིང་ཕྱིན་པ་ན། ངས་མགོ་བརྩམས་ཤིང་གཞན་དག་གཞུག་ཏུ་ཁྲིད་ནས་ཁོ་ལ་བསྙད་བརྐོ་བའི་ལས་བགྱིས། མཚན་མོ་དེར་ང་ཚོས་བསྟན་བཤིག་གི་ལས་ཚ་བོ་ཞིག་བྱས་སོང་། ཁོ་མལ་ས་སྒོ་དང་ཐག་ཉེ་བའི་གཡོན་ཟུར་གྱི་གཉིས་བརྩེགས་ཅན་གྱི་མལ་ཁྲིའི་འོག་ཡིན། སྣང་སྟོང་རྐྱལ་སྟོང་ཞེས་མཚང་འབྲུ་བྱས་ཀྱིན་བྱས་ཀྱིན་ངར་གནག་གདངས་ཁོལ་བྱས་ཏེ་ཡར་ལངས་ནས་དགེ་རྒན་སར་ཞུ་གཏུག་བྱེད་དུ་འགྲོ་བར་བརྩམས། དེའི་གླགས་སུ་ང་ཡང་མལ་ཁྲི་ལས་ལྡང་སྟེ་ཁོ་བཟུང་ནས་ཕྱིར་མལ་གནས་སུ་དྲུད་ཅིང་སྡོད་ཚུགས་པར་བྱས།ལ་ལས་སྒོའི་ནང་ཟྭ་དམ་པོར་གཏན་ཞིང་དེར་འགྲེང་ནས་ཕྱི་རུ་འགྲོ་མི་ཐུབ་པར་བྱས་པ་ཡིན།མཚན་མོ་དེར་ཟླ་འོད་ཧ་ཅང་གསལ་པོ་རེད།མལ་ཁང་ལ་སྒེའུ་ཡོལ་མེད་པས་ཟླ་འོད་གསལ་པོ་དེ་སྒེའུ་ཁུང་ལས་འཕྲོས་ཏེ་མལ་ཁང་གི་དཀྱིལ་གོར་དུ་འོད་སྣང་མངོན་ལེར་ལྷུང་ཡོང་།ཡང་གཅིག་བཤད་ན་ཁོ་རང་མི་སྙིང་ཆུང་སྡར་མ་ཞིག་ཀྱང་ཡིན་ཏེ་སྤྱོད་ཁང་དུ་འགྲོ་དུས་སོགས་ཀྱི་སྐབས་ཀྱང་རོགས་པ་ཞིག་གཞུག་ལ་ཁྲིད་ནས་འགྲོ་དགོས་ཡོད། མཚན་མོ་དེར་ང་ཚོས་ཁོ་ལ་དངོས་གནས་བརྙས་བཅོས་ཚད་མེད་ཅིག་བྱས་པ་ཡིན།གང་ཞིག་ནས་ལག་སོན་བྱུང་བ་མི་དྲན་མོད། ང་ཚོའི་ལག་ན་འབར་ཞུན་སྒམ་ཆུང་མང་པོ་འདུག་སྟེ་ཆེས་མ་མཐའ་ཡང་མི་རེའི་ལག་ན་སྒམ་རེ་ཡོད་ཐག་ཆོད་རེད། ང་ཚོས་ཁ་མཐུན་ལག་སྙོམས་ཀྱིས་འབར་ཞུན་ལ་མེ་བསྒོས་ཏེ་ཁོའི་སར་གཡུགས་པ་ཡིན། དེ་དུས་ཀྱང་ཁོ་དགེ་རྒན་སར་ཞུ་གཏུག་བྱེད་པར་རྒྱུག་རྩིས་བྱས་མོད།

ང་ཚོས་ཁོ་བཙན་གྱིས་བཟུང་ནས་འགྲོ་རུ་མ་བཅུག་པར་མ་ཟད་བསྟུད་མར་མེ་བསྒོས་པའི་འབར་ཞུན་ཁོའི་སྟེང་དུ་འཕངས་པ་ཡིན། ཁོས་ངུ་འབོད་བྱེད་ཅིང་ཅི་ལས་འདི་བྱེད་མེད་པར་ཨག་རྒྱངས་འཐེན་ནས་འདུག མཚན་དཀྱིལ་ཙམ་ཡོལ་བ་ན་ཚང་མ་གཉིད་བབས་པས་རང་རང་གི་སར་གཡས་ལོག་གཡོན་འགྱེལ་བྱས་ཏེ་ཉལ་མགོ་ཚུགས། ང་ཚོ་ཉལ་མ་ཐག་ཁོ་རང་ཡར་ལངས་ཏེ་དགེ་རྒན་སར་གཏུག་བཤེར་ལ་བུད་སོང་མོད། ཅུང་མ་འགོར་བར་ཕྱིར་ཐོན་བྱུང་། རྣམ་འགྱུར་ལ་བལྟས་ནའང་ཞུ་གཏུག་བྱེད་ས་རེག་མེད་པ་ཤེས་ཐུབ། ད་ནི་མཚན་གུང་གཟུར་བས་དགེ་རྒན་རྣམས་ཀྱང་གཟིམས་ཟིན་པས་ཅི་ཡང་གཏུག་ས་རེག་ཡོད་མི་སྲིད་སྙམ་ཞོར་བློ་བདེ་བག་ཕེབས་ངང་གཉིད་དུ་ཡུར། རྗེས་སུ་སྣང་སྟོང་རྐྱལ་སྟོང་ཞེས་འབོད་པ་དང་མཚང་འབྲུ་ཇི་ལྟར་བྱས་ཀྱང་སྣང་དོགས་ཅི་ཡང་མི་བྱེད་པར་མ་ཟད། དགེ་རྒན་སར་ཞུ་གཏུག་བྱེད་དུའང་མི་རྒྱུག་པས་བློ་རྒྱ་ཇེ་ཡངས་སུ་བསྐྱེད་པར་གོམས་པས་དེ་ནས་བཟུང་བསྙད་རྐོ་མཁན་དང་མཚང་འབྲུ་མཁན་ཡང་ཡུན་གྱིས་གཅིག་ཀྱང་མེད་པར་གྱུར་སོང་། ཕྱིས་སུ་ཁོའི་མིང་ལ་སྐལ་ལྡན་རྒྱ་མཚོར་འབོད་ཅིང་དེ་ནི་གྲྭ་མིང་ཡིན། ད་ལྟ་དགོན་པའི་བཤད་གྲྭའི་ཆོས་ར་ཆེན་པོར་ཞུགས་ཤིང་སློབ་སྦྱོང་ཕུན་སུམ་ཚོགས་པ་བྱས་པས་ད་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཁྲོད་ཨང་དང་པོའི་མཚན་རྟགས་བླངས་འདུག དེ་ནི་ཅི་འདྲའི་གཟི་བརྗིད་ལྡན་པ་ཞིག་རེད་ཨང་།

པར་གྱི་བར་དཀྱིལ་གྱི་གཡས་ཕྱོགས་ན་ཡོད་པའི་སློབ་གྲོགས་ཁོའི་མིང་ལ་སྒྲོན་དཀར་སྐྱབས་ཟེར། ཆ་ལུགས་སྤྱོད་ལུགས་སྣ་ཚོགས་རང་བཞིན་ཅན་གྱི་མི་ཞིག་ཡིན་ལ་བསམ་བློའི་འཆར་སྒོའི་ནང་ལ་ཡང་འདྲ་མིན་སྣ་ཚོགས་དྲན་མཁན་ཞིག་ཀྱང་ཡིན།གོན་པ་གྱོན་སྟངས་ནི་གཞན་དང་མི་མཚུངས་པར་སྔ་བཀྱགས་ཕྱི་གཟེད་ཅིག་ཡིན་པས་ཐོག་མར་འཛིན་གྲྭའི་ནང་གི་སུས་བཏགས་པ་མི་ཤེས་མོད།རྗེས་སུ་འཛིན་གྲྭ་ཡོངས་ཀྱིས་གསེག་འདྲི་བའམ་ཟུར་ཟ་བྱེད་དུས་ཁོའི་མིང་ལ་གྲུབ་ཆེན་ཞེས་འབོད། ཁོའི་མིང་ལ་གྲུབ་ཆེན་ཞེས་བོས་ན་ཡ་མཚན་མི་དགའ་ཞིང་ཕྱིར་ཆེ་ཆུང་གི་རིགས་ལ་དབྱེ་བ་མེད་པར་རྒོལ་ལན་ཚ་དྲག་པོ་རེ་གླན་ཡོང་། མི་སྤྱང་གྲུང་འཛོམས་པ་ཞིག་ཡིན་ལ་དགེ་རྒན་རྣམས་ཀྱིས་ཀྱང་རིག་པ་ཡག་པོ་འདུག་ཅེས་བསྟོད་བསྔགས་ཀྱི་མཐེ་བོང་ཐེངས་མང་པོར་བསྒྲེངས་མྱོང་།སློབ་སྦྱོང་གི་ཐད་ནས་འཛིན་གྲྭའི་རྩེར་སོན་གྱི་གྲས་ཡིན།དགུན་གནང་དབྱར་གནང་གི་སྐབས་སུའང་གཞན་གྱིས་མ་སྐུལ་དང་བླངས་སྒོས་གསབ་སྦྱོང་སོགས་སུ་སོང་ནས་སློབ་སྦྱོང་བྱེད་པས་གོ་ཐོས་མྱོང་གསུམ་ཡོད་ཅིང་ཡིག་གཟུགས་དལ་བྲེལ་གང་བྲིས་ན་ཡག་པོ་རང་ཆགས་ཡོད། རྩོམ་ཡིག་བྲིས་ན་ཡང་ཡིད་དུ་འོང་བའི་ཐ་སྙད་མང་པོ་བློ་ལས་ཤར་མར་འབྱུང་ཐུབ་ལ་གསར་གཏོད་ཀྱི་བསམ་བློའི་བག་ཆགས་ཟབ་མོའང་མཆིས། སྐད་ཆ་དང་དོན་དག་ཅི་ཡོད་མི་གསང་བར་དྲང་མོར་མིའི་ངོར་བལྟས་ནས་བཤད་ཕོད་པའི་རིགས་སུ་འདུ། བསམ་འཆར་འདོན་པར་ཞེ་དྲག་གིས་དགའ་མཁན་ཞིག་ཡིན། ཉིན་ཞིག་ལ་འཛིན་དཔོན་གྱིས་སྒྲིག་ལམ་ཡག་པོ་མི་འཛིན་པ་དང་དགའ་ཁ་འཁྱེར་ཕྱོགས་ཀྱིས་ཕྱོགས་ཞེན་གྱི་ཆ་འདུག་ཅེས་བསམ་བློར་འཁོར་བའི་ལྟ་ཚུལ་བཤད་པར་ང་ཚོས་བདེན་ལུགས་ཡོད་པའི་སྒོས་འཛིན་བདག་ལ་ཞུས་ཏེ་ཁོ་ལ་འཛིན་དཔོན་གྱི་ཐོབ་གནས་འཛིན་དུ་བཅུག འཛིན་དཔོན་ལ་བཞག་པ་ནས་བསམ་འཆར་དང་རེ་ཞུ་བྱེད་རྒྱུ་མེད་པར་རང་གི་སྤྱོད་ཚུལ་ལ་མཉམ་འཇོག་ཆེན་པོ་བྱེད་བཞིན་རང་ནུས་ཅི་ལྕོགས་ཀྱིས་སྒྲིག་ལམ་དྲང་བོར་སོར་བཞག་གི་ངང་ནས་འཛིན་པར་བྱེད། ཁོ་རང་སློབ་སྦྱོང་ལ་དགའ་མོས་ཤིན་ཏུ་ཡོད་མཁན་ཞིག་ཡིན་ལ་སློབ་སྦྱོང་བྱས་པའི་འབྲས་བུའང་གཡུར་དུ་ཟ་བ་བླངས་མྱོང་། བཤད་གྲྭའི་ཆོས་རར་ཞུགས་པ་ནས་སྔར་ལས་ལྷག་པའི་བརྩོན་པ་ཆེན་པོར་བསྟེན་ཏེ་སློབ་སྦྱོང་ལ་གཞོལ་བས་ད་ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཁྲོད་འཛིན་གྲྭ་ཡོངས་ཀྱི་ཨང་དང་པོའི་རབས་གནས་བླངས་འདུག དགེ་བའི་བཤེས་གཉེན་དུ་མས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་གྱིན་འདུག མུ་མཐུད་དུ་འདི་ལྟར་སློབ་སྦྱོང་གི་རྒྱུན་བསྐྱངས་ན་འབྲས་བུ་གཟེངས་སུ་ཐོན་པ་ཞིག་ལོན་པར་ངས་ཀྱང་ཡིད་ཆེས་ཆེན་པོའི་སྒོ་ནས་ཐེ་ཚོམ་མེད་པར་བརྗོད་ཕོད་དོ། །

8

པར་གྱི་གཡས་ཕྱོགས་ཀྱི་མཐའ་ན་གཟུགས་སྟོབས་ཆེ་ཞིང་ཀླད་པའི་གཟུངས་སྣོད་ཀྱང་ཅུང་ཆེན་པོ་རང་དུ་ཆགས་པའི་སློབ་གྲོགས་ཁོའི་མིང་ལ་ཀུན་རབ་ཅེས་འབོད། ཆུང་དུས་སུ་ང་དང་དམིགས་བསལ་གྱི་འབྲེལ་བ་ཟབ་པའི་མི་ཞིག་ཡིན། ཐོག་མར་ངེད་གཉིས་སློབ་གྲྭ་གཅིག་ཏུ་འཛོམས་ཤིང་དེ་ལས་ཀྱང་འཛིན་གྲྭ་གཅིག་ཏུ་ཁེལ་སོང་། ཉིན་ཞིག་དགེ་རྒན་གྱིས་དོན་དག་ཅིག་བཅོལ་བས་ཐོག་མར་རང་རང་གི་བསམ་ཚུལ་རགས་བསྡུས་རེ་བཤད་པ་ཡིན།དེའི་དུས་སུ་ངེད་གཉིས་ཀྱི་བསམ་བློའི་འཆར་སྣང་འགལ་བ་ཆ་གཉིས་སུ་གྱུར་པས་རྩོད་གླེང་མང་པོ་བྱུང་སྟེ་མཐར་ཕྱོགས་གཉིས་ཀྱི་ངོ་གདོང་དམར་པོར་གྱུར་ནས་ཁོང་ཁྲོ་ཆེན་པོ་བསླངས་མྱོང་། དེའི་དུས་ནི་སློབ་མགོ་ཚུགས་ནས་ཡུན་རིང་མ་ཕྱིན་པའི་ཉིན་ཞིག་ཡིན། དེ་ནས་བཟུང་ངེད་གཉིས་བྱུང་གི་འགྲིག་མཐུན་མེད་པའི་ཧོར་གླིང་གི་གེ་སར་དང་གུར་དཀར་གཉིས་ལྟ་བུ་ཞིག་ཏུ་མི་ཆགས་རང་ཆགས་སུ་གྱུར་སོང་། ཡང་ཉིན་ཞིག་གི་བོད་ཡིག་སློབ་ཐུན་སྐབས་དགེ་རྒན་གྱིས་དྲི་བ་ཞིག་བཏོན་བྱུང་བས་ལན་གདབ་ཕྱོགས་ཀྱི་ཐོག་ནས་ངེད་གཉིས་གྲོས་ཁ་མ་མཐུན་པར་དྲི་བ་ཆུང་ཆུང་ཤིག་འདྲ་བ་ཞིག་གི་སྟེང་ནས་རྩོད་པ་ཆེན་པོ་རི་འདྲ་བ་ཞིག་བྱུང་སོང་། རྐྱེན་དེ་ལྟ་མང་པོའི་སྟབས་ཀྱིས་ངེད་གཉིས་ལྷག་པར་ཕན་ཚུན་ལ་སྡང་མིག་དང་ཞེ་སྡང་ཆེ་བས་ཁ་ཐུག་ལག་ཐུག་ཀྱང་མང་པོ་བྱས་མྱོང་། དེ་ལྟར་ལོ་ཡི་འཁོར་ལོ་གཅིག་རེ་གཅིག་རེ་འཁོར་ཏེ་ཡུན་ཙམ་སོང་བ་ན་སློབ་གྲོགས་ཕན་ཚུན་ལ་ཆ་ཡོད་རྒྱུས་མངའ་རུ་གྱུར།ཁོར་ཡུག་གི་གནས་བབ་ཀྱང་ལོབས།སློབ་སྦྱོང་ཡང་གང་ལ་ཅི་ལྕོགས་ཀྱིས་འོས་འཚམ་རེ་བྱས་ནས་ཕྱིའི་ཀུན་སྤྱོད་དང་ནང་བསམ་བློ་སོགས་ལ་བཟོ་བཅོས་ཤེས་པའི་ངོ་དགེ་རྒན་རྣམས་ཀྱིས་སྤྲད་པ་དང་།དམ་པའི་སྤྱོད་ཚུལ་ལ་ཡར་ལྟ་བྱེད་དགོས་པའི་མིག་དབང་གསལ་པོ་རེ་དགེ་རྒན་རྣམས་ཀྱིས་བསྩལ་པས། ཡུན་གྱིས་སློབ་གྲོགས་ཕན་ཚུན་ལ་མཐུན་སྒྲིལ་བྱེད་དགོས་པ་ལས་འགལ་བ་ལྟག་སྤྲོད་ཀྱི་གནས་སྟངས་འཛིན་མི་རུང་བའི་ཆ་ཨེན་ཙམ་རེ་ངོས་བཟུང་ཐོབ་པས་སྔོན་ཆད་ཀྱི་འགལ་འདུ་དག་ཡུན་གྱིས་མེད་པར་རང་སོར་ཞུ། ལོ་རིམ་གསུམ་པར་འཕར་བའི་ལོ་དེར་ངེད་གཉིས་རྒྱན་གྱིས་བབས་ཏེ་མལ་ཁང་གཅིག་ཏུ་བསྟབས། དེས་ཀྱང་མ་ཚད་པར་མལ་ཁྲི་ཉིས་བརྩེགས་ཀྱི་ཐོག་ཏུ་ཁེལ་ཞིང་སྔས་མགོ་ཐད་སོར་གཏད་དེ་ཉལ་དགོས་པ་བྱུང་། ཡུན་རིང་ཕྱིན་པ་ན་ཕན་ཚུན་ལ་རྒྱུས་ལོན་ཐུབ་པར་གྱུར། མ་བཅོས་པའི་བརྩེ་འདང་ཡང་ཟླ་དང་ལོ་བཞིན་ཇེ་ཟབ་ནས་ཇེ་ཟབ་ཏུ་གྱུར། ཕྱིས་སུ་ངེད་གཉིས་ཆེས་བློས་ཐུབ་ཀྱི་གྲོགས་པོ་བཟང་པོར་གྱུར་སོང་། སྐྱིད་སྡུག་དང་དཀའ་ངལ་མཉམ་གྱིས་བསུས་ཤིང་བསྐྱལ་ཏེ་མི་ཚེའི་དཔུང་རོགས་ཤིག་ཏུ་གྱུར། ཁོ་ནི་ཆ་ཡོད་དུ་གྱུར་པའི་མི་ལ་མ་གཏོགས་སྐད་ཆ་བཤད་རྒྱུར་མི་དགའ་བ་དང་གཞན་ལ་འབྲེལ་བ་འཛུགས་རྒྱུར་དེ་ལས་ཀྱང་མི་མོས།ཆ་ཡོད་ཀྱི་གྲོགས་པོར་ནང་སེམས་གླན་ཞིང་ཡིད་ཆེས་ཀྱི་གདེང་འཇོག་ཆེན་པོ་འཆང་། མི་གཤིས་ལ་ལྷུན་ཆགས་ཀྱི་མདངས་མངོན་ཞིང་བསོད་ནམས་མཐོ་བའི་ཡ་རབས་ཚུལ་ལྡན་གྱི་མིའི་གྲལ་དུ་ཐོན། སློབ་སྦྱོང་ལ་བཟང་ཞིང་དགའ་ཕྱོགས་ལ་འབད་པ་ལྷོད་མེད་ཀྱིས་བརྩོན་འགྲུས་བསྟེན་མཁན་ཞིག་ཡིན། ལག་རྩེད་སྤོ་ལོ་རྩེད་རྒྱུ་དགའ་ཕྱོགས་ཉག་གཅིག་ཡིན་ལ་ཞེ་དྲག་དགའ་བོ་ཡོད། དེའི་ཕྱོགས་ནས་འབུར་ཐོན་གྱི་དགའ་བསུ་ཐོབ་མྱོང་།ད་དུང་།ནམ་ཞིག་ཡིན་པ་ང་ལ་དྲན་གསལ་མི་འདུག་མོད། རང་སྦྱོང་སྐབས་ཤིག་ལ་ཁོས་ཧ་ཅང་གཟབ་ནན་ངང་དགའ་སྤྲོའི་མིག་མདངས་དང་གདོང་ཡོངས་འཛུམ་གྱིས་ཁེངས་ནས་འཛིན་གྲྭ་གང་པོར“མདང་ནུབ་ངས་རྨི་ལམ་ཡ་མཚན་ཞིག་རྨིས་བྱུང་། རྨི་ལམ་ནང་ནས་ངས་འཛམ་གླིང་གི་ལག་རྩལ་འགྲན་ཚོགས་ཀྱི (NBA)ཨང་དང་པོའི་མཚན་སྙན་བླངས་སོང”ཞེས་ཡིད་མགུ་ཚད་མེད་ཀྱི་དགའ་བ་ཞིག་སྐྱེས་འདུག

ཁོས་དེ་ལྟར་བཤད་མ་ཐག་འཛིན་གྲྭ་ཡོངས་ཧབ་ཆ་དིར་རེ་བགད་བྱུང་། རྨི་ལམ་དེས་སློབ་གྲྭའི་ཕྱི་ནང་ཀུན་ཐེངས་ཤིག་བསྒུལ་བྱུང་ལ།དགེ་རྒན་དང་འཛིན་གྲྭ་གཞན་པ།སློབ་མ་མང་པོས་ཁོ་ལ་འཛམ་གླིང་གི་ལུས་རྩལ་པ་དང་པོ་ཞེས་མཚན་རྟགས་ཤིག་དངོས་སུ་བྱིན་སོང་། དགའ་ཕྱོགས་ལ་ཞེ་དྲག་མོས་པ་ཆེ་བས་བརྩེས་ན་མི་ཆོག་པའི་དུས་ཚོད་དང་གཟའ་རེས་ལ་ལྐོག་ཏུ་བརྩེས་ཏེ་སྒྲིག་ལམ་ལ་ཐོགས་ནས་ཆད་པའང་ལྕི་ཐག་ཆོད་པ་རེ་ཁུར་མྱོང་། རྗེས་སུ་ཁོས་ནང་ཆོས་ལ་སློབ་གཉེར་དང་བླ་མ་དམ་པ་མང་པོ་བསྟེན་ཏེ་སྒོམ་སྒྲུབ་ཉམས་ལེན་གྱི་ལས་སུ་གཞོལ་བས། ལེགས་ཉེས་ཀྱི་བླང་དོར་མ་ནོར་གསལ་འབྱིན་དུ་དོད་དེ་བཤད་གྲྭའི་ཆོས་རར་ཞུགས།སྔར་མེད་ཀྱི་སྤོབས་པས་རང་བློ་བདག་ཏུ་བཟུང་སྟེ་སློབ་སྦྱོང་ལ་བརྩོན་ཞིང་ལག་རྩེད་སྤོ་ལོ་རྩེད་རྒྱུའི་དགའ་ཕྱོགས་ཆེན་པོ་དེ་ཡང་སློབ་སྦྱོང་གི་གེགས་སུ་འགྲོ་བར་དོགས་ནས་བླ་མ་དང་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་དུ་ཚེ་གང་པོར་བཅད་པའི་དམ་བཅའ་བཞག་སོང་། ངོ་མ་འདི་ནི་ཡིད་ཀྱི་དགུ་ལའང་དྲན་མི་ཐུབ་པའི་སྐྱེས་བུ་ཞིག་གི་བྱ་སྤྱོད་མ་རེད་དམ།ངས་ཧ་ལས་པའི་སྤྱོད་ཚུལ་འདི་དག་ཤེས་ཡོང་དུས་ཁ་མིན་དོན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་སྨོན་པ་ཞིག་དབང་མེད་དུ་ཤོར་སོང་།སློབ་ལ་བརྩོན་པའི་རྒྱུན་བཟུང་ཞིང་ཚངས་སྤྱོད་ཀྱི་དམིགས་པ་རྒྱ་ཆེར་གཏད་པས། ད་ལོར་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཁྲོད་འཛིན་གྲྭ་ཀུན་གྱི་ཨང་གཉིས་པའི་བྱ་དགའ་བླངས་འདུག རྗེས་སུ་ཡི་རངས་ཡོད།

9

པར་གྱི་གཡོན་ཕྱོགས་ཀྱི་མཐའ་ན་ཡོད་པའི་སློབ་གྲོགས་ཁོའི་མིང་ལ་སངས་རྒྱས་འོད་ཟེར་དུ་འབོད། ང་ཚོའི་སློབ་ཆུང་སྐབས་ཀྱི་འཛིན་དཔོན་ཡིན་ལ་ངའི་ཆེས་ཐོག་མའི་འདུག་རོགས་ཀྱང་ཡིན། མི་གཞི་ཀུན་སྤྱོད་ལེགས་ཤིང་སློབ་སྦྱོང་རྩེར་སོན་པའི་གྲས་ཡིན། མ་བཅོས་པའི་སྤྱོད་ལམ་ཡག་པོ་ལ་དགེ་སློབ་ཡོངས་ཀྱིས་བསྟོད་བསྔགས་ཀྱི་ཁ་གཡང་སྒྲོག་པ་དང་ཡི་རང་བའི་མགོ་ལྕོག་ལྡེམ་ལྡེམ་གཡོ། ཞིབ་ཚགས་ཀྱི་ཡིག་གཟུགས་བསྣར་མའི་བཤམས་སྟོན་གྱིས་ངོ་མཚར་བའི་ལྟད་མོའི་དབྱིངས་སུ་འཁྲིད། སློབ་ཆུང་སྐབས་སུ་སློབ་གྲྭའི་སློབ་བུ་ཚོགས་པའི་ཚོགས་གཙོའི་འགན་ཡང་ཁུར་མྱོང་། ངེད་གཉིས་ནི་ཕ་མ་གཅིག་གི་སྤུན་ལས་ཀྱང་ཁ་མཐུན་ཁོག་འགྲིག་ཅིག་ཡིན། སློབ་སྦྱོང་གི་ཕྱོགས་ནས་མི་ཤེས་པ་གང་དེ་ཕན་ཚུན་ལ་འདྲི་བ་དང་བསམ་བློ་བརྗེ་རེས་བྱས་པ་ཡིན། སློབ་ཆུང་དུས་སུ་ཚང་མ་བྱིས་པ་སྣབས་ལུག་པྲ་ཚག་ཏག་ཏག་ཡིན་པས་ཕན་ཚུན་ལ་འཛིང་རེས་དང་ཁུ་ཚུར་གཅར་རྡུང་ཅུང་ཙམ་མི་བྱེད་མཁན་ཞིག་ཕལ་ཆེར་འཛིན་གྲྭ་གཅིག་གི་ནང་ནའང་མེད་མོད།ངེད་གཉིས་ཀྱིས་ཕན་ཚུན་ལ་ཚིག་ངན་གཅིག་ཀྱང་བཤད་མྱོང་བ་དྲན་གསལ་དུ་མི་འདུག་ལ་དྲན་ངོས་སུ་འཁོར་རྒྱུ་ཞིག་ཀྱང་མེད་མི་སྲིད་པ་ཞིག་མིན། དེ་ནི་ཁོ་ལ་ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དབང་འཕྲོག་པར་བྱེད་པས་ངས་ཀྱང་ཡི་རང་དང་གཉེན་བཀུར་མི་བྱེད་རང་ཆགས་སུ་གྱུར་པས་ཡིན། མངོན་ལྐོག་མེད་པའི་མི་དྲང་མོ་བློ་དཀར་གཞུང་དྲང་ཞིག་ཡིན་པ་མ་ཟད་གཉོམ་ཆུང་ཚུལ་མཐུན་ཀུན་གྱིས་མཐོ་སར་བཀུར་བའི་ཡ་རབས་ཤིག་ཡིན། བྲོ་ཁམ་གང་ཡོད་ན་མཉམ་ཟ་བྱས་ཤིང་།དོན་དག་སེམས་གང་ཡོད་ན་མཉམ་གྲོས་བགྱིས་ཏེ་གདོང་ལེན་བྱས་པ་ཡིན། ཕལ་ཆེར་སློབ་ཆུང་སྐབས་ནས་བཟུང་རྒྱུན་དུ་མཉམ་འགྲོ་མཉམ་འདུག་བྱས་ནས་ཡོང་བ་ཡིན། རྗེས་སུ་ཡུན་གྱིས་ཉལ་ཁང་གཅིག་ཏུ་གྱུར་ལ་ཟ་ཁང་ནང་གི་འདུག་སྟེགས་ཀྱང་གཅིག་ཏུ་གྱུར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།