ཀྲུང་གོ་བོད་ཀྱི་དྲ་བ།

གཟའ་ཉི་མ་མེད་པའི་ཨ་མ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྩྭ་ཕྲན།   སྤེལ་དུས། : 2021-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་གོམས་ལོབས་ལྟར་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ནས་ཡར་ལངས་ནས་དོན་རྒྱན་སོ་ལྔའི་རྩ་ཚིག་བློར་འཛིན་ལ་གྲ་སྒྲིག་བྱས་པ་ཡིན། ཡིན་ཡང་དེ་རིང་ནི་ཉི་མ་དམིགས་བསལ་ཅན་ཞིག་ཡིན་ལ་གཟའ་ཉི་མ་ཡིན། དེ་བས་ཀྱང་དམིགས་བསལ་ཞིག་ནི་སྐྱ་རེངས་སྔ་མོ་ནས་བཀྱགས་ཟིན་ལ་ཞོགས་པའི་མེ་ཏོག་གི་དྲི་བསུང་ཁྱེར་བའི་མཁའ་དབུགས་གཙང་མ་ཞིག་སྒེའུ་ཁུང་བརྒྱུད་ནས་སྣ་ལམ་ལ་ཡང་ཡང་འཐུལ་བ་ན་དངོས་གནས་ཚོར་བ་སྐྱིད་པོ་ཞིག་སྦྱིན་འོངས། ཉི་མ་ད་དུང་མ་ཤར་མོད་ངེད་ཚང་གི་ཁང་པའི་ནང་དྲོད་ཀྱིས་ཡོངས་སུ་ཁེངས་ལ་ལྕགས་ཐབ་ནང་གི་མེ་ལྕེ་དང་ལྷན་དུ་ཇ་དེམ་གྱི་རླངས་པ་ཐུ་ལུ་ལུ་བྱེད་ཀྱིན་ཡོད། ཐབ་རྩར་ལྷོད་ལ་བབས་ནས་གཉིད་ལ་ཤོར་བའི་ཞི་ལ་ཕྲ་རིལ་ལ་བལྟས་ན་དངོས་གནས་དེ་རིང་ནི་གཟའ་ཉི་མ་ཡིན་པས་ཡིད་ཚིམ་པ་ཞིག་གཉིད་ཆོག་སྙམ་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་འཕྱུར་ཡོང་། སྐབས་དེར་རྨོ་མོ་ཡང་གཉིད་སྐྱིད་པོ་ཞིག་ལོག་འདུག་པས་ང་དེ་མུར་སྒོའི་ཕྱི་རོལ་ལ་བུད་སོང་། ཕྱི་རོལ་གྱི་གནམ་གཤིས་ཧ་ཅང་བཟང་བས་སེམས་པ་དགའ་ལྷང་ལྷང་དུ་གྱུར། ངེད་ཚང་གི་ཁང་པ་དང་བར་ཐག་གོམ་པ་བརྒྱ་ལྷག་སར་བཏགས་པའི་སྒོ་ཁྱི་དོམ་བུ་ནི་ངས་ན་ནིང་དབྱར་གྱི་ཚ་གདུང་ལ་མ་འཛེམས་པར་སོ་ཕག་གིས་བཟོས་ལ་དབྱིབས་ལེགས་པའི་ཁྱི་ཁང་དུ་བསྡད་མེད་པར་ལག་པ་གཉིས་མདུན་དུ་བསྲིངས་ནས་མགོ་བོ་ལག་པ་གཉིས་ཀྱི་དཀྱིལ་ལ་བཞག་ནས་གཉིད་དུ་ཡུར་འདུག ངའི་གོམ་སྒྲ་ཐོས་འཕྲལ་མགོ་བོའང་མི་དགྱེ་བར་མིག་ཟུང་ཕྱེད་ཙམ་ཕྱེས་ནས་ང་ལ་བལྟས་ཙམ་བྱས་རྗེས་ཅི་མི་སྙམ་པར་མིག་ཟུང་བཙུམ་ནས་གཉིད་ལ་གཞོལ།བལྟས་ཚོད་ཀྱིས་གཟའ་ཉི་མར་ཁྱེད་ཉིད་འདི་འདྲའི་སྔ་མོར་ལངས་དོན་ཅི་ཡིན་ཟེར་བ་དང་ཀུན་ནས་མཚུངས། ཉི་འོད་ཤར་རིའི་རྩེ་ནས་ཕྱེད་ཙམ་ཤར་བ་ན་ཁུ་སིམ་མེར་ཡོད་པའི་རི་ལུང་ཀུན་ལ་སྔར་མེད་ཀྱི་གཟི་མདངས་ཤིག་རྒྱས་འདུག རྒྱང་རིང་དང་ཉེ་ས་དག་ཏུ་གནས་པའི་ཁང་ཁྱིམ་རེ་ན་དུ་བ་ཉག་མ་རེ་རེ་ཨ་སྔོན་གྱི་དབྱིངས་ལ་བཏེགས་པའི་རྨི་ཐག་ཟེར་བ་དེ་མིན་ནམ་སྙམ་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་འཕྱུར་ཡོང་། ཡོད་ཚད་དེ་ལྟར་དལ་ལྷོད་ལྷོད་དུ་ཡོད་པའི་ཚོར་བ་ཞིག་སྟེར། ཉི་མའང་ནམ་རྒྱུན་ལས་འཕྱི་ཙམ་གྱིས་ཤར་བ་དང་འདྲ་ལ་བྱེའུ་ཆུང་དག་གིས་ཀྱ་ཀྱུར་གྱི་སྐད་སྙན་ད་དུང་སྒྲོག་རྒྱུ་མ་བྱུང་། སྐབས་དེར་ང་ལ་དེ་རིང་དངོས་གནས་གཟའ་ཉི་མ་ཡིན་པའི་ཚོར་བ་དེ་སེམས་ཀྱི་གཏིང་ལ་ཟུག ཡིན་ཡང་། ངས་ཉེ་འཁོར་དུ་ནམ་ཡང་གཟའ་ཉི་མ་མེད་པའི་ངལ་རྩོལ་པ་ཞིག་མཐོང་སོང་། ལྷས་རར་ཡོད་པའི་ནོར་གནག་དག་གིས་ཁ་ཁུ་སིམ་མེར་སྐྱུག་ལྡད་བྱེད་ཀྱིན་ཡོད་ལ་ནམ་རྒྱུན་ཞོགས་རྩྭ་ཟ་བར་བྲེལ་བའི་ངེད་ཚང་གི་ཡ་རུ་རྒྱ་ཐོ་ཡང་དེ་རིང་ལྷས་ར་ནས་ཕྱི་རུ་སོང་མེད་པར་ཁ་མལ་ན་གཉིད་དུ་ཡུར་འདུག གློ་བུར་དུ་ངས་ལྷས་འདབས་ན་ལྕི་བ་འཐུ་བཞིན་པའི་ཨ་མར་ལྟ་བཞིན་ཡིད་ལ་རང་དབང་མེད་པར་སྐྱོ་སྣང་ཞིག་སྐྱེས་ཡོང་། ལོ་ན་བཞི་བཅུ་ལྷག་ལ་སོན་པའི་ཨ་མས་དེ་རིང་ད་དུང་གཟའ་ཉི་མ་མེད་པར་ཞོགས་པའི་ཆེས་ཐོག་མའི་ལས་ཀ་སྟེ་མེ་ཁ་གསོ་བ་ནས་མགོ་བརྩམས་ནས་དེ་རིང་གི་ལས་ཀ་རེ་རེར་རིམ་གྱིས་འཇུག་བཞིན་ཡོད། ཕྲ་ལ་རིང་བའི་གཟུགས་པོ་ཅུང་ཙམ་བསྒུར་ཡོད་ལ་ཟུངས་ཟད་པའི་གཟུགས་པོ་ལ་བལྟས་པ་ཙམ་གྱིས་ངའི་མགྲིན་པ་གློ་བུར་དུ་བརྣངས་ནས་འདུག་མི་བཟོད་པར་གྱུར་འགྲོ། དཀར་གསལ་གྱི་དཔྲལ་བར་ཤུར་མོ་ཟབ་མོ་གཉིས་གུག་མ་འཁྱོག་གེར་ཡོད་པ་ནི་ལོ་ཟླ་དུ་མར་ཁྱིམ་ཚང་འདིའི་ཆེད་དུ་ཡོད་ཚད་ཕུལ་བའི་རྟགས་མཚན་ཡིན་པ་འདྲ། ངས་ཆུང་དུས་སུ་བརྗེད་མི་སྲིད་པའི་ཨ་མའི་རིང་ལ་ནག་པའི་སྐྲ་ལོ་དེ་ད་ལྟ་ལྡབ་འགྱུར་གྱིས་ཇེ་ཐུང་ལ་སོང་ཡོད་ལ་སྤྱི་གཙུག་ན་སྐྲ་རྐང་ཉག་མ་ཁ་ཤས་དཀར་པོར་གྱུར་པ་ནི་ཨ་མ་རྒས་པའི་སྔོན་བརྡ་གཏོང་བ་དང་ཅི་འདྲའི་མཚུངས་ཨང་།ཁུ་སིམ་གྱི་ཁོར་ཡུག་འདིར་ཨ་མ་ཁོ་ན་ད་གཟོད་གཟའ་ཉི་མ་མེད་པའི་ཆེས་སྤྱིར་བཏང་གི་ངལ་རྩོལ་པ་དེ་ཡིན་པ་གཞི་ནས་རྟོགས། འདིར་ཟླ་ཕོགས་ཁ་སྣོན་བྱེད་མཁན་མེད་ལ་ལོ་མཇུག་གི་བྱ་དགའི་དངུལ་ཡང་མེད་མོད། ཨ་མ་ཁོ་ནས་ཧུར་བརྩོན་གྱི་ངར་ཤུགས་བསྒྲིམས་ནས་ཁྱིམ་ཚང་འདིའི་ཆེད་དུ་ཡོད་ཚད་ཕུལ་བའི་གཤིས་སྤྱོད་ནི་ཅི་འདྲའི་བླ་ན་འཕགས་པ་ཞིག་རེད་ཨང་། མི་ཚེ་གང་པོར་སྡུག་ཡུས་དང་འཁང་ར་མེད་པར་སུ་ལའང་ལེ་འདེད་བྱས་མ་མྱོང་བའི་ངའི་ཨ་མ་ལྟ་བུའི་རྩྭ་ཐང་གི་འབྲོག་མོ་མཐའ་དག་གི་གཟུགས་བརྙན་ངའི་ཡིད་ལ་ཝ་ལེར་འཆར་ཡོང་། ཐོག་རྩེག་གི་གཞའ་ཡས་ཁང་ན་ནེམ་ལ་འཇམ་པའི་མལ་ཁྲི་དེ་རུ་ད་དུང་བག་ཡངས་ཀྱིས་གཉིད་ལ་ཤོར་བའི་གྲོང་ཁྱེར་གྱི་སྐྱེས་མ་དག་གི་ངང་ཚུལ་དྲན་ཐེངས་རེར་ངའི་མཆིན་པར་འགྲེ་ལྡོག་ལན་འགའ་བརྒྱབ་ཡོང་།གཟའ་ཉི་མ་མེད་པའི་བདག་གི་ཨ་མ་ནི་ལངས་པ་ཁྱིམ་ཚང་འདིའི་ཆེས་སྔ་ཤོས་དང་ཉལ་བ་ཁྱིམ་ཚང་འདིའི་ཆེས་མཐའ་མ་ཡིན།སུ་ལའང་ཟློས་གར་འཁྲབ་མ་མྱོང་བའི་རྩྭ་ཐང་གི་ཨ་མ་དག་གི་སྙིང་སྟོབས་དྲན་ཐེངས་རེར་རྒྱ་ཞད་འདྲེས་ལ་ལེ་ལོའི་ཁེངས་པའི་དེང་དུས་ཀྱི་བོད་པའི་མཛངས་མ་དག་གི་གཤིས་ཀ་ཡིད་ལ་ལྷང་ངེར་འཆར་ཡོང་། བསམ་གཞིག་དང་བསམ་གཞིག་འདྲེས་ནས་ཨ་མའི་གདོང་གི་རྒས་གཉེར་དང་སྐྲ་དཀར་མཐོང་འཕྲལ་ཅི་བསམ་དྲན་རྒྱུ་མེད་པར་དྲོད་ལམ་ལམ་གྱི་མིག་ཆུ་ལྡོག་པོ་འགའ་མཁུར་མགོ་ནས་དལ་བུར་མ་ནེའི་མགོ་རུ་གྲིལ་ལོ། །

འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་རེ་བྱས་ན་དངོས་གནས་སེམས་སུ་དྲོད་ལམ་ལམ་གྱི་རྒྱབ་རི་བརྟན་པོ་ཞིག་ཡོད་པ་ཨ་མ་ཁོ་ན་ཡིན་ལ་ཁྱིམ་ཚང་འདིའི་ཀ་བ་ལྟ་བུ་ནི་ཨ་མ་ཡིན་པ་སྨོས་མེད་ཡིན། ང་ནི་ངེད་ཚང་གི་བྱིས་པ་གཅིག་པུ་ཡིན་ལ་ཡང་གཅིག་བཤད་ན་བུ་ཁེར་མོ་ཡིན།ཨ་མས་ང་ལ་རེ་བ་མང་པོ་ཞིག་བཅངས་ཡོད་པ་ངས་ཅི་ལ་མི་ཤེས། ལོ་རེ་བཞིན་དབྱར་གྱི་དུས་ཚིགས་སླེབས་ཐེངས་རེར་རྩྭ་ཐང་གི་འབྲོག་མོ་ཡོངས་ནི་ཆེས་མི་ཁོམ་པའི་དུས་ཚུགས་ཤིག་ཡིན། འབྲི་བཞོ་དཀར་གསོག་བྱེད་དགོས་པའི་ལས་ཀ་དེ་མི་རང་ག་བ་ཞིག་གིས་སྒྲུབ་ཐུབ་པ་ཞིག་ཡེ་ནས་མིན།དུས་སྐབས་འདིར་ང་ལ་མཚོན་ན་སེམས་པ་ཆེས་སྐྱོ་ཤོས་དེ་ཡིན།ལན་རེར་འབྲི་བཞོ་དཀར་གསོག་ལ་རོགས་རམ་བྱེད་ཐུབ་པའི་ནུ་མོ་ཞིག་ཡོད་ན་ཅི་མ་རུང་སྙམ།རྒྱུ་མཚན་འབྲི་བཞོ་དཀར་གསོག་ནི་བུད་མེད་ཚོ་མ་གཏོགས་སྐྱེས་པ་ཚོར་དེ་འདྲའི་འབྲེལ་བ་ཆེན་པོ་མེད་པས་ཡིན། ནམ་རྒྱུན་ཁྱིམ་མཚེས་གཞན་གྱི་ང་དང་ལོ་ཚོད་མཉམ་པའི་བུ་མོ་དག་གིས་ཨ་མར་འབྲི་བཞོ་རོགས་བྱེད་དུས་ངས་སྐབས་རེར་ང་ཡང་བུད་མེད་ཅིག་ཡིན་ན་ཅི་མ་རུང་སྙམ། མ་མཐའ་ཡང་ཨ་མའི་དཀའ་བ་ཕྲན་ཚེགས་སེལ་རོགས་བྱེད་ཐུབ་བསམ་ཡོང་། དེ་བས་གཟའ་ཉི་མ་མེད་ལ་ཁྱིམ་ཚང་འདི་རུ་ཚེ་སྲོག་ཕུལ་ཐུབ་མཁན་ནི་ངའི་ཨ་མ་གཅིག་པུ་ཡིན། ཁོ་མོར་འདི་ལྟར་དཀའ་སྡུག་ཇི་ལྟར་ཆེ་ནའང་ཨ་མས་ང་ལ་ཁྱེད་རང་སློབ་གྲྭར་མ་འགྲོ་ཟེར་བའི་སྐད་ཆའི་ཟུར་ཙམ་ཡང་གླེང་མ་མྱོང་། འདི་ནི་རྩྭ་ཐང་ནས་ནར་སོན་ལ་ཡི་གེ་ཀ་ཟེར་བའང་ངོས་འཛིན་མི་ཤེས་པའི་སྐྱེས་མ་ཞིག་གི་མིག་རྒྱང་ཡིན་པས་ཅི་འདྲའི་མཚར་ཨང་། ལོ་དེར་ངས་སློབ་ཆེན་ལ་རྒྱུགས་འཕྲོད་དུས་ཨ་མ་གཅིག་པུ་ནི་ང་ལས་ཀྱང་དགའ་ལ་ང་ལ་མཚོན་ནའང་ཁོ་མོ་དགའ་བ་ནི་ངའི་ཆེས་ཆེ་བའི་རེ་བ་དེ་ཡིན།ལོ་དེར་ཨ་མའི་གདོང་གི་ང་རྒྱལ་དེ་ནི་ངས་ཁོ་མོར་སྤྲད་པའི་གཟའ་ཉི་མ་མེད་པའི་ཁ་གསབ་ཞིག་ཀྱང་ཡིན་པར་སྙམ་ཡོད། ང་མི་ལོ་ཉི་ཤུར་སོན་པའི་སྐྱེས་པ་ཞིག་ཡིན་ཡང་ཨ་མ་ཁོ་ན་ལས་གཟའ་ཉི་མ་མེད་པའི་ངལ་རྩོལ་པ་ཞིག་ནམ་ཡང་མཐོང་མ་མྱོང་ངོ་། །

ཉི་འོད་ཤར་རིའི་རྩེ་ནས་དལ་བུར་འཕགས་ཏེ་སེར་ལམ་ལམ་ངང་ས་གཞི་ཡོངས་ལ་རིས་མེད་དུ་འཕྲོས་འདུག ཨ་མས་ང་ལ་ད་བློར་བཟུང་ཚར་བ་ཡིན་ནམ་ཟེར།དེ་དུས་ད་གཟོད་ངས་ཚིགས་བཅད་ཤོ་ལོ་ཀ་གཅིག་ཀྱང་བློར་བཟུང་མེད་པ་ཡིད་ལ་འཁོར། དེ་མུར་ཨ་མར་བློར་བཟུང་མ་ཚར་ཟེར་བཞིན་ཨ་མའི་ཉེ་སར་བཅར་བ་ན་ཨ་མས་ད་ལྕི་བ་ཕུད་ཚར་ལ་ཉེ། ཁྱེད་སོང་ནས་ཐབ་ལ་མེ་ཞིག་སྒོངས་ཟེར། ང་ཡང་ཁ་ཕྱིར་འཁོར་ནས་ཁྱིམ་དུ་ལོག་པ་ན་རྨོ་མོ་སྔ་མོ་ནས་ལངས་ཏེ་མཆོད་པ་བཤམ་གྱིན་འདུག ཨ་མ་ཡང་ཁྱིམ་དུ་ལོག་ཡོང་། ང་ཚོས་མཉམ་དུ་ནངས་ཇ་འཐུང་མགོ་བརྩམས་པ་ཡིན། ཡིན་ཡང་ཨ་མས་ནངས་ཇ་ཙམ་པོ་ཞིག་འཐུང་ཐབས་བྱས་རྗེས་བཞོ་ཟེའུ་བཟུང་ནས་ལྷས་ལ་འགྲོ་གྲབས་བྱས་པ་ན། ངས་ཨ་མ་ནངས་ཇ་ཚིམ་པ་ཞིག་འཐུང་རྗེས་སོང་དང་ངས་ཀྱང་ཁྱེད་ལ་རོགས་བྱེད་ཆོག་ཅེས་བཤད། ཨ་མས་ཡ་ཡ་ད་ཁྱེད་ཀྱིས་ནངས་ཇ་འཐུང་དེ་རིང་ཨ་མ་ཅུང་ལངས་འཕྱི་བས་ཉི་མ་ཤར་ནས་སྟོད་ལ་ཐོན་སོང་ཟེར། ངས་ཨ་མའི་འགྲོས་འཁྱོར་བའི་གོམས་འདྲིས་ལ་ལྟ་བཞིན་མིག་ཆུ་དབང་མེད་དུ་བཞུར། དངོས་གནས་ཉི་མ་ཤར་ནས་ཐག་ཚད་ཅིག་ལ་ཐོན་འདུག

ཨ་མ་ཁོ་ནར་གཟའ་ཉི་མ་ཟེར་ཡ་ཞིག་ཡེ་ནས་མེད་ཅིང་། ཐ་ན་མོས་ནངས་ཇ་འཛོམས་པོ་ཞིག་ཀྱང་མ་འཐུང་བར་མུ་མཐུད་དུ་ཁྱིམ་ཚང་གི་ལས་མགོར་འཇུས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།