ཀྲུང་གོ་བོད་ཀྱི་དྲ་བ།

ངའི་ཕུགས་བསམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མགོན་པོ་དོན་གྲུབ།   སྤེལ་དུས། : 2021-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་ཚང་མར་ཕུགས་བསམ་རེ་ངེས་པར་ཡོད་སྲིད་མོད། ན་ཚོད་ཇེ་ཆེ་དང་ཤེས་ཚོད་ཇེ་མང་དུ་སོང་བ་དང་བསྟུན་ནས། ཕུགས་བསམ་ལའང་འགྱུར་འགྲོ་བ་ངེས་གཏན་དུ་སྣང་། ཁོ་བོའི་བསམ་པ་ལ་ཕུགས་བསམ་འགྱུར་བ་ནི་གནད་དོན་ཞིག་མིན་ཏེ། གནད་ཀྱི་དོན་པོ་ནི་རང་གི་ཕུགས་ཀྱི་བསམ་པ་ངོ་མ་དེ་རྙེད་རྒྱུ་དང་། རྙེད་རྗེས་མངོན་དུ་འགྱུར་བའི་འབད་པ་ལྷུར་ལེན་དེ་རེད་འདོད། “ཕུགས་བསམ”ཞེས་པའི་ཐ་སྙད་འདི་བདག་གིས་ག་དུས་ཤེས་པ་མི་གསལ་མོད། ཀ་ཁའི་མགོ་རྔ་མ་ཤེས་པའི་གོང་ནས་བཟུང་ཕུགས་བསམ་ཞེས་པ་ཞིག་ཡོད་མྱོང་ལ། དེ་ལ་ཡང་གཅིག་རྗེས་གཉིས་མཐུད་དུ་འགྱུར་བ་ཐེབས་མྱོང་།

འགུལ་རིས་བརྙན་འཕྲིན་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་བྱིས་དུས་ཀྱི་ལོ་ཟླ་དེར་མཚོན་ན། ཆུང་གྲོགས་མང་པོ་ཞིག་དང་འདྲ་བར་འགུལ་རིས་བརྙན་འཕྲིན་ལས་མཐོང་བའི་དཔའ་བོའི་མི་སྣ་དེ་དག་ཏུ་འགྱུར་རྒྱུ་ནི་ངའི་ཆེས་ཐོག་མའི་ཕུགས་བསམ་ཡིན།ཅིའི་ཕྱིར་ཞེ་ན། འགུལ་རིས་བརྙན་འཕྲིན་ཁྲོད་ཀྱི་མི་སྣ་དེ་དག་གིས་བཟས་མི་ཚར་བའི་ཀ་ར་ལོངས་སུ་སྤྱད་ཆོག སྐབས་དེར་མཚོན་ན་ཕལ་ཆེར་ཨ་མར་ན་ཚ་བྱུང་བའི་དབང་གིས་ཀ་ར་ལྟ་ཅི། མཚམས་རེར་ལྟོགས་སྐོམ་ཀྱང་མྱོང་དགོས་པའི་རྐྱེན་ནམ་ཡང་ན་ང་རང་མ་གཞི་ནས་ཟ་འདོད་ཆེ་བའི་རྐྱེན་ཡང་ཡིན་སྲིད་མོད། བརྙན་འཕྲིན་ཁྲོད་ཀྱི་བཟས་མི་ཚར་བའི་ཀ་ར་དེ་དག་མཐོང་ཐེངས་རེར། ངས་ཀྱང་རང་དབང་མེད་པར་ཁ་ཆུ་མིད་བཞིན་འཆར་ཡན་གྱི་རྒྱུ་རུ་ཚུད་འགྲོ། གཞན་ཡང་གཙོ་ཤོས་སུ་གྱུར་པ་ཞིག་ནི་བརྙན་འཕྲིན་ཁྲོད་ཀྱི་མི་སྣ་དེ་དག་ལ་ཐུན་མོང་མ་ཡིན་པའི་རྫུ་འཕྲུལ་ཡོད་པས་རེད། ཡུན་རིང་པོར་ངས་དེ་དག་ནི་འགུལ་རིས་ཙམ་ཡིན་པ་གཏན་ནས་ཧ་མ་གོ། དེའི་རྐྱེན་གྱིས་འགུལ་རིས་མི་སྣས་རྫུ་འཕྲུལ་སྤྱོད་སྟངས་རེར། ངས་མཚར་འཛིན་གྱིས་ཁོ་ཚོ་ནི་ང་དང་ངའི་གྲོགས་པོ་ཚོ་དང་མི་འདྲ་བར་སེ་གོལ་གཏོགས་ཡུན་ཙམ་གྱིས་གནམ་ལ་འཕུར་ཐུབ་ལ་ས་ལའང་འཛུལ་ཐུབ་པ་ཅི་ཡིན་ནམ། ང་ཡང་ཁོ་ཚོའི་འཇིག་རྟེན་དུ་བསྐྱོད་ནས་ཁོ་ཚོ་ལྟ་བུ་ཞིག་བྱེད་འདོད་ཀྱི་འདུན་པ་ཆེ་ནས་ཆེ་རུ་གྱུར། དེ་ལྟར་ཐེངས་ཤིག ཁྱིམ་ན་ཕ་མ་གཉིས་མེད་པའི་སྐབས་དང་བསྟུན་ནས། ངས་བརྙན་འཕྲིན་སོ་སོར་ཕྲལ་ཏེ་ཁ་ཕྱེ་ནས་ནང་དུ་འཛུལ་རྩིས་བྱས་མོད། བརྙན་འཕྲིན་གྱི་ཤུན་སྐོགས་ཕྱེ་བ་ན་ནང་དུ་གློག་སྐུད་མང་པོ་དང་ཤེལ་ལེབ་མཐུག་པོ་ཞིག་ལས་འཛུལ་སའི་ཁུང་བུ་འདྲ་ཅི་ཡང་མཐོང་མ་བྱུང་། གལ་ཏེ་སྐབས་དེར་རྒྱུགས་ཤིག་སྤྲོད་དགོས་ཚེ། ངས་ཀ་ཁ་སུམ་ཅུ་བློར་ཟིན་རྒྱུའམ་གྲངས་རིག་གི6དང9ཁྱད་པར་འབྱེད་རྒྱུ་ལ་དཀའ་ཁག་ངེས་ཅན་མཆིས་མོད། འཇར་པན་གྱི་འགུལ་བརྙན“ཨོ་ཐུ་མན”ནི་ངས་མགོ་མཇུག་གང་ནས་ཀྱང་ཤར་མར་བཤད་ཐུབ། ངའི་མིག་ནང་དུ“ཨོ་ཐུ་མན”ལ་གཟུགས་ཆེན་པོ་ཡོད་ཅིང་། ངན་པའི་གཉའ་ནས་མནན། གཉོམ་ཆུང་མཐའ་ནས་སྐྱོང་པ་བརྒྱུད་ནས་མི་རྣམས་ལ་རེ་བས་ཁེངས་སུ་འཇུག་ལ། “ཨོ་ཐུ་མན”དུ་སྤྲུལ་ཐུབ་པ་དེའང་དྲང་བདེན་ལ་དགའ་མཁན་གྱི་མི་འབའ་ཞིག་ཡིན་པས། ངས་རང་ཉིད་ཀྱིས་ཀྱང་དེ་ལྟར་བསྒྲུབས་ན་ནམ་ཞིག་གི་ཚེ་འོད་སྣང་ཞིག་དང་བསྡོངས་ནས“ཨོ་ཐུ་མན”དུ་འགྱུར་ཐུབ་པ་གདོན་མི་ཟ་སྙམ།

སློབ་གྲྭར་ཞུགས་པ་ནས་བཟུང་། དགེ་རྒན་ཞིག་ཏུ་འགྱུར་རྒྱུ་དེ་ངའི་ཕུགས་བསམ་དུ་གྱུར། ལན་རེར་བསམ་བློ་ཞིག་བཏང་ན། འདི་ལྟ་བུའི་ཕུགས་བསམ་ཞིག་ཡོད་མྱོང་བ་ནི་དངོས་གནས་དགོད་བྲོ་ལ་ངུ་བྲོ་བ་ཞིག་ཀྱང་རེད། སློབ་གྲྭར་ཞུགས་ནས་ལོ་འགའི་རིང་ལ། དགེ་རྒན་གྱིས་ཅི་ཞིག་ཁྲིད་མྱོང་བ་ངས་ནམ་རྒྱུན་ཧ་གོ་བཞིན་མེད་ལ། བློ་གཅིག་སེམས་གཅིག་གིས་ཉན་རྒྱུ་ནི་དེ་བས་ཀྱང་སྲིད་མཐའ་ཙམ་ཡིན། དེ་ལས་ལྡོག་སྟེ། སློབ་རའི་གྱང་སྲུབས་ནས་འཛུལ་ཏེ་རི་ཉུལ་ཐང་ཉུལ་དང་ཨ་ཕྱི་ཚང་ལ་འབྲོ་རྒྱུ་ནི་ངས་ནམ་རྒྱུན་གྱི་བསམ་བྱ་ཁོ་ནར་གྱུར་པས། དགེ་རྒན་གྱི་གཅར་རྡུང་ནི་ངའི་ནམ་རྒྱུན་གྱི་ཁ་ཟས་ལྟ་བུར་སྣང་། དེ་བས་མ་འོངས་པར་དགེ་རྒན་ཞིག་ཏུ་གྱུར་ཚེ་ངས་ཀྱང་རང་གི་དགེ་རྒན་དང་འདྲ་བར་སློབ་མ་རྣམས་ལ་གཅར་རྡུང་གྱ་ནོམ་པ་རེ་བྱས་ཆོག་སྙམ། པྲ་ཆལ་གྱི་སློབ་ཆུང་གི་འཚོ་བར་རྫོགས་ཚིག་བཀོད་རྗེས། ཕ་ཡུལ་ལ་བཅངས་པའི་དྲན་གདུང་དང་ལང་ཚོའི་སྤོབས་གདེང་ཞིག་གིས་ང་རང་སློབ་འབྲིང་དུ་ཆས།དུས་དེ་ཙམ་ཞིག་ནས་བཟུང་།ཕ་མའི་བཅོལ་གདམས་དང་དགེ་རྒན་དམ་པའི་གསོ་སྐྱོང་གི་དྲིན་གྱིས་ང་ལ་རང་རྟོགས་ཀྱིས་སློབ་སྦྱོང་བྱེད་དགོས་པའི་ཚོར་འདུན་དྲག་པོ་ཞིག་སྐྱེས། སློབ་སྦྱོང་ལ་འབད་བརྩོན་བགྱིས་པ་དང་བསྟུན་ནས་ང་ལ་བསླབ་བྱའི་དགེ་རྒན་གཙོ་བྱས་པའི་དགེ་རྒན་གང་མང་ཞིག་གིས་བསྟོད་པའི་མཐེ་བོང་བསྒྲེངས་པས། ངའང་དགེ་རྒན་ཚོར་དགའ་ཞེན་ཆེན་པོ་སྐྱེས་ནས་མ་འོངས་པར་རང་ཉིད་ཀྱང་དགེ་རྒན་ཞིག་ཏུ་འགྱུར་ཐུབ་ན་ཅི་མ་རུང་བསམས། མུ་མཐུད་དུ་འཚར་ལོངས་བྱུང་བ་དང་བསྟུན་ནས་ཡང་ངའི་ལྟ་སྟངས་ལ་འགྱུར་ལྡོག་བྱུང་། ཐེངས་ཤིག་རྒན་ལགས་ཀྱིས་ང་ལ་འཛིན་གྲྭའི་སློབ་གྲོགས་ཤིག་གི་ལས་བྱ་དང་རྒྱུགས་ཤོག་ལ་ལྟ་རུ་བཅུག་པས། ངས་ཀྱང་ཐེངས་དང་པོར་དགེ་རྒན་གྱི་དཀའ་ཚེགས་དང་ཁོང་གིས་སློབ་མར་བཅངས་པའི་རེ་འདུན་མངར་སྐྱུར་ཁ་གསུམ་ཞིག་ཚོར། ད་དུང་མུ་མཐུད་དུ་སློབ་སྦྱོང་བྱས་པ་བརྒྱུད། ངས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཕེལ་རྒྱས་ཀྱི་རྩ་བ་སློབ་གསོར་རག་ལས་ཤིང་། སློབ་གསོ་བསྒྲུབས་པ་ལ་ལྷག་པར་དུ་དགེ་རྒན་གྱི་གལ་ཆེའི་ནུས་པར་ངོས་ཟིན་ཐོབ།

འཚར་ལོངས་ཀྱི་འགྲོས་དང་བསྟུན་ནས། མཐོ་འབྲིང་གཉིས་པའི་བར་གླགས་ཤིག་ནས་བཟུང་བཅའ་ཁྲིམས་སྐོར་གྱི་བྱ་བ་བསྒྲུབ་རྒྱུ་དེ་ངའི་ཕུགས་བསམ་དུ་གྱུར། མཐོ་གཅིག་གི་སློབ་སྐབས་སྨད་ཙམ་ལ་ང་རང་རིག་ཚན་སློབ་མཁན་ཞིག་ཏུ་གྱུར་པས། དེར་བསྟུན་ངའི་ཕུགས་བསམ་ལའང་འགྱུར་ལྡོག་བྱུང་། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་ཁ་ཆེས་མྱུར་བའི་དུས་རབས་དང་ལྷན་དུ་འཚར་ལོངས་བྱུང་བའི་ལོ་ཟླ་ལ་མཚོན་ན། ངས་ནམ་རྒྱུན་ཕ་ཡུལ་གྱི་ཡུལ་མི་རྣམས་ཀྱིས་ལས་ཀ་འཚོལ་བ་སོགས་ཀྱི་དབང་གིས་མི་རིགས་གཞན་དང་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་འགྲོ་ལུགས་མ་ཤེས་པས་གྱོང་ཆེན་རེག་པའི་གནས་ཚུལ་མང་པོ་ཞིག་རྣ་ཐོས་སུ་གྱུར་མོད། ཕྱིས་སུ་ད་གཟོད་འདི་ལྟ་བུའི་གྱོང་ལས་གཡོལ་དགོས་ན་ངེས་པར་དུ་ཁྲིམས་ལུགས་སྦྱང་དགོས་པ་རྟོགས། ལོ་དུ་མའི་རིང་གི་འབད་བརྩོན་བརྒྱུད། ངས་སྦྱངས་འབྲས་མི་དམན་པ་བླངས་ནས་རང་ཉིད་སྨོན་སའི་སློབ་གྲྭ་ཞིག་ཏུ་རྒྱུགས་འཕྲོད་ལ། ལྷག་པར་དུ་རང་ཉིད་མོས་སའི་ཆེད་ལས་བདམས་པའི་སྐལ་བ་བཟང་པོ་ཡང་ཐོབ། སློབ་ཆེན་དུ་ཁྲིམས་ལུགས་བསླབས་པ་བརྒྱུད་ང་རང་ཁྲིམས་ལུགས་ཀྱི་ཚགས་དམ་པའི་རིགས་ལམ་དང་བསྙེགས་བྱའི་དྲང་བདེན། འདྲ་མཉམ་སོགས་ལ་དགའ་མོས་ཆེན་པོ་བྱུང་།དེར་བརྟེན་ངའི་ཕུགས་བསམ་དེ་བས་ཀྱང་བརྟན་པོར་གྱུར།

དེ་ལྟར་མི་ཚེའི་བཞུད་ལམ་རེ་རེར་ང་ལ་ཕུགས་བསམ་ཞིག་ཡོད་མྱོང་ཞིང་། ལན་རེར་བསམ་བློ་ཞིག་བཏང་ན། ཕུགས་བསམ་ལ་ཤས་ནི་དགོད་བྲོ་བ་ཞིག་ཡིན་མོད། གང་ལྟར་ཕུགས་བསམ་དེ་དག་གི་དབང་གིས་ང་རང་མུ་མཐུད་དུ་ཕུགས་བསམ་གྱི་ལམ་ཁར་བརྩོན་སྙེག་བྱེད་བཞིན་མཆིས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།