ཀྲུང་གོ་བོད་ཀྱི་དྲ་བ།

རྒོད་པོ་བཞིན་ནམ་འཕང་གཅོད་རོགས། བདག་པོ་བཞིན་ཡུལ་དུ་ལོག་ཤོག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཆོས་རྒྱལ་འཕགས།   སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་རང་ས་ཆ་འདིར་བསྡད་ནས་ལོ་གསུམ་ཏག་ཏག་སོང་ཞིང་། སློབ་གྲྭ་འདིར་དགེ་རྒན་གྱི་མིང་ཙམ་བཟུང་ནས་ཏག་ཏག་ལོ་གསུམ་ཙམ་སོང་། ལོ་ངོ་གསུམ་གྱི་ལོ་རེའི་མཐར་ཕྱིན་དུས་ཚིགས་སུ་སླེབས་དུས། ང་ལ་དངོས་གནས་བརྗོད་ཐབས་བྲལ་བའི་སེམས་ཀྱི་ན་ཟུག་མང་པོ་མང་པོ་ཞིག་ཡིད་ངོས་སུ་ཆུ་འཁྱག་བྱོ་བ་ལྟར་ཡིད་སེམས་སྐྱོ་དུང་ངེར་གཏོང་འོང་།

ང་རང་སློབ་གྲྭ་འདིའི་དགེ་རྒན་དུ་གྱུར་པའི་ལོ་དང་པོར་མཐར་ཕྱིན་འཛིན་གྲྭར་སློབ་མ་དྲུག་ཡོད་ཅིང་། ཁོང་ཚོར་སློབ་གྲྭ་གཞན་གྱི་མཐར་ཕྱིན་སློབ་མ་ཚོ་ལྟར་མཐར་ཕྱིན་སྤྲོ་ཚོགས་ཟེར་བ་སོགས་ཅི་ཡང་མེད་ལ། ཐ་ན་སློབ་འབྲིང་གང་ཞིག་ཏུ་འགྲོ་བར་སློབ་སྟོན་གནང་མཁན་ནམ་བསམ་ཚུལ་བཤད་མཁན་ཡང་ཤིན་ཏུ་དཀོན་པས། སློབ་གྲྭའི་སྒོ་ཆེན་ནས་བུད་ཚེ་ཁོང་ཚོ་ནི་སློབ་གྲྭ་དང་འབྲེལ་བ་ཅི་ཡང་མེད་པའི་མི་ལྟ་བུ་ཞིག་ཏུ་གྱུར་འདུག་ལ། རང་གི་མ་ཡུམ་སློབ་གྲྭ་ཞེས་བྱིས་དུས་ཀྱི་བརྩེ་སེམས་ཆགས་ས་དང་ཕྱིར་དྲན་བྱེད་ས་ཞིག་ཕལ་ཆེར་མེད་པ་འདྲ། བརྒྱ་ལ་ཡོད་ཀྱང་ཕྱིར་དྲན་དེ་ནི་སྐྱོ་བ་བན་བུན་གྱི་དྲི་མས་བསླད་པའི་རྫིང་ཆུ་དང་འདྲ་བར་སེམས་ཀྱི་སྐོམ་གདུང་མི་སོད་པ་ཞིག་ཡིན་ངེས།

ལོ་དེར་ང་ཁོང་ཚོའི་འཛིན་བདག་མིན་ལ་ཁྲིད་ཚན་དགེ་རྒན་ཡང་མིན་ནའང་། ཁོང་ཚོར་ཕྱི་དྲོ་སློབ་ཐུན་མེད་པའི་སྐབས་དང་བསྟུན་ནས་བློ་གསལ་འཇུག་ངོགས་ལས་སུམ་ཅུ་བའི་རྨང་གཞིའི་སྐོར་ཅུང་ཙམ་རེ་གསབ་ཁྲིད་ཀྱི་ཚུལ་དུ་བྱས་པས་ཁོང་ཚོས་ང་ལ་དགེ་རྒན་ཞེས་ཤིན་ཏུ་སྙིང་ཉེ་ཉེ་བྱེད་ལ། རང་གི་བསམ་ཚུལ་ཅི་ཡོད་སྐྲག་སྣང་མེད་པར་ང་ལ་ལྷུག་པོར་བརྗོད་པས་ང་ཚོ་ཕན་ཚུན་མཛའ་ཞིང་མཐུན་པར་གྱུར། དེ་བས་ཁོང་ཚོ་མཐར་ཕྱིན་ཁར་ངས་ང་ཚོའི་ཡུལ་ཚོ་ནས་བཏུང་བ་དང་ཟས་རིགས་རེ་ཉོས་ཏེ་རང་གི་ཁྱིམ་ནས་ཁོང་ཚོར་མཐར་ཕྱིན་སྐྱེལ་མའི་ཚུལ་དུ་དགོང་ཚོགས་ཆུང་ཆུང་ཞིག་བསྡུས་ཤིང་། ཚོགས་ཐོག་ཏུ་དགེ་རྒན་གཞན་ཚོ་ཡང་ཕེབས་པས་སློབ་སྤྱིས་ཀྱང་མ་རིག་མི་མཐོང་ཁུལ་བྱེད་མ་ཐུབ་པར་ཚོགས་ཐོག་ཏུ་ཕེབས་པར་མ་ཟད། དགོང་ཚོགས་དེའི་ཟས་རིགས་དང་བཏུང་བ་དག་གི་རིན་པ་ཡང་ང་ལ་སྤྲད། དགོང་ཚོགས་ཀྱི་ཁ་བྱང་དུ“ཁྱེད་ཚོ་རང་གི་མཁའ་དབྱིངས་སུ་འཕུར་ཤོག”ཅེས་སྒོ་སམ་ཆུང་ངུ་ཞིག་ཏུ་ས་སྨྱུག་གིས་བྲིས་ཤིང་། དེའི་འགྲེལ་བར་ང་ཚོ་ནི་གཞན་གྱི་སྣང་ངོར་ལུང་པ་འགོལ་བོའི་ནང་གི་མི་རྗེས་ལུས་དང་དབུལ་པོ་རུ་མཐོང་གིན་ཡོད་པས་ཁྱེད་ཚོས་ངེས་པར་མུ་མཐུད་དུ་སློབ་གྲྭ་འདོན་དགོས་ལ། ངེས་པར་དུ་གཞན་ལས་ལྡབ་འགྱུར་གྱིས་འབད་པ་བྱས་ཏེ་གྲོང་ཁྱེར་ནས་ཞབས་ཞུ་སོགས་ཀྱི་ལས་ཀ་མི་བྱེད་པར་རང་གི་ཕ་ཡུལ་དུ་ཡོང་ནས་ཕ་ཡུལ་དུ་རིག་གནས་དཔལ་ཡོན་རྒྱས་སུ་འཇུག་དགོས། དེར་མ་ཟད་ངེས་པར་དུ་ང་ཚོ་རྗེས་ལུས་དང་དབུལ་པོ་རུ་འདོད་མཁན་དག་ལ་ལག་ལེན་གྱིས་ཨ་ལན་གསལ་པོ་ཞིག་གདབ་ཐུབ་དགོས་ཞེས་བཤད་ཅིང་། ཁོང་ཚོ་ཡང་ཡིད་འགུལ་ཐེབས་པའམ་ཅི་ཡིན་མི་ཤེས་མོད་ཚང་མས་མིག་ཆུ་ཕྲོམ་ཕྲོོམ་ངང་ངས་བཤད་པར་ཐལ་མོ་བརྡེབས་སོང་། ངས་ནི་དེ་ལྟར་ཁྱེད་ཚོས་ངེས་པར་མུ་མཐུད་དུ་སློབ་གྲྭ་འདོན་དགོས་ཞེས་བཤད་མོད། དོན་ངོ་མར་སློབ་འབྲིང་གང་ཞིག་ཏུ་འགྲོའམ། རྒྱ་ཡིག་གཙོས་པའི་སློབ་འབྲིང་དུ་སོང་ན་རྒྱ་ཡིག་གི་ཆུ་ཚད་སློབ་མ་གཞན་དག་ལས་ལྡབ་འགྱུར་གྱིས་ཞན་པས་མཐར་གྱོན་ཆས་གྱོན་སྟངས་ཙམ་དང་དགའ་རོགས་སྒྲིག་སྟངས་ཙམ། ཆང་དང་ཐ་མག་སྤྱོད་སྟངས་ཙམ་ཤེས་ཤིང་། མཁོ་བའི་ངོ་ཚ་དང་ལག་ལས་ཀ་ཅི་ཡང་མེད་པར་ཁྱིམ་དུ་ལོག་ཅིང་། ཁྱིམ་དུ་ཡང་འདུག་སྙིང་ཡེ་ནས་མེད་པས་གྲོང་ཁྱེར་དུ་སོང་སྟེ་ཆང་ཁང་ངམ་མགྲོན་ཁང་ངམ་ཇ་ཁང་སོགས་སུ་ཞབས་ཞུ་བྱས་ཏེ་མི་ཚེ་དོན་མེད་དུ་ཟད་པར་བྱེད། འོ་ན་བོད་ཡིག་གཙོས་པའི་སློབ་གྲྭ་ཞིག་ཏུ་འགྲོའམ། དེ་ཡང་གོང་དང་འདྲ་བར་ཆུ་ཚད་ལྡབ་འགྱུར་གྱིས་ཞན་ཞིང་། བོད་ཡིག་སློབ་གྲྭ་དག་ཏུའང་རྒྱུགས་འབྲས་ཀྱི་འགྲན་རྩོད་ཤིན་ཏུ་ཆེ་བས་ཆ་སྙོམས་རྒྱུགས་འབྲས་མར་འཐེན་བྱེད་པར་དོགས་ཏེ་ང་ཚོའི་ས་ཕྱོགས་ཀྱི་སློབ་མ་བསྡུ་བར་མོས་པ་ཤིན་ཏུ་ཉུང་། ངས་ཁོང་ཚོར་བལྟས་ཏེ་ངོ་ལྤགས་བཅོས་འཛུམ་གྱིས་སྤྲས་མོད། སེམས་ཀྱི་གུད་ཅིག་ཏུ་འདྲི་རྟགས་མང་པོ་འཕྲོ་རིམ་འཕྲོར་རྦབ་རྡོ་བཞིན་ལྗིད་ཏིག་གེར་འདྲིལ་ཅིང་། སྙིང་ཉེ་བའི་སློབ་གྲོགས་ཚོ། ཁྱེད་ཚོ་ནི་གློ་བུར་མདུན་གྱི་ཟམ་པ་ཆད་པའི་བྱིས་པ་ཁྱུ་གཅིག་རེད་ཨང་སྙམ་གྱིན་མིག་ཆུ་སེམས་སུ་ལྷུང་། གང་ལྟར་མཇུག་མཐར་ཁོང་ཚོར་གལ་ཏེ་ཁྱེད་ཚོའི་གྲས་ན་བོད་ཡིག་སློབ་གྲྭར་འགྲོ་འདོད་མཁན་ཡོད་ན་ང་ལ་འབྲེལ་བ་བྱོས། ང་ལ་ངོ་ཤེས་མེད་མོད་ང་ཚོས་མཉམ་དུ་ཁ་དྲོ་བྱས་ན་ཁྱེད་ཚོ་བསྡུ་ནི་རེ་ཡོད་ནི་རེད། ཁྱིམ་བདག་ཚོར་ཡང་དེ་ལྟར་ཤོད། རབ་ཡིན་ན་ཚང་མས་བོད་ཡིག་སློབ་གྲྭ་ཐོན། ངས་ཀྱང་བོད་ཡིག་བཏོན་ནས་མཐར་ཕྱིན་པ་ཡིན། ང་ཚོ་ཚང་མ་བོད་ཡིན་པས་རང་གི་ཡི་གེ་བསླབས་ན་ཅུང་སླ་མོ་ཡིན་ནི་རེད་ཅེས་བཤད་པ་ཡིན་ལ། མཐར་ཕྱིན་རྗེས་ང་ལ་འབྲེལ་བ་བྱེད་མཁན་ཅང་མ་བྱུང་མོད། ཕལ་ཆེ་བ་ཁྱིམ་གྱི་ཆ་རྐྱེན་ནམ་མི་འབྲེལ་ལམ་ལམ་ཐག་སོགས་ཀྱིས་རྒྱ་ཡིག་སློབ་འབྲིང་དུ་མི་འགྲོ་ག་མེད་བྱུང་འདུག

ལོ་གཉིས་པའི་མཐར་ཕྱིན་འཛིན་གྲྭ་དག་ལ་ཁོང་ཚོའི་འཛིན་བདག་དགེ་རྒན་གྱིས་མགོ་བསྡུས་ཏེ་དེའི་ཁྱིམ་ནས་མཐར་ཕྱིན་སྐྱེལ་མའི་དགོང་ཚོགས་བསྡུས་ཤིང་། ཁོང་ཚོར་ཡང་སྔོན་དང་འདྲ་བར་ཁྱེད་ཚོ་བོད་ཡིག་སློབ་གྲྭར་འགྲོ་འདོད་ན་ང་ལ་འབྲེལ་བ་བྱོས། ང་ཚོས་མཉམ་དུ་ཁ་དྲོ་བྱས་ན་བསྡུ་ནི་རེ་ཡོད་ནི་རེད། ཁྱིམ་བདག་ཚོ་ལའང་དེ་ལྟར་ཤོད་ཅེས་བཤད་མོད། ང་ལ་འབྲེལ་བ་བྱེད་མཁན་མ་བྱུང་མོད་འགའ་རེ་བོད་ཡིག་སློབ་གྲྭ་དག་ཏུ་སོང་རབས་འདུག ཡང་འགའ་རེ་ལོ་གཅིག་ཙམ་ལ་རྒྱ་ཡིག་སློབ་འབྲིང་དུ་སོང་རྗེས་གཞུག་མ་ཆོད་པར་ཁྱིམ་དུ་ལོག་རབས་ཀྱང་འདུག་པས་མཚམས་མཚམས་སུ་ཁོང་ཚོའི་མ་འོངས་པའི་མི་ཚེ་དང་འཚོ་བ་བསམ་ཚེ་ཡིད་སེམས་འཁྱག་སིབ་བེར་འགྲོ།

ད་ལོའི་མཐར་ཕྱིན་དགོང་ཚོགས་དེ་རིང་ཁོང་ཚོའི་འཛིན་བདག་གི་ཁྱིམ་ནས་བསྡུས་ཤིང་། ང་ཁོང་ཚོའི་སྐད་ཡིག་དགེ་རྒན་ཡིན་པས་ཁོང་ཚོའི་འཛིན་བདག་དང་ངེད་གཉིས་ཀྱིས་སྒོར་མོ་སུམ་བརྒྱ་ཙམ་རུག་ནས་ཁོང་ཚོར་སྤྲི་གོར་དང་བཏུང་བ། ཟས་རིགས་འགའ་ཉོས་ཏེ་མཉམ་དུ་སྐྱིད་པོ་བྱས། ཡང་སྔར་བཞིན“རྒོད་པོ་བཞིན་ནམ་འཕང་གཅོད་རོགས། བདག་པོ་བཞིན་ཡུལ་དུ་ལོག་ཤོག”ཅེས་ས་སྨྱུག་གིས་སྒོ་སམ་ཆུང་ཆུང་དུ་བྲིས་ཤིང་། དེའི་འགྲེལ་བར། ཁྱེད་ཚོ་ནི་མི་འགྱང་བར་མཁའ་དབྱིངས་སུ་འཕུར་བའི་རྒོད་པོ་བཞིན་རང་རང་གི་ནམ་མཁའ་རུ་འཕུར་བར་ངེས་ཤིང་། ཤེས་བྱ་རིག་གནས་ཀྱི་ནམ་མཁའ་རུ་འབད་བརྩོན་གྱིས་འཕུར་ཏེ་མཐར་རང་གི་ཕ་ཡུལ་དུ་ལོག་དགོས། ཁྱེད་ཚོ་མ་འོངས་པར་གྲོང་ཁྱེར་ཆེ་ཆུང་མང་པོར་འགྲོ་སྲིད་ལ། མི་སྣ་འདྲ་མིན་སྣ་ཚོགས་ལ་ཐུག་སྲིད། མ་ཟད་རང་གི་ཕ་ཡུལ་དུ་ལོག་མི་འདོད་མཁན་ཡང་ཡོད་སྲིད། འོན་ཀྱང་ངའི་རེ་བ་ནི། ཁྱོད་ཚོས་ངེས་པར་དུ་རིག་གནས་ཤེས་བྱ་གྱ་ནོམ་པ་ཞིག་སྦྱང་ཐུབ་དགོས་ལ། དེར་མ་ཟད་རང་གི་མི་གཞི་ཀུན་སྤྱོད་སོགས་ཡལ་བར་མི་འདོར་བར་མ་འོངས་པར་ཕ་མས་གནང་བའི་ཡ་རབས་ཀྱི་གཤིས་སྤྱོད་བཟང་པོ་དེ་ཁྱེར་ནས་ཕ་མའི་གམ་དུ་ལོག་དགོས། རྒྱུ་མཚན་ཁྱེད་ཚོ་ནི་ཕ་མའི་བདག་པོ་ཡིན་ལ་ཕ་ཡུལ་གྱི་བདག་པོའང་ཡིན་པས་ངེས་པར་རང་གི་ཕ་ཡུལ་གྱི་དོན་དུ་བྱ་བ་ཙག་ཙིག་རེ་བསྒྲུབ་ཐུབ་དགོས་ཞེས་བཤད་ཅིང་། ཡང་སྔར་བཞིན་ཁྱེད་ཚོའི་གྲས་ན་བོད་ཡིག་སློབ་གྲྭར་འགྲོ་འདོད་མཁན་ཡོད་ན་ང་ལ་འབྲེལ་བ་བྱོས། ང་ཚོས་མཉམ་དུ་ཁ་དྲོ་བྱས་ན་བསྡུ་ནི་རེ་ཡོད་ནི་རེད། ཁྱེད་ཚོའི་ཁྱིམ་བདག་ལའང་དེ་ལྟར་ཤོད་ཅེས་བཤད་པ་ཡིན་མོད། འོན་ཀྱང་སེམས་སུ་སྔར་བཞིན་ཁོང་ཚོ་སློབ་འབྲིང་གང་དུ་འགྲོའམ། སློབ་འབྲིང་གང་གིས་ཁོང་ཚོ་བསྡུའམ། ཁོང་ཚོས་མ་འོངས་པར་ལམ་ཁ་ལེགས་པོ་ཞིག་སྙེགས་ཐུབ་བམ་བསམ་བཞིན་སྐྱོ་བ་ཞིག་ངང་གིས་འཕེལ།

དེ་ལྟར། ངའི་སྙིང་ཉེ་བའི་སློབ་བུ་ཁོང་ཚོ་ལོ་རེ་རེ་བཞིན་སློབ་མཐར་ཕྱིན་ཏེ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཁོང་ཚོ་ནི་རྒྱབ་ནས་སྐྱོར་མ་མེད་ལ་སྔུན་ནས་བསུ་བ་མེད་པའི་ལམ་བྲོ་ཉུང་ཉུང་ཅན་གྱི་བྱིས་པ་ཁྱུ་གཅིག་ཡིན་ལ། ཁོང་ཚོའི་དགེ་རྒན་དུ་གྱུར་པ་ང་ཡང་མི་ལ་ངོ་དགའ་སྤྲེལ་ལད་འཁྲབ་མི་ཤེས་ལ་མི་འབྲེལ་ཟེར་བར་དམིགས་ཀྱིས་རྩལ་ཞིག་འཕུད་རྒྱུ་ཡེ་ནས་མེད་པས་ཁོང་ཚོ་འགྲོ་སའི་སློབ་འབྲིང་ལེགས་པོ་ཞིག་ལའང་འབྲེལ་བ་བྱེད་ས་ཅི་ཡང་མེད། དེའི་ཕྱིར། རིག་པ་གསལ་ལ་གཤིས་སྤྱོད་དྲང་བའི་སློབ་བུ་འདི་དག་ལམ་སྣེ་གཞན་ཞིག་ལ་ཞུགས་འགྲོ་བསམ་ན་དངོས་གནས་བཟོད་གླགས་བྲལ་བའི་ན་ཟུག་ཅིག་ངང་གིས་འཕེལ། ཁོང་ཚོ་སོང་ཤུལ་ངས་ལོ་རེ་བཞིན་སྨྲེ་སྔགས་སེམས་གང་ཉར་ཏེ་འདུག་པ་ལས་ནུས་པ་མེད་པར་ལྷག་ཏུ་སྙིང་གཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།