ཀྲུང་གོ་བོད་ཀྱི་དྲ་བ།

བླ་ནག་པའི་མཐོང་སྣང་གི་རྒན་ཁྱུང་ཕྲུག་བློ་བཟང་དར་རྒྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བླ་ནག་བློ་བཟང་ཆོས་དར།   སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1. ཐོག་མའི་གླེང་སློང་བའི་ཀུན་སློང་གི་སྐོར།

དེ་ཡང་ངེད་རང་མཁས་མཆོག་བྱེ་བའི་འབྱུང་གནས་མ་དགོན་བླ་བྲང་བཀྲ་ཤིས་འཁྱིལ་ན་སློབ་གཉེར་བྱེད་སྐབས་སུ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཞེས་འབོད་པ་གང་ཉིད་ལགས་ངོ་ཤེས་ཤིང་རང་ཉིད་ཀྱི་དགའ་ཕྱོགས་དང་དུང་ཞེན་ཞིག་གི་དབང་གིས་རིམ་བཞིན་བློས་ཐུབ་ཀྱི་གྲོགས་པོ་རུ་གྱུར། དེ་ནི་ཁོང་ཉིད་བླ་བྲང་བཀྲ་ཤིས་འཁྱིལ་ལ་ཕེབས་སྐབས་སུ་ཁོའི་གྲོགས་པོ་མགར་རྩེ་བསྟན་འཛིན་ཞུ་བའི་དགེ་བཤེས་དང་ཁོང་རྣམ་གཉིས་ཀྱི་སྙན་ངག་ནི་མཚན་སྙན་ཆེ་ཞིང་གཞུང་སྒེར་གྱི་དུས་དེབ་སྣ་ཚོགས་ཤིག་ལས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད་པའི་རྒྱུ་མཚན་གྱིས་ཡིན། སྐབས་དེར་ནི་བསང་ཆུ་རྫོང་གི་དགོན་གྲོང་གང་ཡིན་ན་དེང་རབས་སྙན་ངག་གཙོས་རིག་གནས་གསར་པར་དགའ་བའི་གཞོན་སྐྱེས་ཀྱང་མང་བ་དང་ལྷན་དུ། དེ་དག་གི་སྐོར་ལ་དགག་པ་གཏོང་བའི་དགོན་པའི་དགེ་བཤེས་སུ་རློམ་པའི་སྲོལ་རྒྱུན་མཁྲེགས་འཛིན་པ་འགའ་རེ་ཡང་འདུག་གོ། །

དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་བསམ་བློ་འཕེལ་བའི་གོ་རིམ་ནི་གནའ་དེང་ཤེས་རིག་གི་ཤེས་རབ་ཀྱི་མཐོངས་ཁ་རུ་ཚན་རྩལ་དང་བརྡ་འཕྲིན་ཟེར་བ་ཞིག་ལ་སྲོལ་རྒྱུན་རྒན་པོའི་དབང་ཤུགས་ཀྱི་ཐབས་ལམ་དཀའ་བའི་ཚེ་ན། འཛམ་གླིང་གོ་ལ་ཟླུམ་པོ་གཅིག་ཏུ་བསྡུ་བའི་དྲ་ལམ་གྱི་ལྟད་མོ་སྣ་ཚོགས་དར་ཁྱབ་ཆེ་བས་དེ་དག་རེ་རེ་ལ་རྒོལ་ལན་སྟེར་མཁན་སུ་ཞིག་གིས་བྱ་བར་ནུས་ཏེ་མི་ནུས་སོ། །དེའི་ཕྱིར་ཁོང་དང་ངེད་གཉིས་ནམ་ཡང་སྙན་ངག་དང་གཞུང་ལུགས་ཀྱི་རྩེ་དགོད་ལབ་གླེང་གི་གཞུང་ནས་འདྲིས་ཤིང་འགྲོགས་པའི་གོ་རིམ་གྱི་ལོ་ཟླ་ནི་ནམ་ཡང་བརྗེད་ཐབས་མེད་པའི་དྲན་ཤིང་ཞིག་གོ། །

དེ་ནས་བཟུང་སྟེ་ད་རག་བར་མི་ལོ་ཉི་ཤུའི་རིང་གི་མཆེད་གྲོགས་ཀྱི་འབྲེལ་བ་དམ་ཚིག་གསེར་གྱི་མདུད་པ་ཨེན་ཙམ་ཡང་གྲོལ་མྱོང་མེད་པའི་ཁར་ཕན་ཚུན་གྱི་འཚོ་བའི་དཀའ་ཁག་དང་མི་ཚེའི་སྐྱིད་སྡུག མི་ཆེན་དང་དཔོན་ཆེན་གྱི་མཐོང་ཆུང་། ཕྲག་དོག་དང་བརྙས་བཅོས། ཐ་ན་ཤ་ཉེ་དང་ནང་མིའི་ཟུར་ཟ། མི་ཁ་དམའ་འབེབས་བཅས་ལའང་མགོ་བོ་མ་སྒུར་ལ་སྤ་ཡང་མ་བཀོང་བར་དགོན་སྡེ་དང་སློབ་ཆེན། མི་སྐྱ་དང་བླ་གྲྭའི་འཇིག་རྟེན་དང་ཁོར་ཡུག་ལ་གདོང་ཐུག་རྒྱག་དུས་སུ་སྐབས་རེར་དག་ཞིང་དང་འདྲ་ལ་ལན་རེར་དམྱལ་ཁམས་དང་མཚུངས་པའི་ཟང་ཟིང་གི་ཁྲོད་ནས་ངེད་ཅག་ཚོས་མ་བརྒྱུད་པའི་དཀའ་སྡུག་མེད་ལ། ངེད་ཅག་ཚོར་མ་བཤད་པའི་མི་ཁ་གཏམ་ངན་ཞིག་མེད་པར་བསམ་བློ་གཏོང་སྐབས་འདིར། ཁྱུང་ཕྲུག་བློ་བཟང་དར་རྒྱས་ལགས་ཡིད་ལ་དྲན་ཐེངས་རེར་ཁོང་གི་འདོད་བློ་དང་རེ་སྙེག འདུན་པ་དང་བརྩེ་སེམས་བཅངས་པའི་ཤེས་རིག་ཟེར་བའི་སྲུང་འཁོར་ཞིག་སྟེ། ཕྱི་ཡི་རྒོལ་བ་དང་ནང་གི་དུག་གསུམ་གཞོམ་པའི་གོ་ཁྲབ་ཅིག་གིས་བསྲུང་བར་བསྒོམས་ན་ཅི་འདྲས་དགའ་ལ་སེམས་པ་སྤྲོ་པ་ལ་ཨང་།

2. ཁྱུང་ཕྲུག་བློ་བཟང་དར་རྒྱས་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ནས་ནར་སོན་ཏེ་ཐོས་བསམ་བྱས་སྐོར།

ཁོང་གི་འཁྲུངས་ཡུལ་ནི་རེབ་གོང་སྨད་པ་ཁྱུང་བོ་གསེར་གཤོང་ཁུག་པ་ནས་སྤྱི་ལོ་གཅིག་དགུ་དྲུག་ཅུ་རེ་བརྒྱད་ལོར་ལྟེ་ཁྲག་བོ་བར་བྱས་ཤིང་ཆུང་ངུའི་དུས་ནས་སློབ་གྲྭར་འགྲིམས་པས་རང་ལོ་བཅུ་བཞིའི་སྟེང་དམའ་འབྲིང་མཐར་ཕྱིན། དེ་ནས་རྒྱ་ཡིག་གི་འཕྲོད་བསྟེན་སློབ་གྲྭ་བཏོན་ཅིང་། སྔོན་གྱི་བག་ཆགས་སམ་དགེ་སློབ་ཀྱི་ཤུགས་རྐྱེན་ཅི་རིགས་ཤིག་གིས་བོད་ཀྱི་རིག་གནས་སྦྱང་འདོད་ཧ་ཅང་ཆེ་བས་རབ་བྱུང་གི་སྡོམ་པ་བླངས་ནས་ཆོས་སྡེ་སྤེན་དཀར་ཐང་ཕུན་ཚོགས་དར་རྒྱས་གླིང་དུ་ཚོགས་ཞུགས་གནང་བ་དང་མཚུངས་སུ་དགེ་བའི་བཤེས་གཉེན་ཆེན་པོ་སྡི་ཚའི་བློ་བཟང་བསྟན་འཛིན། ཞོ་སྤུངས་བསམ་གཏན་རྒྱ་མཚོ།ལྷ་སྡེ་དགེ་འདུན་བསྟན་འཛིན། བྱ་ཁྱུང་ཁོང་ཚུལ་ཁྲིམས་ཚང་སོགས་སྨྲ་བའི་སེང་ཆེན་མང་པོའི་མདུན་ནས་དབང་ལུང་ཁྲིད་གསུམ་དང་། འདོན་རྟ་དབྱངས་གསུམ། ཆོ་ག་ཕྱག་ལེན། དཀྱིལ་འཁོར་གྱི་ཐིག་རྩ་དང་རྡུལ་ཚོན། མཆོད་རྟེན་གྱི་ཐིག་འདེབས་སྟངས་ལ་སོགས་པ་ཞིབ་རྒྱས་སྦྱངས།མཁས་མང་འདུས་པའི་གདན་ས་རོང་བོ་དགོན་ཆེན། འགར་རྩེ་དགོན་པ། བྱ་ཁྱུང་དགོན་པ། བླ་བྲང་བཀྲ་ཤིས་འཁྱིལ་བ་གཙོས་དགེ་བའི་བཤེས་གཉེན་ཉི་ཟླ་ལྟ་བུ་མང་པོའི་མདུན་ནས་བསྡུས་གྲྭ། བློ་རྟགས། ས་དོན་གྲུབ་གསུམ། རྣམ་འགྲེལ། ཕར་ཕྱིན། དབུ་མ། མངོན་པ་གོང་འོག འདུལ་བ། སྔགས་སྤྱི་སོགས་ལ་ལོ་མང་རིང་དཀའ་སྡུག་གང་མང་མྱོང་ཞོར་སྦྱང་བ་རྡོ་རུས་ཐུག་པ་བྱས་ཤིང་། ཞར་ལ་སྒྲ་དང་སྙན་ངག རྩིས་དཀར་ནག་དང་ས་རིས་སྦྱངས་ཏེ་ལོ་རྩིས་དང་རྩོམ་རྒྱུགས་སོགས་ཕུལ་པས་དགེ་རྒན་རྣམ་པའི་ཐུགས་དགྱེས་པ་ཆེན་པོ་བྱུང་། ནང་སྒོས་དཔེ་ཁྲིད་སྐབས་ཟིན་ཐོ་ཕོན་ཆེན་པོ་ལོངས་པ་བཏབ་ཅིང་དོགས་སློང་ངོ་མཚར་པ་མང་དུ་གནང་བས་གྲོགས་རིགས་པ་སྨྲ་བ་དག་གི་ཡིད་སྨོན་ཤོར་མྱོང་ལ། དཔལ་ལྡན་བླ་བྲང་བཀྲ་ཤིས་འཁྱིལ་ནས་སྨྲ་བའི་སེང་ཆེན་ཨ་ཁུ་རིན་པོ་ཆེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཚང་གི་ཞབས་ལ་གཏུགས། ཁོང་གིས་ཁོ་རང་གཅིག་པུར་དྲང་ངེས་རྩ་བ་མཆན་དང་སྦྲགས་པའི་གཟབ་ཁྲིད། དབུ་མ་ལུང་རིགས་སྒྲོན་མེ་ཞིབ་ཁྲིད་དང་དོགས་གཅོད་ཁྲིད་རྒྱུན་དང་བཅས་པ་གནང་སྐབས། ངེད་ཚོ་གྲོགས་པོ་མང་པོས་ཁོ་ལ་གང་ཅིའི་བདག་རྐྱེན་སྦྱོར་བ་དང་འབྲེལ་གུས་བརྩི་མི་ཞུ་མཁན་སུ་ཡང་མེད་པ་ལྟ་བུ་ཡིན།

ཞོར་ནས་ཁོས་སློབ་གཉེར་པ་འགའ་རེར་སྙན་ངག་དང་བརྡ་སྤྲོད་ཀྱི་དཔེ་ཁྲིད་བྱེད་ཀྱིན་ཡོད་ལ། ཁོ་ལ་མཚོན་ན་སྐབས་དེའི་སློབ་གཉེར་པའི་ཁྲོད་ན་ཐ་སྙད་མཁན་པོའི་གོ་ཐོབ་ཀྱང་རག་ཡོད། དེ་ལྟར་སྙན་ངག་དང་མངོན་བརྗོད། སྡེབ་སྦྱོར་དང་། རྩིས་དཀར་ནག སྒྲ་དང་སྨན་གཞུང་གང་ཐད་སྦྱངས་པ་སྔོན་སོང་ཡིན་པས་རིག་གནས་ཀྱི་བགྲོ་གླེང་བྱས་ནས་ཞིབ་འཇུག་སློབ་མ་འགར་ལོ་རྒྱུས་ཀྱི་ཁ་གྲག་རྒྱུ་མེད་པར་བྱས་པ་དྲན་ན། དེང་སྐབས་དང་སྔོན་གྱི་ཞིབ་འཇུག་སློབ་མ་དེ་ཚོས་གནས་ལུགས་དང་བདེན་དོན་དེར་བརྩི་མཐོང་བྱེད་པ་རིག་གནས་པའི་ཁྱད་ཆོས་རེད་སྙམ་པ་ཤར།

དེང་གི་སྐབས་སུ་ཤེས་ཡོན་པ་མཐོ་དམན་སུས་ཀྱང་ངོ་གང་ལ་ཚ་དགོས་པ་དང་གནས་ལུགས་གཏན་ཚིགས་ཀྱིས་འཇལ་དགོས་པ་མི་ཤེས་པའི་ཁར། བོད་རིག་པའི་མཁས་པའི་ཁྱད་ཆོས་དང་ནང་བའི་གཞུང་ལུགས་ཀྱི་ཚིག་གཅིག་མི་གོ་ནའང་དགག་པ་གཏོང་རྐྱང་བྱ་བ་དང་། ཁོ་བོ་ནི་གསར་བརྗེ་པ་དང་བསམ་བློ་པ། རྒྱལ་ཁམས་པ་ཞེས་འུར་ཏེ་སྐྱུག་བྲོ་བའི་སྐྱ་མིན་སེར་མིན་ཇེ་མང་དུ་འགྲོ་བ་ནི་ངེད་ཅག་བོད་ཀྱི་ཤེས་ཡོན་པའི་རང་གཤིས་འགྱུར་བའི་དན་རྟགས་དང་བོད་ཀྱི་རིག་གཞུང་གི་དབུ་འཕང་ཡ་ང་བའི་ཉམས་རྒུད་དུ་འགྲོ་བའི་སྔ་ལྟས་ལས་གཞན་དུ་མ་འདས་སོ། །

3. ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱི་སྙན་ངག་དང་ལོ་རབས་དགུ་བཅུ་པའི་ཀློག་མཁན་ལ་བཞག་པའི་བག་ཆགས།

ལོ་རབས་བརྒྱད་ཅུ་དགུ་བཅུ་ནི་འཛམ་གླིང་སྤྱིའི་རྩོམ་རིག་འཕོ་འགྱུར་དང་རིག་གཞུང་སྣ་མང་ཅན་གྱི་རྩོམ་རིག་སྒྱུར་རྩོམ་གྱི་ཁ་རུ་ཕྱོགས་ཤིང་གནའ་དེང་མཁས་པའི་ལྟ་བའི་བླང་དོར་དགག་སྒྲུབ་ཀྱི་དུས་བབ་ཅིག་ཡིན་ལ་ནང་སྒོས་བོད་ཀྱི་དགོན་སྡེ་དང་སློབ་ཆེན་བར་གྱི་བསམ་བློའི་གསར་རྙིང་རྩོམ་རིག་ཆུ་བོའི་རྦ་རླབས་བཞིན་འཕྱོ་བའི་ཁྲོད་དུ། སྙན་ངག་པ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱི་མཚན་སྙན་ཡང་དུས་མཚུངས་སུ་འབར་གྱིན་ཡོད།ཁོའི་སྙན་ངག་དང་དཔྱད་རྩོམ་སོགས་ཀྱི་བརྩམས་ཆོས་མང་ཤོས་ནི《སྦྲང་ཆར》དང《མང་ཚོགས་སྒྱུ་རྩལ》《མཚོ་སྔོན་སློབ་གསོ》《གངས་ལྗོངས་རིག་གནས》《བདག་པོ》《བོད་ལྗོངས་སློབ་ཆེན་གྱི་རིག་དེབ》《བོད་ལྗོངས་ཞིབ་འཇུག》《ཀྲུང་གོའི་བོད་རིག་པ》《ཀན་ལྷོའི་རིག་གནས་ཞིབ་འཇུག》རྣམས་སུ་འཁོད་ཡོད།

སྒོས་སུ་སྙན་ངག་དཔེར་ན《བསྟོད་ཚིག་ལྷག་བསམ་བདེ་འབྱུང་གཙུག་གི་ནོར་བུ》《འགལ་ཕྲེང》《རང་ལ་གྲོས་སུ་འདེབས་པ་ཟོལ་གྱིས་བཅོས་པའི་གཟུགས་བརྙན》《ཡེ་ཐོ་དྲེགས་ལྡན་གྱི་གླུ་བྲག་ཅའི་དབྱངས་སྙན》《རང་གཅིག་བུར་གནས་ཀྱང་རྐན་སྒྲ་འཆོར》《སྙན་དངགས་གནག་རྫིའི་གླིང་བུ》《རླབས་ཆེ་བའི་ངལ་རྩོལ་པ》《སྐྱེས་ལན་མཉེས་གཤིན་དྲོན་མ》《ཏིང་འཛིན་པིར་རྩེ་ནས་བསྐྱུགས་པའི་སྙན་ངག》《གསལ་འདེབས་ཨང་ཡིག་བཅུ་པ》《དམར་པོ་ངག་གི་རྒྱང་གླུ》《འདབ་བརྒྱ་གྲོལ་བའི་སྙན་ངག》《གཞོན་ནུའི་ཁྲེལ་གཏམ》《ཕངས་མེད་སྟོར་བའི་ལོ་ཟླ》《བདེན་གསོལ་གསེར་གྱི་མེ་ལོང》དག་གིས་མཚོན་ཐུབ།

རྒན་ཁོང་ནི་ཕྲན་གྱི་མཐོང་སྣང་ལ་མི་བུ་གཉོམ་ཆུང་གུས་ཆུང་ཞིག་ཡིན་ལ་དམན་པ་ལ་བྱམས་ཤིང་བརྩེ་བ་ཆེ། མི་ཆེན་དཔོན་ཆེན་ལ་བརྩི་མཐོང་ཆེར་མི་བྱེད་པའི་མགོ་མཁྲེགས་ཤིག་གི་ཁོངས་སུའང་གཏོགས། ནམ་ཡང་སྙན་ངག་ལ་ཕྱོགས་པའི་གཞོན་སྐྱེས་ལ་རྒྱ་ཅན་དང་ཤེས་ཡོན་ལ་འབད་བརྩོན་ཆེ་བའི་རིགས་ལ་དགའ་ཞིང་འགྲོགས་པར་སླ། སྐབས་དེའི་སྔ་ཕྱི་དེར་དེང་གི་སྨྲ་དབང་ཆེན་མོ་ཨ་ལགས་དོར་ཞི་ཚང་། ཨ་ལགས་གསེར་ལག ཀླུ་ཚང་ཨ་ལགས་འཇའ་མོ།ཁྱུང་ཕྲུག་བློ་བཟང་དར་རྒྱས་དང་། སྒོ་མེ་བསོད་ནམས་རྡོ་རྗེ། བོང་སྟག་བསོད་ནམས་དར་རྒྱས།རྒན་སྨན་བླ་སྐྱབས། སྐུ་ཞབས་ཞོགས་དུང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན། སྙན་ངག་པ་གངས་ཞུན། ཨ་སྨྱོན་བཀྲིས་དོན་གྲུབ། རྒན་སྨྲེང་བུ། བྱ་གཞུང་དབྱངས་བྷ། སྙན་ངག་པ་འབྲོང་གཙོས་གྲོགས་པོ་སྐོར་ཞིག་གིས་རྨ་ཆུའི་སྦྱིན་པ་ངེད་གཉིས་ཀྱིས་བོད་ཀྱི་རྩོམ་རིག་ལ་དབྱེ་ཞིབ་དང་ཀློག་པ་པོའི་ཆེས་དགའ་བསུ་ཐོབ་བའི་དེང་རབས་བོད་ཀྱི་རྩོམ་པ་པོའི་སྙན་རྩོམ་ཕྱོགས་བསྒྲིགས《དུས་རབས་ཀྱི་འགྱུར་ཁུགས》དཔར་སྐྲུན་གྱི་ལས་ཀའི་མགོ་མཇུག་བར་གསུམ་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་མྱོང་ལ། རེབ་ཀོང་རོང་བོ་དགོན་ཆེན་གྱི་པཎྚི་ཏ་ཨ་ཁུ་འཇིགས་མེད་ཐེག་མཆོག་གི་བརྩེ་གཟིགས་དང་། ལྷ་རམས་པ་བློ་བཟང་སྙན་གྲགས་ཀྱིས《སྐྱིད་སྡུག་གི་འབོད་པ》ཞེས་པའི་རྩོམ་ཞིག་གིས་རྒྱབ་སྐྱོར་ཐོབ་པ་མ་ཟད། རྒན་ཁྱུང་ཕྲུག་ལ་བསྟོད་བསྔགས་དང་ངེད་གཉིས་ཀྱི་བྱ་བཞག་ལ་ལམ་སྟོན་གྱིས《དུས་རབས་ཀྱི་འགྱུར་ཁུགས》ལ་ལོ་རྒྱུས་ཀྱི་དོན་སྙིང་ཆེ་ཞིང་དོ་དམ་རིན་ཐང་ཡོད་པར་གསུངས་པས་ལོ་ན་ཆུང་བའི་གཞོན་ནུ་ངེད་ལ་སྤོབས་པ་བླ་ལྷག་བསྩལ་པ་དུས་ད་ལྟའང་བརྗེད་དུ་མེད་དོ། ། 

ལོ་རབས་ཤིག་གི་ཀློག་མཁན་དང་རྩོམ་མཁན་གཉིས་ཀ་ཡིན་པའི་བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་ཅིག་ལ་མཚོན་ན་ཁྱུང་ཕྲུག་བློ་བཟང་དར་རྒྱས་ནི་མི་བུ་རང་གཤིས་བརྟན་ལ། དགའ་ན་དགའ་བའི་འཛུམ་ཕྲེང་སྟོན་ཐུབ་ཅིང་མི་དགའ་སར་ཚེགས་འཛིན་སྐྱོན་འཛུགས་ཐུབ་པ་ཞིག་ཡིན་པས། ཆུང་ངུ་ནས་གཞོན་ཡོལ་བར་གྱི་ཁོའི་སྙུག་རྩེ་ནས་བརྡོལ་བའི་དགའ་སྐྱོ་ཆགས་སྡང་། ལྟ་གྲུབ་རང་ལུགས། སྤྱི་ཚོགས་གསར་རྙིང། སྲིད་འབྱོར་རིག་གསུམ་མཚོན་པའི་རྩོམ་རིག་བརྩམས་ཆོས་དག་གིས་སྐྱ་སེར་ཀློག་མཁན་བོད་ཕྱི་ནང་གཉིས་དང་རྒྱལ་ཁབ་དང་རྒྱལ་ཁབ་མང་པོའི་ཡུལ་གྲུ་ཁག་ཏུ་ཧ་ཅང་གྲགས་ཆེ་བ་འདིས་ཁོང་གི་རིན་ཐང་མཚོན་ཐུབ་པར་སྙམ།

4. ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་བསླབ་གནས་བླངས་པའི་སློབ་གཉེར་གྱི་མི་ཚེ་བཞུད་ལམ།

ཁོ་ནི་མ་གཞི་གྲྭ་རྐྱང་དཀྱུས་མ་ཞིག་གི་འཚོ་བའི་ཀྱག་ཀྱོག་བརྒྱུད་མཐར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གཉོམ་ཆུང་དབུལ་པོའི་སློབ་མ་ཞིག་ཏུ་གྱུར་ཅིང་ཁོ་ལ་སློབ་ཡོན་དང་འཚོ་བ་སྐྱེལ་འོངས་པའི་སྦྱིན་བདག་འབྱོར་ལྡན་དང་ཤ་ཉེ་ནང་མི་དཀོན་ལ། རྒྱབ་རི་དང་འདྲ་བའི་ཁེན་ས་དང་སེམས་པ་གསོ་བའི་གཉེན་ཚན་ཡང་མེད་ཀྱིན་བོད་ཀྱི་རིག་གཞུང་ཞིབ་འཇུག་ལ་ཧུར་བརྩོན་གྱིས་དཀའ་བ་ཁྱད་དུ་བསད་ནས་མཚན་མོ་སློབ་གཉེར་དང་ཉིན་མོ་རང་གཞན་གྱི་སློབ་ཁྲིད་ཀྱིས་བྲེལ་ནས་འཚོ་བ་བསྐྱལ་ཡོང་བའི་ནོར་མེད་ཞིབ་འཇུག་པའི་ཁོངས་སུ་གཏོགས་སོ། །

དེ་དུས་ངེད་རང་གྲོགས་དམ་པ་ཁོ་ལ་བལྟ་རུ་ཐེངས་གཅིག་ཕྱིན་པའི་ཚེ་ན། ཁོ་རང་བྲེལ་འཚབ་ཧ་ཅང་ཆེ་ལ་སློབ་ཆེན་གཞན་ཞིག་ལ་སློབ་ཁྲིད་གནང་བར་ཕེབས་པར་འདུག དེ་ནི་རང་གི་འཚོ་བའི་ཆེད་དུ་ཡིན་པ་ལས་རིག་གཞུང་ཐད་ཀྱི་འབྲེལ་བ་གཞན་མེད་ཅེས་བཤད་མྱོང་། ལོ་ངོ་མང་པོའི་ལོ་ཟླ་ཁད་ཀྱིས་བརྒལ་བའི་ཞིབ་འཇུག་སློབ་མཐར་ཕྱིན་རྗེས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་མཚོ་ལྷོའི་ཁུལ་ཐོག་ན་གཞིས་ཆགས་པའི་པཎ་ཆེན་སྣང་བ་མཐའ་ཡས་ཆེན་པོས་བཙུགས་པའི་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་དགེ་རྒན་གྱི་ཕྱག་ལས་གནང་།

ཞོར་དུ་སྟོན་པ་ཤཱཀྱ་ཐུབ་པའི་ལྟ་སྒོམ་སྤྱོད་གསུམ་དང་རྗེ་བཙུན་བྱམས་པ་དང་ཐོགས་མེད་སྐུ་མཆེད་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད། ཟབ་མོ་ལྟ་རྒྱུད་ལས་འཇམ་པའི་དབྱངས་དང་འཕགས་པ་ཀླུ་སྒྲུབ། དེ་ནས་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་གྲགས་པའི་སྐོར། ལེགས་ལྡན་དང་ཞི་འཚོ། འཕགས་སེང་ཡབ་སྲས། བོད་ཀྱི་ལྷོ་བྲག་ནམ་མཁའ་རྒྱལ་མཚན་ནས་རྒྱལ་བ་ཙོང་ཁ་པ་ཡབ་སྲས་ཀྱི་བར་གྱི་ལེགས་བཤད་སྤྱི་དང་། སྒོས་སུ་ལེགས་བཤད་གསེར་ཕྲེང་།ལམ་རིམ་ཆེ་ཆུང་། ལྟ་བའི་ལེགས་བཤད་ལྔ། རྒྱལ་ཚབ་ཀྱི་ཕར་ཚད་སྤྱོད་གསུམ་གྱི་རྣམ་བཤད། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་སྡེ་བདུན་ཆེན་མོ། དབུ་མ་སྟོང་ཐུན་ཆེན་མོ། རྣམ་འགྲེལ་ཊིཀ་ཆེན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་གཙོས་རྒྱ་བོད་མཁས་གྲུབ་དག་གི་གཞུང་ལུགས་དང་། ས་རྙིང་བཀའ་ཇོ་སྟེ། བོད་བརྒྱུད་རིས་མེད་གྲུབ་མཐའ་ཁག་གི་གཞུང་བཅས་ལ་སྔར་ལས་ལྷག་པར་ཉིན་མཚན་ལྟོས་མེད་ཀྱིས་དཔེ་ཀློག་དང་ཞིབ་འཇུག་གནང་བ་དང་ལྷན་དུ། ཆོས་འབྱུང་དང་དེབ་ཐེར་ལོ་རྒྱུས། བརྡ་རྙིང་སྐོར་གྱི་བརྡ་སྤྲོད་རིག་པའི་སྙིང་བཅུད་ལེན་པར་སྔར་ལས་སྤྲོ་བ་རྒྱས་ནས་མཚན་སྙན་འཛམ་གླིང་ན་གྲགས་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཞུགས་ཏེ་ཏུན་ཧོང་གནའ་བོའི་གཏེར་ཡིག་གི་འབུམ་རམས་པའི་བསླབ་གནས་བླངས།

དེ་ནས་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དག་གི་སློབ་ཁྲིད་ལ་མཉན་པའི་ཞོར་ནས་གནའ་དེང་མཁས་པའི་རིག་གཞུང་ཞིབ་འཇུག་གི་ཕྱག་རྩོམ་དྲུག་ཅུ་ལྷག་གནང་ཡོད། ཁོང་གིས་མི་ཚེ་གང་པོར་དུ་ཆང་དང་རྣམ་གཡེང་སོགས་འདོད་སྲེད་ཀྱི་བྱ་བའི་ཕྱོགས་སུ་འཁོར་མྱོང་མེད་ལ་རང་ལོ་གཞོན་ཡོལ་ལ་ཉེ་སྐབས་འདིར་ཡང་སྔར་ལས་ལྷག་པར་སློབ་ཆེན་གྱི་དངོས་གཞི། ཞིབ་འཇུག་པའི་སློབ་མ་མང་པོ་བརྩེ་བས་སྐྱོང་བཞིན་དཔེ་ཀློག་དང་ཕྱག་རྩོམ་གྱི་སྙུག་རྩེ་ཁོ་དང་མཉམ་དུ་ངལ་བསོའི་ལྷིང་འཇགས་ཀྱི་གོ་སྐབས་ཡེ་ནས་སྟེར་གྱིན་མི་འདུག་གོ། །

5. ཁྱུང་ཕྲུག་བློ་བཟང་དར་རྒྱས་བོད་ཀྱི་ཤེས་ཡོན་པའི་སྡེ་རུ་ཤེས་ཡོན་པ་ཞིག་ཏུ་བགྲང་ཆོག

ཀློག་པ་པོ་མང་པོ་ཞིག་གི་སེམས་ཀྱི་སྙན་ངག་པ་ཞིག སློབ་བུ་བརྒྱ་ཕྲག་མང་པོའི་མིག་ལམ་གྱི་དགེ་རྒན་ཆེན་མོ་ཞིག ཤེས་ཡོན་པའི་སྡེ་ཡི་རིག་གཞུང་ཞིབ་འཇུག་པ་ཞིག རིགས་སྲས་བུ་མོའི་སེམས་ཀྱི་རླབས་ཆེན་གྱི་ཨ་ཕ་ཞིག ནང་མིར་བྱམས་ཤིང་ཆུང་མར་བརྩེ་བའི་ཁྱིམ་བདག་བཟང་པོ་ཞིག ནམ་ཡང་འཛུམ་གྱིས་ཁེངས་ཤིང་དྲང་བདེན་གྱི་ལམ་ཁར་འགྲོ་བཞིན་པ་ནི་སྤྱོད་ཡོན་གཉིས་ཀྱི་སྙུག་ཐོགས་པ་ཁོང་གི་བརྩམས་ཆོས་དག་ལ་གངས་རིའི་ཁྲོད་ཀྱི་ཤེས་རབ་ཀྱི་མིག་དང་ལྡན་པ་ཚོས་དབྱེ་ཞིབ་དང་གདེང་འཇོག་གནང་རྒྱུ་ལས་ཕྲན་ཆུང་ངེད་ལྟ་བུ་ལ་བཟང་ངན་གྱི་བླང་དོར་འབྱེད་པའི་སྤོབས་པ་ནམ་ཡང་ག་ལ་ཡོད།

མདོར་ན་རྒན་ཁོང་ལ་མི་ལོ་ཉི་ཤུའི་རིང་འགྲོགས་པའི་ཆ་རྒྱུས་དང་ཁོང་གི་ཤེས་བརྩོན་གྱི་སྙིང་སྟོབས། མི་རིགས་ཀྱི་ལར་ཞེན་གང་ཐད་ནས་ངེད་ལྟ་བུ་ལ་སློབ་སྦྱོང་དང་སྙིང་སྟོབས་ཕྱོགས་སྒོ་མོ་ནས་བསྩལ་བྱུང་བས་རང་གི་མྱོང་ཚོར་ཙམ་གནམ་ལོ་གསར་ལ་ཉེ་སྐབས་བྲིས་ཤིང་མཐར་རྒན་ཁོང་གི་སྐུ་ཚེ་བརྟན་ཅིང་འདོད་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་དང་བཅས་བླ་ནག་བློ་བཟང་ཆོས་དར་གྱིས2020ལོའི་ཟླ་དང་པོའི་ཚེས17མཚན་མོར་མ་ཧཱ་ཙི་ནའི་གྲོང་ཁྱེར་ཧྲིན་ཡང་གི་གར་འདུག་རང་སྤྱིལ་རིག་པའི་གུར་ཁང་ནས་བྲིས་པའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།