ཀྲུང་གོ་བོད་ཀྱི་དྲ་བ།

ཕྱིར་དྲན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཆོས་མཆོག   སྤེལ་དུས། : 2021-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་རེའི་དགུན་ཁར། རྫི་བོའི་རྡོག་པ་ལྷགས་རླུང་གིས་བསྡམས་ཤིང་སྣ་མགོ་དམར་རིལ་ལེར་ཉི་མ་རི་རྒྱབ་ཏུ་ནུབ་པར་རེ་སྒུག་ཆེན་པོ་བྱེད་ཀྱང་། ཁ་བ་འབབ་པའི་ཉིན་མོ་རེ་ལ། ཉི་མར་ཉི་ལྷག་ཡོད་པའི་སྣང་བ་ཞིག་གིས་ཁོ་ཚོ་དང་ཁྱིམ་དུ་ལོག་པའི་བར་ཐག་སྔར་བས་ཇེ་རིང་དུ་སྲིང་བཞིན་པ་འདྲ། ང་ཡང་ཁོ་ཚོའི་ཁྲོད་ཀྱི་ཆེས་སྤྱིར་བཏང་གི་ལུག་རྫི་ཞིག་ཡིན་ཏེ། རྒྱབ་ཀྱི་རི་དང་སྔུན་གྱི་ཆུ། དམའ་མོའི་གཞོངས་དང་ལམ་འགྲུལ་གྱི་རྟ་པ། ལག་པས་ས་བྲད་དེ་ས་འོག་གི་ལྡུམ་བུ་ཟ་བའི་ལུག་ཁྱུ། ཐ་ན་ངོ་མི་ཤེས་པའི་རྒྱང་རིང་གི་རི་རྩེ་དག་གིས་ཀྱང་ཕར་བལྟས་པ་ཙམ་གྱིས་སེམས་ལ་སྐྱོ་སྣང་ཞིག་སྟེར་ཞིང་། གནས་ངན་པ་འདི་ནས་ང་རང་ནམ་ཞིག་ལ་ཐར་འགྲོ་སྙམ་བཞིན་མགོ་བོ་དུད་དེ་ལག་པ་རུམ་དུ་བཞག

འགྱུར་འདུག ད་ནི་ཡོད་ཚད་འགྱུར་ཟིན་པ་འདྲ། ད་ཚོད་དེ་དག་མིག་ལམ་དུ་འཆར་ཡོང་དུས། བདག་གི་རྣམ་ཤེས་ཡུལ་དུས་ཀྱིས་མི་ཁོགས་པར་ས་དེར་དབང་མེད་དུ་ཤོར་འདུག་ཅིང་། མཚམས་རེར། ཟླ་འོད་ལ་ལྟ་བཞིན་དུས་ནམ་ཞིག་ལ་ང་རང་སླར་ཡང་གནས་དེར་ལོག་ཐུབ་བམ་སྙམ་སྟེ་འདང་རྒྱག་གིན་འདུག དེ་ནི་གཞན་ཅི་ཡང་མིན་པར། བག་ཆགས་ཀྱི་ཁྲོད་དུ་ལུས་ཤིང་ཆེས་ཡིད་དུ་འོང་བའི་ཆུང་དུས་ཀྱི་རང་ཉིད་དྲན་པ་མ་ཡིན་ནམ།

སོས་མགོར། ཁ་བ་ཅུང་ཙམ་བབས་རྗེས། ཉི་འོད་ཚར་གོས་འདྲ་བ་ཞིག་འཕྲོས་ནས་རི་ལུང་ཀུན་ཏུ་ལྡང་བའི་ན་བུན་སྲབ་མོ་དག་རི་ཤོད་ནས་རི་སྐེད། རི་སྐེད་ནས་རི་མགོ། དེ་ལྟར་རིམ་བཞིན་མཐར་ནམ་མཁའི་སྤྲིན་ལ་འདྲེས་ཤིང་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཕྱོགས་བཞི་གང་རུང་དུ་བཞུད་འགྲོ། ཆུ་བོའི་ཕར་ཁ་ནས་སྡེ་འགའ་དཔྱིད་མཚེར་དུ་རུ་བ་སྤོ་སྐབས། རྟ་པའི་རྗེས་ལ་མངགས་པའི་ཁྱི་གུ་དག་མཐོང་བ་ཙམ་གྱིས་ངས་ལུག་ཁྱུ་རི་ལ་བསྐྱུར་ཏེ། རང་གིས་གསོས་ནས་ཡུན་རིང་མ་འགོར་བའི་ཁྱི་གུ་དེ་ལ་ལྟོ་ཞིག་ལྡུད་ཕྱིར་ཁྱིམ་དུ་ལོག་འདོད། འོན་ཀྱང་ལུག་རྫིའི་བྱིས་པ་ཞིག་ལ་དྲན་ཚད་ལག་བསྟར་བྱེད་པའི་དབང་ཆ་གཞན་ལའང་མེད་དེ་ང་ཡང་དེ་བཞིན། དེ་བས། ངས་སླར་ཡང་རྣམ་ཤེས་ལུག་ཁྱུའི་ཕྱོགས་སུ་བཀུག་ནས་ས་ཡེངས་རྡོ་ཡེངས་བྱས། རང་ཉིད་མ་གཏོགས་གཞན་གྱིས་མི་ཤེས་པའི་ནང་སེམས་ཀྱི་འགྱུ་བ་དེ་དག་ལ་ད་ལྟ་ཞིབ་འདང་ཞིག་རྒྱག་དུས། བསམ་གཞིག་གི་ལྷིང་འཇགས་མི་དཀྲོགས་པའི་ཆེད། ངས་སྐད་ཆ་ཡང་བཤད་མི་འདོད་པར་རང་ཉིད་ཁོ་ནས་མཛེས་སྡུག་གི་ལོ་ཟླ་དེར་ཡང་བསྐྱར་ལོངས་སུ་སྤྱད་འདོད།

ངེད་ཚང་ཡང་སྡེ་གཞན་དང་འདྲ་བར་དཔྱིད་མཚེར་དུ་ལོག་རྗེས། མཚེར་ཐོག་ནས་སྔོ་རྩྭ་མང་སའི་ཁུགས་སོ་ཞིག་བཙལ་ནས། མ་རྗེས་མ་ཆོད་པའི་ལུ་གུ་འགའ་རེ་གནས་དེར་མངག་རྒྱུ་ནི་ང་རང་ཆེས་དགའ་བའི་ལས་ཀ་ཞིག་ཡིན། མུག་ནད་ཀྱིས་ཟིན་པའི་ལུ་གུ་དེ་ཚོའི་ཁ་ལ་སྔོ་རྩྭ་སོ་མ་ཞིག་རག་སོང་ན་ངའི་སེམས་ཀྱི་བདེ་བ་བུ་རམ་བཞིན་མངར་སིལ་ལེར་ཡོད་ཅིང་། དུས་ད་ལྟ་ཡང་དེའི་བྲོ་བ་ཡལ་མེད་པ་འདྲ། བསིལ་རླུང་འཇམ་པོ་ཞིག་དལ་གྱིས་ལྡང་སྟེ་སྔོ་ངད་སྣ་ལམ་དུ་འཐུལ་ཚེ། ངས་མིག་མདུན་ནས་རྩྭ་སྔོ་འཐོག་པའི་ལུ་གུ་ལ་ལྟ་བཞིན། དེ་ལས་ཐོབ་པའི་སེམས་ཀྱི་བདེ་སྐྱིད་ཁོ་ནར་རོལ་བ་ལས་སང་ཉིན་གྱི་བྱ་བར་འདང་གཏན་ནས་རྒྱག་མི་སྲིད། དུས་ད་ལྟ་ཡང་འདས་པའི་ལོ་ཟླ་དེ་དག་ཕྱིར་ལྡོག་ཆོག་ན་ཅི་མ་རུང་། ཁྱེད་ཚོས་ང་ལ་ཁྱོད་ནི་ཕུགས་བསམ་མེད་པའི་མི་སྒྱིད་ལུག་ཅིག་རེད་ཟེར་ན་ཐང་མོད། ངས་འདི་ནི་ཆུང་དུས་ཀྱི་རང་ཉིད་ལ་ཕྱིར་དྲན་བྱས་པ་ཡིན་ཞེས་མིག་ཆུ་བདེན་དཔང་གི་ཚབ་ཏུ་གཏོང་ཆོག

དབྱར་ཟླ་བདུན་པར། བདག་གིས་རི་ལུང་ཀུན་ལ་སྐྱེས་པའི་ཡིད་འོང་གི་མེ་ཏོག་མང་པོ་ཞིག་སེར་སྣ་སྤུ་ཙམ་ཡང་མེད་པར་སྤར་མོ་གང་རེ་བཏུས་ཏེ་གནམ་ལ་མཆོད་ཅིང་། གླིང་བུ་མེ་ཏོག་གི་ཕོན་པོ་ཁ་ཆུས་བརླན་ཧྲུལ་ཏུ་བཏང་ནས་ས་ལ་གང་འདོད་དུ་གཡུགས་བཞག མ་རབས་ཀྱི་སྤྱོད་པ་དེ་དག་ངས་ད་དུང་སྔར་བཞིན་ཡང་ཡང་དུ་བསྟན་འདོད། ཁྱེད་ཀྱིས་ཤོད་དང་། ང་རང་སྒེར་སེམས་ཆེ་བས་ལན་སོང་བ་ཡིན་ནམ། ཡང་ན་ཆུང་དུས་རང་ཉིད་ལ་དབང་བའི་རང་དབང་གི་འཇིག་རྟེན་དེ་དྲན་པ་རེད།

མཚན་མོར་མ་རྗེས་ལ་མ་མངགས་པར་རྡང་ཐག་ལ་བཏགས་པའི་བེའུ་དེ་དག་ལ་ངས་དོན་མེད་དུ་རྩིབ་རྡོ་བརྒྱབ་ཅིང་། རྫིང་འདམ་གྱི་ཁྲོད་དུ་རྩེད་རྡང་ལ་བཏགས་པའི་ལུ་གུ་དེ་དག་གི་མཆུ་ཡང་རྩེད་མཚར་དུ་བསམས་ཤིང་བསྡམས་ནས་གསོད་ལ་ཁད་བྱས། ཚུར་ལ་ཞེ་འཁོན་གྱི་དྲི་མ་སྤུ་ཙམ་ཡང་མེད་པའི་དྲང་བདེན་གྱི་སྲོག་ཆགས་དེ་ཚོ་ད་བར་ལྷག་ཏུ་དྲན་སོང་། ངས་དེ་ཚོ་དྲན་ཐེངས་རེར། གཡས་གཡོན་གྱི་ས་སྐེ་རྡོ་མཆུ་ཐམས་ཅད་ཀྱང་དྲན་ཡོང་བས། ཞོར་ནས་རང་ཉིད་ཆུང་དུས་ཀྱི་གཤིས་ཀ་ངོ་མ་དེ་ཡང་རྙེད་སོང་།

ནམ་ཟླ་སྟོན་ལ་ཐུག་དུས། རི་ལུང་ཀུན་ལ་རག་རྩི་བྱུགས་པ་ལྟར་སེར་ལྟེམ་མེར་ཆགས་ཤིང་། སྐབས་དེར་དབྱར་གཞུང་ལྟ་བུའི་དྲག་ཆར་ཆེན་པོ་དེ་ཙམ་འབབ་རྒྱུ་མེད་པས། ལྷས་མཐར་བརྡལ་བའི་ལྕི་བའི་ཐང་མ་ཡང་བསྐམས་ཐག་ཆོད་ཅིང་།ལག་པས་རག་ཙམ་བྱེད་དུས་ལྡུམ་ལོ་རླུང་གིས་འཁུར་བཞིན་པ་ལྟ་བུའི་སིལ་སྒྲ་ཞིག་ཀྱང་གྲག་འོང་། དྲན་པའི་མཁར་གྱང་གི་ངོས་སུ་ལྡེབས་རིས་བཞིན་གསལ་འོང་བ་ནི་ལོ་རེའི་སྟོན་ཁར་བལ་འབྲེག་པའི་ཉིན་དེ་དག་རེད། འབྲོག་པའི་བྱིས་པ་ཚོས་ལོ་རེར་ཛ་དྲག་ཆེ་བའི་རྩེད་རིགས་ཤིག་ལ་རེ་སྒུག་བྱེད་པ་ནི་སྟོན་ལུག་གི་བལ་འབྲེག་སྐབས་ལུག་རྒྱུག་གཤིབ་རྒྱུ་དེ་རེད། ང་ཡང་དེ་བཞིན་དུ་མི་ལ་ལས་ལུག་རྭ་ནས་བཟུང་སྟེ། ལ་ལས་ང་རང་ལུག་གི་གོང་དུ་ཕུད་དེ་ཐེངས་མང་པོར་བརྒྱུགས་མྱོང་། མཚམས་རེར་ས་ལ་ལྷུང་སྟེ་ཡན་ལག་ན་ཟུག་བསྐྱེད་ཀྱང་རྩེད་མོ་དེར་སུན་སྣང་དང་སྐྲག་སྣང་ཡེ་ནས་སྐྱེས་མ་མྱོང་།

བར་སྐབས་འདིར། ངས་འདས་པའི་ལོ་ཟླའི་ཁྲོད་ཀྱི་བདག་གི་སྣང་བརྙན་ལ་ཕྱིར་འདང་རྒྱག་བཞིན། སྔོན་ཆད་དྲན་མ་མྱོང་བའི་བྱ་བ་ཞིག་གཉེར་བཞིན་ས་ཆ་ག་གེ་མོ་ཞིག་ལ་བསྡད་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།