ཀྲུང་གོ་བོད་ཀྱི་དྲ་བ།

གཡག་རོག་རོག་ཅིག་གི་སེམས་གཏམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ངྷ་ན་ཀོ་ཤ   སྤེལ་དུས། : 2021-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“མཐོ་སྒང་གི་གྲུ་གཟིངས”ཞེས་བརྗིད་ཉམས་ལྡན་པའི་མིང་བྱང་དེ་གསོལ་བ་ནས་བཟུང་། ངས་མིང་དེར་འགན་འཁུར་བའི་ཀུན་སློང་གཙང་མ་ཞིག་སེམས་སུ་བསྒོས་ཤིང་སྟོབས་ཤུགས་འཕར་མ་ཞིག་ལུས་ལ་བསྣན་ཏེ། ལྗིད་རྫོབ་ཆེ་བའི་དངོས་ཟོག་ཕོན་ཆེན་ག་འདྲ་ཞིག་རྒྱབ་ལ་བཀལ་རུང་འཁང་རའི་འཁུན་སྒྲ་ཙམ་ཡང་མ་ཕྱུང་པར“རྭ་བསྙལ་བསྙལ་དང་ལྕེ་བསྣར་བསྣར”གྱིས་ནུས་པ་གང་ཡོད་སུག་བཞིར་ཕབ་ནས་མཐོན་པོ་རི་དང་། དམའ་མོ་གཤོང་། ཆུ་ཆེན་སོགས་འཕྲེད་ཀྱིས་བཅད་དེ་ནག་རིལ་རིལ་གྱི་མིག་རས་རྒྱང་རིང་ནས་རྒྱང་རིང་དུ་བསྲིངས།

སྐབས་དེ་དག་ཏུ་ཙག་བསེར་བུས་ཁ་ངོ་འབྲད་ཅིང་རྡོ་གཡའ་མས་རྨིག་མཐིལ་གཙབས་པ། ཤིང་སྐྱེར་བས་སྦོ་རྩིད་འབལ་ཞིང་སྦྲང་ནག་པོས་ཤ་ཁྲག་བཞིབས་ཀྱང་། ངས་བཟོད་བསྲན་གྱི་དབུགས་ཐག་རྒྱུ་མར་མདུད་དེ་འུར་རྡོའི་བཀོད་འདོམས་ཇི་བཞིན་མདུན་ཕྱོགས་ནས་མདུན་ཕྱོགས་སུ་བསྐྱོད་པའི་གོམ་འགྲོས་ལ་ལྷོད་གཡེང་ཡེ་ནས་མ་བཏང་།

ཡིན་ནའང་། ཚན་རྩལ་གྱི་འཕེལ་ཁ་རྒྱ་མཚོའི་རླབས་སྒྲ་དང་འགྲོགས་ཤིང་དཔལ་འབྱོར་གྱི་འགྲན་རྩོད་ཉ་མོའི་འཁྱུག་འགྲོས་སུ་བསྡེབས་པའི་དུས་དེ་རིང་།“མཐོ་སྒང་གི་གྲུ་གཟིངས”ཞེས་བརྗིད་བག་ལྡན་པའི་མིང་བརྡ་དེ་ནི་འདས་སོང་གི་ལོ་རྒྱུས་ཙམ་དུ་གྱུར་ཏེ་ངའི་ཤ་ཁྲག་གདོས་བཅོས་ལུས་ཀྱི་ཕུང་པོ་ཡང་དཔལ་འབྱོར་གྱི་ཚོང་རར་འཕུར།

དེ་ནི་མ་གཞི“མ་ཎི་དབྱངས་ལ་གྱེར་ཞིང་གསང་སྔགས་ཁྲོམ་སྒྲོག་བྱེད་པ”ཡི་དུས་སྐབས་འདིར་ངའི་ཀོ་མཐུག་ཅིང་ཤ་མངར་བའི་གསང་བ་ཐམས་ཅད་ཀྱང་སྟོད་ཛ་ཏིའི་མེ་ཏོག་རྣམ་པར་བཀྲ་བའི་ཞིང་ཁམས་ནས་སྨད་མཛངས་མས་ཟ་འོག་ཐགས་སུ་བསྐྲུན་པའི་རྒྱལ་ཁམས་ཀྱི་བར་དུ་ཁྱབ་པས། ངའི་ཕྱིའི་གནག་སྣུམ་བཀྲག་མདངས་ལ་མིག་ཞགས་འཕེན་མཁན་གྱི་འགོང་པོ་ལག་བཟེད་སྐོར་ཞིག་འགབ་ནས་ཆས་ཤིང་། ངའི་ནང་གི་འཚོ་བཅུད་ཚིལ་ཞག་ལ་འགྲམ་ཆུ་ལྡང་བའི་སྤྱང་ལྟོགས་ཁྱུ་ཞིག་གདོང་ནས་བུད་དེ། ངའི་བློ་བདེ་ཞིང་བག་ཕེབས་པའི་ལྷིང་འཇགས་ཀྱི་འཇིག་རྟེན་གཞི་ནས་དཀྲོགས།

ཞིབ་ཏུ་སེམས་ན་ཅི་ཁག ང་ནི་རི་མཐོ་ཞིང་ས་གཙང་བ་ཆུ་མོའི་ཤག་སྒྲ་གསལ་བའི་ཡུམ་ཆེན་ཏེ་མདོ་དབུས་མཐོ་སྒང་གི་ལྷུམས་སུ་ཞུགས་པའི་ཚེ་སྲོག་ཅིག་ལགས་པས། གཡའ་དག་པའི་ནམ་མཁའ་ནི་ང་ཡི་སེམས་པ་དང་འདྲེས་ཤིང་ཁོད་ཡངས་པའི་རྩྭ་ཐང་ནི་ང་ཡི་བློ་གཤོག་ཏུ་བརྐྱངས་ཡོད། དེ་ལས་ཀྱང་ཁ་བ་བུ་ཡུག་གིས་ང་ལ་སྤོབས་པ་བསྩལ་ཅིང་ཆར་རྒྱུན་ཟིམ་ཟིམ་གྱིས་ང་ཡི་གཤིས་ཀ་བརླན་ཡོད་པར་མ་ཟད། གངས་ལྷ་མེ་ཏོག་ང་ཡི་བཟའ་ཆས་སུ་འཁྲུངས་ཤིང་གངས་ཆབ་ཟེགས་མ་བདག་གི་བཏུང་བ་རུ་འཁྱིལ་ཡོད་ཙང་། ངའི་ཕྱིའི་གྲ་མཉམ་པའི་སྤུ་རྩེ་ནས་ནང་རྒོད་གཡེར་པོའི་སྙིང་རྩིད་བར་གྱི་རྩ་ལམ་ཐམས་ཅད་ན་རྒྱུ་བའི་ཟུངས་ཁྲག་ནི་དྭངས་གཙང་གི་སྨན་རྟ་ཡིན་ལ། ངའི་ཅོར་ཅོར་རྣ་རྩེ་ནས་འཇོལ་འཇོལ་རྔ་མའི་བར་ཏེ་ལུས་ཀྱི་ཁྱུད་མོའི་ཤ་རུས་པགས་གསུམ་ནི་སྔོ་དཀར་པོ་ཆིག་ཐུབ་འབའ་ཞིག

དེ་ཡང“ཁ་ཡག་ལ་དཀྲིས་ནས་མགོ་འོག་ཏུ་སྡུད་པ”སྟེ་ལྷ་གསོན་པོའི་ཞལ་གཟིགས་བསྟན་ནས་བདུད་ནག་པོའི་ཆོ་འཕྲུལ་རྒོད་པའི་དུས་རབས་གང་དུ། ས་ཆེན་པོ་ཁྱུར་མིད་བྱས་ཀྱང་ངོམ་པ་མེད་པར་སྲེད་མིག་རིག་རིག་བསྒྱུར་པའི་མི་སྲིན་དེ་དག་གིས་འཛེམ་བག་མེད་པར་ངའི་བསྟི་གནས་གཡང་གི་ར་བ་སླག་ཧྲུལ་གཤགས་གཤགས་དང་ངའི་རྒྱབ་རི་ཡུལ་ལྷ་གསོན་པོ་རི་དྭགས་བདས་བདས་བྱས་པས། ངའི་རྐང་ལག་འཇོག་ས་རྡོ་ཟེགས་ཀྱིས་ཁེངས་ཤིང་ངའི་བྲང་གཞུང་གླན་སའི་བསང་ཕོར་འཁྱགས་ཡོད།

སྐབས་དེ་དང་བསྟུན། མི་སྲིན་གང་ཞིག་གིས་ཤ་སྦྲིད་པའི་སྲིན་ལག་ངའི་ཡ་ཆུང་དུ་བརྐྱངས་ཤིང་རུས་གཟེར་བའི་རྡོག་སྣེས་ངའི་མ་ཆུང་མནན་འོང་ངམ། ཞེས་ཚོད་ཚོད་ལ་རྩ་གྲིམ་པའི་དོགས་སྣང་བྲེད་བྲེད་ཅིག་གིས། ངས་རྩྭ་ཁམ་རེའི་བར་ནས་ཞེད་སྣང་གི་ངུར་སྐད་རེ་ཕྱུང་པ་དང་ཆུ་ཧུབ་གང་རེའི་མཚམས་ནས་བག་ཟོན་གྱི་མགོ་བོ་རེ་དགྱེ་བ་སུ་ཞིག་གིས་ཚོར་ཡོད་དམ།་་་་་་

ཨ་ཙི། ཐོན་ཐལ། ངའི་ལྷན་སྐྱེས་ཀྱི་ཚོར་བ་གཡེར་པོ་དེ་ནི་ཅི་འདྲའི་སྐྱེན་པ་ལ། དྲན་པ་ཙམ་གྱིས་ངའི་ལས་དབང་ལ་འགྱུར་བ་གཏོང་བའི་མི་ཡུལ་གྱི་གཤིན་རྗེ་ལས་མཁན་དེ་དངོས་སུ་ཐོན་ཐལ། དེ་ནི་སྟོན་བསེར་གྱིས་སྡོང་ལོ་ཁུར་ཅིང་གཙང་ཆབ་ལ་འགྲམ་དར་ཆགས་མགོ་ཚུགས་པའི་སྟོན་ཟླ་ཐ་མའི་ཉིན་ཞིག་རེད། ཉིན་དེར། ངའི་བདག་པོས་མི་ཡུལ་གྱི་གཤིན་རྗེའི་བཀའ་ཤོག་ཐེལ་ཙེ་མ་སྟེ་མཐུག་པོར་བརྩེགས་ཤིང་དམ་པོར་བསྡམས་པའི་ཤོག་སྒོར་རས་ཐུམ་མའི་ཟིལ་ཤུགས་མ་བཟོད་པར། ཁིས་ཉག་ག་ཁོ་ཐག་ཆོད་ས་རུ། ངའི་རྣ་ཐིག་རྩིད་སྐུད་ཁྲ་བོ་རྭ་བར་ནས་ཕབ་ཅིང་ལག་སྒྲོག་ཆ་རུ་ཉག་ཆུང་ལག་ངར་ནས་བཀྲོལ་ཏེ་ཚོང་ཁ་ཕུ་རུང་ནང་ནས་གཏམ་པ་དང་སྦྲགས། ང་རང་གངས་དཀར་ལྷ་མོའི་པང་ཁུད་ནས་བསླུས་ཤིང་བྲེ་སེར་འབྲོང་གི་ཁྱུ་ཚོགས་ནས་བཀར་ཏེ་རྒྱུས་མི་མངའ་བའི་འཇིག་རྟེན་གཞན་ཞིག་ཏུ་བརྫང་པའི་ཆིངས་ཡིག་སྟེང་མིང་རྟགས་བཀོད་པ་དེ་ནི་ཅི་འདྲའི་གདུག་རྩུབ་ཆེ་བའི་བྱེད་ལས་ཤིག་ཨང་།

སོམས་དང་། གླེན་ལྐུགས་དུད་འགྲོ་ཁྱུ་ཞིག་གིས་ཁ་བ་བུ་ཡུག་གདོང་གིས་བསུས་ཤིང་དཔུང་དང་སྟོབས་ཤུགས་སུག་བཞིར་བཅོལ་ཏེ་གདོད་མ་ཉིད་ནས་ཉམ་ཆུང་མི་རིགས་ཤིག་གི་ཚེགས་བླངས་ཤིང་སྲོག་བསྐྱོར་ནས་ད་ལྟའི་བར་འོངས་པ་ལགས་ནའང་། དེ་རིང་ངའི་བདག་པོ་ཕ་དམ་པ་རྒྱུ་ནོམ་གྱི་ཧམ་དྲིས་བསླད་ཅིང་ངའི་རྩེད་གྲོགས་བུ་བཟང་པོ་ཧོལ་རྒྱུག་གི་སྨྱོ་ཆུས་མྱོས་ཏེ་ལས་འབྲས་ཀྱི་རྒྱ་ཤིང་དུམ་བུར་གསིལ་སོང་པས། ངས་དྲང་བདེན་བརྗོད་པའི་གནས་ལུགས་ཀྱི་རྒྱ་རྡོ་ལྗིད་ཏིག་ཏིག་པོ་དེ་ཡང་ས་རུ་གྲིལ།

དེ་ལྟར་སྟོན་སྨུག་ཁྱིམ་ལ་འཐིབས་ཤིང་སྟོན་བསེར་ཁད་ཀྱིས་ལྡང་བའི་སྐབས་དེར། དེ་སྔ་ང་རང་དངངས་སྐྲག་གིས་སྐོར་རྒྱུག་བྱས་ཤིང་དོགས་སྣང་གིས་ཕྱི་མིག་རེ་བགྲད་པ་ནག་ཤིག་ཤིག་གི་གཞུང་ལམ་དུ་ཚར་དངར་དངར་གྱི་དཔུང་སྟོབས་ཀྱིས་ཐོན་པ་ཤར་རླུང་རྟགས་ཅན་ཏེ། ཤར་རླུང་ནུབ་ཏུ་འཐེན་འདྲའི་འཕྲུལ་གྱི་འཁོར་ལོ་དེ་དག་དང་རིགས་འདྲ་བའི་འཁོར་སྒམ་ཞིག་གི་ནང་དུ་འཕངས་ཏེ་ཉིན་ཁར་མཚན་དང་མཚན་ཁར་མགྱོགས་སྦྲན་ནས་སོང་སོང་བའི་ཐ་མར། སྐྱི་གཡའ་བའི་ཁང་བརྩེགས་དུ་མས་སྤྲིན་དཀར་གྱི་བང་རིམ་བརྟོལ་ཞིང་རྣར་གཟན་པའི་མུ་ཅོར་ཚ་བོས་རྒྱ་ལྕུང་གི་སྨྲ་སྒོ་འགག་པའི་ཡུལ་ལུང་ཁྱད་པར་བ་ཞིག་གི་གྲུ་ཟུར་ཏེ། རྡོ་དང་ཨར་འདམ་གྱིས་རྩིག་རྨང་བཏིངས་ཤིང་མདུང་དང་རྣོ་སྐུད་ཀྱིས་ཁ་ཁྱུད་འཐེན་པའི་གཟེབ་དྲ་སྒོ་མེད་ཅིག་ཏུ་འཕངས་སོང་།

དུས་དེ་ནས་བཟུང་། ངའི་ཉི་ཟླ་རྭ་རྩེར་བསྐྱོན་པའི་ཁེངས་རློམ་གྱི་དར་འཕྲུ་རྨང་ནས་འགྱེལ་ལ། ངའི་ས་ཆེན་གོམ་པས་འཇལ་བའི་རྨི་ལམ་དེ་རླུང་གིས་དཀྲོགས་པས། རང་ཉིད་ཀྱང་མཐོན་པོ་གནམ་དང་དམའ་མོ་སའི་སོ་མཚམས་ན་རྒྱུ་བའི་ཚེ་སྲོག་གཉོམ་པོ་ཞིག་ཡིན་པའི་ངེས་ཤེས་གཏིང་ནས་རྙེད་ཅིང་རྟོགས་པ་དབྱིངས་ནས་སད་དེ། རང་ཉིད་ཀྱི་ལས་དབང་ལ་དམོད་མོ་གཏོང་བའི་རྭ་རྩེ་གྱང་ལ་བརྡར།

དེ་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ། གནས་དེ་ག་རུ་སླེབས་ཉིན་ནས། ངའི་ཕྲག་ཏུ་བབས་པའི་འགན་འཁྲི་ནི་ཤ་ཁྲག་གི་མཆོད་པ་མ་ཡིན་པར། ངས་ང་ཚོའི་ཐུན་མོང་མ་ཡིན་པའི་མཛེས་ཤོམ་གྱི་དར་ཆེན་མཁའ་རུ་བསྒྲེངས་ནས་ཐུན་མོང་ཐ་མལ་བའི་ལས་ཏེ་སྤྲེལ་ལད་འཁྲབ་སྟོན་སྣ་ཚོགས་ཀྱིས་ཁོ་བོ་ཅག་གི་ཁ་དོག་ཅིང་ཞབས་ལྡིར་བའི་འགོང་ཁུག་སྟོང་ཤོང་ཁྲ་མོ་ནོགས་ཆིལ་ལིར་བཏང་བ་དེ་ཉིད་རང་རེད།

འོན་ཀྱང་། “གངས་སེང་རོང་དུ་བབས་ན་གཡུ་རལ་ཉམས་པ་དང་བྱ་རྒོད་བྲག་ནས་ཐལ་ན་གཤོག་སྒྲོ་ཟད་པ”ཡི་ཆོས་ཉིད་ཀྱིས། གནས་དེར་ཐོན་ཉིན་ནས་ངའི་ཕྱིའི་ཟིལ་ཤུགས་ཀྱིས་མི་ཚོགས་རྒྱང་ནས་འགུག་པ་དང་ནང་ངུར་སྐད་ཀྱིས་འཛོམས་པོ་འུར་སེ་གཏོང་བའི་མཐུ་ནུས་ཤིག་ཕར་ཞོག ཐ་ན་རང་ལུས་རང་གིས་མི་ཐེག་པར་རྣམ་ཤེས་ཀྱིས་ཡོངས་སུ་འབོར་ལ་ཉེ་བའི་ནད་པ་ཞིག་དང་ཀུན་ནས་མཚུངས་ཕྱིར། ངའི་སྦྱིན་བདག་ནི་ངའི་རིན་ཐང་ལ་དོགས་པ་སྐྱེས་ཤིང་ངའི་བཟོ་ལྟ་ལ་ཞེ་ཡིད་མུག་པའི་འགལ་འདུའི་ཕུང་པོ་ཞིག་སྙིང་ལ་ཞུགས་ཏེ། ཁོང་གི་ཁོང་ན་ལྷབ་ལྷབ་ཏུ་འབར་བཞིན་པའི་སྲོག་རླུང་གི་མེ་ལྕེ་དམར་པོ་དེས། ངའི་མགོ་གཞུག་བར་གསུམ་ལ་གཞོབ་དྲི་འཐུལ་བའི་མནར་གཅོད་ཚད་མེད་པ་རེ་གཏོང་ཐེངས་རེར། ངས་རང་ཉིད་ཀྱང་འཇིགས་རྔམ་ཆེ་ཡང་ཚོར་ཤེས་མེད་པའི་ས་མཚམས་ཀྱི་རྡོ་སྐུ་དེ་དག་ཡིན་ན་བསམ་བྱུང་།

རེད་དེ། ང་རང་འདི་ལྟར་རྒྱུས་མེད་པའི་ཡུལ་ལུང་སྐམ་པོ་ཞིག་ནས་དབྱར་དྲུག་པ་མ་ཡིན་ཀྱང་ཚ་གདུག་གི་རླངས་པ་ལྷོག་ལྷོག་འཕྱུར་པའི་ལྕགས་ཁང་ཁ་རུབ་ཅིག་ཏུ་མནར་གཅོད་ལྕགས་བསྲེགས་མའི་འཇིགས་སྐུལ་འོག་གསོན་ནས་འདུག་པ་ལས། རང་ས་རང་ཡུལ་ཏེ་གངས་དཀར་རི་བོའི་འདབས་རོལ་ཏུ་སྤང་ཡངས་པོར་སྒལ་བ་བསྙེས་ཤིང་གནམ་སྔོན་པོ་རྐང་པས་བཀྱགས་ནས་སྦྲ་ནག་པོའི་སྒྱེད་པུ་དམར་གྱིས་མཆོད་དགོས་རུང་ཁ་མོས་ཞེ་མོས་ཡིན། ཐ་ན་ང་རང་སྐེར་ལྕགས་ནག་བསྐོན་ཅིང་ལུས་དར་ཚོན་གྱིས་ཤན་པ་ཡར་འབྲོག་གཡུ་མཚོའི་འགྲམ་གྱི་འབྲོག་ཁྱི་རྒྱ་དམར་དང་། ཡང་ན། རྒྱབ་ལ་སྒ་སྟན་ཁྲ་བོ་བསྟད་ཅིང་དཔྲལ་བར་དར་ལིང་དམར་པོ་བཏགས་པ་ཉི་ཟླ་རི་བོའི་སྐེད་ཀྱི་འབྲོང་གཡག་དཀར་དཀར་ཡིན་ཡང་རུང་སྟེ། དེ་དག་གིས་ཀྱང་ལུས་ལྷ་རླུང་ལ་བསྐུར་ཞིང་དགྲ་ལྷ་མཚོན་ཁར་བཞག་སྟེ་གཞན་དབང་གི་སྣ་ཐིག་དམ་ལྷོད་བར་ན་ཚེ་སྲོག་གི་དབུགས་ཐག་རྟ་རྔ་ཙམ་རེ་གཏོང་ལེན་བྱེད་ཀྱིན་ཡོད་པ་བདེན་དུ་ཆུགས་ཀྱང་། ཁོ་ཚོས་ཆེས་མ་མཐར་ཡང་རྩམ་དྲི་འཐུལ་བའི་དྭངས་གཙང་གི་ཁ་དབུགས་རེ་རྔུབ་ན་ཆོག་གོ། །

གང་ལྟར། ངའི་ཚེ་མཇུག་ལས་ཀྱི་བསྐོས་ཐང་སྟེ་ལེ་དབར་སྟོང་གིས་ཆོད་པའི་ས་མཐར་ལྷུང་བ་ནས། ལས་འབྲས་ཀྱི་མིག་དབང་ལྡོངས་ཤིང་འདོད་ཞེན་གྱི་ཕྱག་མཛུབ་རིང་བའི་ལྷ་ཀླུ་འདྲེ་གསུམ་གྲོགས་སུ་བསྡེབས་ཏེ་ངའི་མགུལ་ནས་འཁྱུད་ཅིང་ལུས་ལ་འཐམ་འཐམ་པས། ངའི་ཕྱི་ནག་རོག་རོག་གི་བཀྲག་མདངས་ཡོངས་སུ་ཉམས་ནས་ང་རང་ཝ་མིན་སྤྱང་མིན་སྐྱ་རོག་སེ་ཞིག་ཏུ་བཏང་ཟིན་ན་ཡང་། ངའི་ནང་སེར་ལམ་ལམ་གྱི་གདོད་གཤིས་ཚིལ་ལུ་མ་བོས་ནམ་ཡིན་ཡང་མཐོ་སྒང་གི་རྣམ་ཤེས་ཏེ་གཡག་རོག་རོག་ཅེས་པའི་ཐ་སྙད་ཀྱི་ཕྱི་ཐག་བསྲུངས་ནས་ཡོད།

ལོ་ཡི་འཁོར་མོར། ངས་གངས་དཀར་ལྷ་མོའི་ཟུངས་ཁྲག་སྟེ་བསིལ་བསིལ་གྱི་ཆུ་རྒྱུན་མ་ཡིན་པའི་ཀོ་མོག་ཆུ་འཁྱིལ་དང་གངས་དཀར་ལྷ་མོའི་ཤོམ་ལྭ་སྟེ་མཉེན་མཉེན་གྱི་རྩི་ཏོག་མ་ཡིན་པའི་འདམ་རྩྭ་བསྟེན་བསྟེན་པས་ཟས་ཀྱི་ཡི་ག་གཏིང་ནས་འཆུས་ཤིང་ལུས་ཀྱི་ནུས་པ་གཞི་ནས་ཟད་དེ། ད་ལྟ་ང་ནི་འཁྱག་ལྟོགས་ཀྱིས་མནར་བའི་སྲང་ཁྱི་ཞིག་ལའང་མི་དོ་བའི་ཚུལ་དུ་ཡོད་ན་ཡང་། ངས་གངས་དཀར་པོའི་ཞལ་ངོ་ལན་ཅིག་མཐོང་བ་དང་ཆུ་དྭངས་མོའི་ཞིམ་ཤ་ཐེངས་ཤིག་མྱོང་བའི་རེ་སྨོན་རུམ་གང་ཁོག་ལ་ཉར་ནས་རྐང་འོག་ཏུ་བསྣོས་པའི་ལྡུམ་ལོ་དང་གད་སྙིགས་སུ་བསྲེས་པའི་སིལ་ཤུན་སོགས་ཀྱང་ཚེ་སྲོག་གི་རྒྱུན་ཐག་བསྲིངས་པའི་སྣོན་མ་རུ་བསྒོམས་ཏེ་ལྕེ་སྣེར་སྟོབས་ཀྱིས་བླངས་ཤིང་མིད་པས་ཤུགས་ཀྱིས་མིད་ཀྱིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།