《སྲིད་པའི་ཆོས་འབྱུང》ཞེས་པའི་དེབ་ཀྱི་འོས་སྦྱོར་ཞུ་ཚིག

སྲིད་པའི་ཆོས་འབྱུང་ཞེས་པ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་དཀར་ཚེ་དཔལ་སྟོབས་ལྡན་གྱིས་བརྩམས་པ་ཞིག་རེད།

ཆོས་འབྱུང་འདིའི་ཀླད་ཀྱི་གཏམ་དུ། རྩོམ་པ་པོས“ཆོས་འབྱུང་འདིར་ཁོ་བོས་གནའ་རབས་རུས་རྒྱུད་ཚོ་བའི་ཆོས་ལུགས་ལས་མགོ་ཚུགས་ཏེ། ཨེ་ཇིབ་ཆོས་ལུགས་དང་བྷ་པུ་ལེང་ཆོས་ལུགས། སྟག་གཟིག་ཆོས་ལུགས། གྷི་རིག་ཆོས་ལུགས། རོམ་གྱི་ཆོས་ལུགས། བོན་གྱི་ཆོས་ལུགས། ཏོོ་ཟིའི་ཆོས་ལུགས། ཡ་ཧུ་དའི་ཆོས་ལུགས། བྲམ་ཟེ་ཆོས་ལུགས། སངས་རྒྱས་ཆོས་ལུགས། ཁ་ཆེའི་ཆོས་ལུགས། ཡེ་ཤུ་ཆོས་ལུགས་བཅས་ཆོས་ལུགས་ཆེན་་པོ་བཅུ་གཉིས་བྲིས་པའང་ཆོས་ལུགས་སོ་སོའི་བསྟན་པའི་འཕེལ་རིམ་དང་བཞེད་དགོངས་སོགས་ལ་རྒྱུས་ལོན་ལེགས་པོར་བགྱིས་ཏེ། ཆོས་ལུགས་དད་མོས་མི་འདྲ་བའི་རིགས་ལ་ཁྱད་གསོད་དང་མཐོང་ཆུང་གི་བློ་མི་འཛིན་པར་བསམ་པ་ལགས”ཞེས་གསུངས་ཡོད་པས་ན། བསྟན་དར་ལྷ་རམས་པའི་རྩོམ་པའི་རྣམ་གཞག་ཏུ། བསྟན་བཅོས་རྩོམ་པའི་རྒྱུའི་ཀུན་སློང་དྲུག་གསུང་བའང་འདི་རུ་མ་ཚང་བ་མེད་པ་ཤེས་ཐུབ་པ་ཡིན་ལ། ལྷག་པར་དུ། རྩོམ་པ་པོར་ལྡན་དགོས་པའི་ཡོན་ཏན་བཞི་ལས་སེམས་ཅན་རྣམས་ཀྱིས་དོན་བདེ་བླག་ཏུ་ཤེས་པར་འདོད་པའི་བྱམས་པ་རང་མཆིས་སུ་ལྡན་པ་ཤེས་ཐུབ་པ་ཞིག་ཡིན།

ཆོས་འབྱུང་འདི་རྩོམ་པ་པོས་ལོ་ངོ་མཐོང་བཞིའི་ཡུན་དུ་བྲིས་པ་ཞིག་ཡིན་པ་དང་། ཆོས་འབྱུང་འདི་རྩོམ་པའི་ཕྱིར་དུ་ཆོས་འབྱུང་ལོ་རྒྱུས་དང་ཆོས་ལུགས་རིག་པའི་སྐོར་གྱི་བསྟན་བཅོས་ཉིས་བརྒྱ་དྲུག་ཅུ་ཙམ་གཟིགས་འདུག་པས། དེ་བས་ཁུངས་ཐུབ་འཕེར་ཞིང་། མང་ཉུང་རྒྱས་བསྡུས་རན་པ་ཞིག་ཡིན་པའི་ཆ་ཞིག་ཀྱང་ཤེས་ཐུབ་པ་ཡིན།

ཆོས་འབྱུང་འདིར་བསྡོམས་པས་ཆོས་ལུགས་ཆེན་པོ་བཅུ་གཉིས་བྲིས་ཡོད་པ་ལས། ཡ་ཧུ་དའི་ཆོས་ལུགས་ནི་ཡེ་ཤུ་ཆོས་ལུགས་དང་། ཁ་ཆེ་ཆོས་ལུགས་སོགས་ཀྱི་ཁུངས་དང་ཕྱི་མོར་གྲུབ་པས། ཆོས་ལུགས་འདིའི་ལྟ་གྲུབ་དང་། ཆོ་ག ཉམས་ལེན། ལམ་ལུགས་སམ་འདུལ་ཁྲིམས་ཀྱི་རྣམ་གཞག་ཅུང་ཟད་རྒྱས་པར་བྲིས་འདུག་ལ། ཡེ་ཤུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས། ཏོོ་ཟི་ཆོས་ལུགས་སོགས་ཀྱང་རང་ཅག་ལ་མཚོན་ན་རྒྱུས་དེ་ཙམ་མི་ཟབ་པས་རྩོམ་པ་པོས་ལ་ལ་ཐག་པ་བསྒྲིལ་བ་བཞིན་གྲིམས་ཤིང་། ལ་ལ་ཐང་མ་བརྡལ་བ་ལྟར་བཀྲམ་ཡོད། གཞན། གནའ་རབས་ཨེ་ཇིབ་ཆོས་ལུགས་དང་། གནའ་རབས་བྷ་པུ་ལེང་ཆོས་ལུགས། གནའ་རབས་སྟག་གཟིག་ཆོས་ལུགས། གནའ་རབས་གྷི་རིག་ཆོས་ལུགས། གནའ་རབས་རོམ་གྱི་ཆོས་ལུགས་བཅས་ནི་ཡེ་ཤུ་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ཀྱི་གྲིབ་གཟུགས་ནང་རེ་ཞིག་བག་ལ་ཞ་བའི་ཚུལ་དུ་སྣང་ཡང་། དེ་དག་གིས་བསྐྱེད་པའི་ཆོས་ལུགས་ཀྱི་བག་ཆགས་ནི་སྟོབས་ཆེ་བར་སྣང་བས། འདིར་དེ་དག་ཅི་ཐུབ་ཐུབ་ཀྱི་ཁ་གསལ་ཞིང་གོ་བདེ་མོས་བྲིས་འདུག་པས། ས་པཎ་གྱི་མཁས་འཇུག་ཏུ། བཤད་སླ་བ་དང་གཟུང་བདེ་ཞིང་ཞེས་པའི་ཁྱད་ཆོས་ཀྱིས་ཀྱང་མངོན་པར་རྫོགས་འདུག་སྙམ།

གདོད་མའི་བོན་ནམ་སྲིད་པ་བོན་དང་། དེའི་ཕྱིས་ཀྱི་གཡུང་དྲུང་བོན། མཐའ་མར་རྒྱ་གར་ནས་དར་བའི་སངས་རྒྱས་ཆོས་ལུགས་བཅས་རང་ཅག་ལ་རྒྱུས་ཟབ་པ་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བླངས་པ་བཞིན་གསལ་བ་ལགས་ན། རྩོམ་པ་པོས་ཀྱང་ཆོས་འབྱུང་ཁག་གི་བཞེད་ལུགས་ལ་སྒོ་བསྟུན་ཏེ་ཇི་བཞིན་བཀོད་འདུག དེ་ལས་གཞན། བྲམ་ཟེ་ཆོས་ལུགས་སྐོར་ཡིག་རིགས་གཞན་གྱི་ཐོག་ཏུ་ཤིན་ཏུ་མང་ཡང་། རང་རེར་ཆོས་འབྱུང་དང་གྲུབ་མཐའ། ཚད་མའི་གཞུང་སོགས་སུ་དགག་བྱའི་ཡུལ་དུ་བརྩིས་ཏེ་ཕྲ་ཟ་ཉག་ས་དག་མ་གཏོགས་བཀོད་མེད་པས། བོད་ཡིག་ཐོག་བྲམ་ཟེ་ཆོས་ལུགས་ཅུང་ཟད་མ་ལག་ལྡན་པ་ཞིག་ངོ་སྤྲོད་འདུག་པ་ནི་ཤིན་ཏུ་ལེགས་པའི་གནས་སུ་མཐོང་།

མདོར་ན། ཆོས་འབྱུང་འདིར་ཆོས་ལུགས་སོ་སོར་འབྱུང་བའི་ཐུན་མོང་གི་སེམས་ཁམས་འཁྱེར་སོ་སོགས་ལ་ཅི་ཐུབ་ཀྱིས་གཤིབ་བསྡུར་བྱས་ཡོད་པས། དེ་ནི་རིགས་པའི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་ཅིག་ཏུ་མི་འགྱུར་བའི་ངེས་པའང་མེད་དོ་སྙམ་མོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།