ཀྲུང་གོ་བོད་ཀྱི་དྲ་བ།

《ཁ་བའི་རྒྱལ་ཁམས》ལས་འཕྲོས་ཏེ《ཙན་ཙོ》གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྐྱབས་ཆེན་བདེ་གྲོལ།   སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་འདི་འགར་ལས་བྲེལ་གྱི་བར་ནས་ཁ་བ་བྷ་ཐ་ཡ་སུ་ན་རིའི《ཁ་བའི་རྒྱལ་ཁམས》ལ་རེ་ཞིག་གཡེང་། དེའི་སྔོན་དུ་ཧྲའན་ཞིའི་རྩོམ་མཁན་ཅཱ་ཕེང་ཝ་ཡིས་གསར་དུ་བརྩམས་གྲུབ་པའི་སྒྲུང་རིང《ཙན་ཙོ》(暂座)ཞེས་པ་དེ་བཀླགས།

འདི་ནི་ངས《ཁ་བའི་རྒྱལ་ཁམས》ཀློག་ཐེངས་གཉིས་པ་ཡིན་ལ། ལོ་ཉི་ཤུ་ཡས་མས་ཀྱི་སྔོན་དུ། བསམ་གཏན་པ་ཞིག་གི་རྟོག་པའི་མེ་ལོང་ནང་ཤར་བ་ལྟ་བུའི་ཁ་བའི་ཀློང་གི་ལྷིང་འཇགས་དང་། མིའི་འདོད་སྲེད་ཀྱིས་བསྐྱེད་པའི་མེ་ལྕེ་ཆེན་པོ་དེ་གཉིས་ཆོས་གཅིག་གི་རང་བཞིན་མི་འདྲ་བ་གཉིས་ལྟར་སྒྲུང་ནང་འབྱུང་དུ་བཅུག་པ་དེས་བདག་གི་ཡིད་དབང་ཅིག་ཅར་འཕྲོག་པ་དང་། མེ་འཁོར་ནང་གི་འགྲུལ་བཞུད་དམིགས་བསལ་བ་དེ་ནི་མི་ཚེའི་འགྲུལ་བཞུད་རིང་མོ་དེའི་བསྡུས་གཟུགས་ཀྱང་རེད་སྙམ་པ་བྱུང་། ཁ་བ་བྷ་ཐ་ཡ་སུ་ན་རིའི་སྨྱུག་འོག་གི་མཛེས་པའི་དཔལ་གྱིས་བརྟས་པའི་རྟོག་པའི་ཞིང་ཁམས་དང་བསྡུར་ན། ཅཱ་ཕེང་ཝའི་སྒྲུང་ནང་གི་མངོན་སུམ་གྱི་འཇིག་རྟེན་ནི་རྙོག་མ་བགྲུང་མ་ཐུབ་པར་ལུས་པའི་ཆུ་རྙོག་པོ་ཞིག་དང་འདྲ་སྟེ། དེར་རང་ཉིད་ཇི་ལྟར་དངུལ་དང་དབང་ཤུགས་ཀྱི་བདག་པོར་རློམ་ནའང་། མི་རྟག་པ་དང་རྟེན་འབྲེལ་ཕྲ་མོའི་ཆོས་ཉིད་ཀྱིས་ཡོངས་སུ་བཟུང་བའི་རང་རེའི་སྤྱི་ཚོགས་འདིའི་ནང་སྐྱེ་བོ་ཐམས་ཅད་རང་གཞན་ཀུན་གྱིས་བཟོས་པའི་གཟེབ་ཀྱིས་མནར་བ་དང་། ཕྱི་ཚུལ་མཛའ་བརྩེས་གྲུབ་པར་སྣང་ཡང་ནང་ཁོག་ནི་ཕན་ཚུན་བེད་སྤྱོད་པས་ཟིན་པ། གྲགས་སྐམ་དང་དབང་ཆའི་ཤ་རུལ་བོ་དེའི་ནང་ཉམ་ཐག་པ་དག་ཤ་སྦྲང་བཞིན་འཚང་བ་གསལ་པོར་བྲིས་འདུག

རྩོམ་དེ་མཛེས་རིག་གི་མཐོང་སྣེ་ནས་རྩོམ་སྐད་གསར་པས་གྲུབ་པ་མིན་ལ། རྒྱུ་དང་དབང་ཤུགས་ལ་ཡིད་རྟོན་མི་རུང་བའི་ཆ་མཚོན་བཞིན་རྒྱུ་དང་དབང་ཤུགས་ཀྱིས་བསྐྱེད་པའི་བདེ་བ་དང་ཁེ་གྲགས་ཉིད་བཟང་ཕྱོགས་ནས་མཚོན་པ་ཞིག་ཀྱང་རེད་འདུག

རྩོམ་རིག་གྲགས་རྩོམ་ཞིག་གི་རིན་ཐང་ནི་ཐེངས་གཅིག་ཀློག་དུས་སེམས་ཉིད་བཟི་བར་བྱེད་པའི་ནུས་པ་ལྡན་པ་དེ་མིན་པར་ཐེངས་གང་མང་བཀླགས་ཀྱང་ཡིད་གཡོ་བར་བྱེད་ནུས་པ་དེ་རེད་སྙམ། དེ་ལྟར་བསམ་ན《ཁ་བའི་རྒྱལ་ཁམས》ནི་ཐམས་ཅད་ཀྱིས་བསྙེགས་ཀྱང་རེ་གཉིས་ལས་སླེབ་མི་ཐུབ་པའི་སེམས་ཀྱི་ཞིང་ཁམས་ཤིག་དང་འདྲ་ལ། 《ཙན་ཙོ》ནི་སྐྱེ་བོ་འདོད་སྲེད་ཅན་ཞིག་གི་ཐུན་གཅིག་གི་རྨི་ལམ་དང་འདྲ། རྨི་ལམ་དེ་ཤོར་བར་སེམས་ཁྲལ་མེད་ཀྱང་ཞིང་ཁམས་དེར་ནམ་ཡང་རེ་སྒུག་བྱེད་པས་རྩོམ་རིག་བརྩམས་ཆོས་དེ་གཉིས་ཀྱི་རིན་ཐང་གི་ཆེ་ཆུང་ཡང་དེ་འདྲ་རེད་སྙམ།

སྤྱིར་ཅཱ་ཕེང་ཝ་སོགས་མངོན་སུམ་རིང་ལུགས་ཀྱི་རྩོམ་པ་པོ་དག་གིས་རང་རེའི་ཉེ་འཁོར་དུ་འབྱུང་བཞིན་པའི་དོན་རྣམས་གཟུགས་བརྙན་དག་རི་མོར་ཕབ་པ་བཞིན་ཇི་བཞིན་དུ་མཚོན་པར་བྱེད་ནུས་ལ། བསྐྱར་མཚོན་གྱི་ལག་རྩལ་དེས་ཁོ་ཚོར་ཡི་གེར་ཁ་ལོ་སྒྱུར་བའི་འཇོན་ཐང་ཆེན་པོ་ཡོད་པ་ཡང་ཤེས་ཐུབ་མོད། ཁོ་ཚོའི་དུས་དང་ཡུལ་གྱི་ལྟ་བ་ནི་མངོན་སུམ་གྱི་ཆོས་ཉིད་དེའི་ནང་ལུས་པས། བརྩམས་ཆོས་སུ་རྩོམ་མཁན་གྱི་རྟོག་པའི་འཇིག་རྟེན་ནམ་མངོན་སུམ་ལས་འདས་པའི་འཇིག་རྟེན་གསར་པ་ཞིག་བསྐྱར་དུ་བཞེངས་ཐུབ་མི་འདུག་ལ། འཇིག་རྟེན་གྱི་མྱོང་བ་ཉིད་བསམ་བློའི་འཇིག་རྟེན་ཞིག་ཏུ་བཟོས་ཏེ་སླར་ཡང་སྒྲུང་གི་རྣམ་པས་འཆད་ཀྱང་ཐུབ་མི་འདུག དཔེར་ན《ཙན་ཙོ》ནང་གི་ཇ་ཁང་དང་གཞིས་ཁུལ། སྨན་ཁང་སོགས་མ་ཟད་མི་སྣའི་གཏམ་རྗོད་དང་བྱ་བྱེད། བསམ་ཚུལ་སོགས་ཐམས་ཅད་འདག་ཆལ་ལྟད་མོ(Soap Opera)ལས་མཐོང་བ་འབའ་ཞིག་ཡིན་པས། རྩོམ་མཁན་ནི་དེའི་ནང་གཡེང་བར་མ་ཟད་དེའི་ནང་གི་འདུ་འཛི་དང་འགྲོགས་མཁན་ཁོ་ན་ཡིན་འདུག

དེ་ལྟར་བསམས་ན་རྩོམ་ནང་གི་འཇིག་རྟེན་ནི་དངོས་ཡོད་འཚོ་བ་ལས་མཐོ་དགོས་ཟེར་བ་དེའི་རྒྱུ་མཚན་ཡང་ངང་ངམ་ཤུགས་ཀྱིས་རྟོགས་འགྲོ་ལ། འདག་ཆལ་ལྟད་མོ་ལྟ་བུའི་སྒྲུང་བརྒྱ་ཀློག་པ་ལས《ཁ་བའི་རྒྱལ་ཁམས》དང་། 《མཁར་རྫོང》ལྟ་བུ་དག་ཡང་ཀློག་བསྐྱར་ཀློག་བྱས་ན་ལེགས་པའི་གནས་ལུགས་ཀྱང་རྟོགས་སྲིད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།