ཀྲུང་གོ་བོད་ཀྱི་དྲ་བ།

དྲི་བ་གསར་པ་དང་བརྗོད་གཞི་གསར་པ། མཐོང་སྣེ་གསར་པ་ཇི་ལྟར་རྙེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྒར་བ་ཚེ་བཀྲ།   སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལར་ཡིག་ཆ་རྙིང་པ་ལ་དཔྱད་རྒྱུ་ཤིན་ཏུ་གལ་ཆེ་ཡང་། ཡིག་ཆ་རྙིང་པ་ལས་གནད་དོན་རྙིང་པ་རྐྱང་རྐྱང་གླེང་བསྡད་ན་མི་འོས་ཤིང་། ལྷག་དོན་སྤྱི་བྱེ་བྲག་གི་དམིགས་འབེན་ཆེན་པོ་མེད་པའི་ཁར། གནད་དོན་རྙིང་པ་དག་མཐོང་སྣེ་རྙིང་པས་གླེང་བསྡད་ན་དེ་བས་ཀྱང་མི་འོས། རང་རེ་མང་པོ་ཞིག་སྐད་བརྡ་དང་རྩོམ་རིག་ཅེས་པའི་ཆེད་ལས་ཆུང་ངུ་དེའི་ར་བར་ཡོད་ལ། ར་བ་དེས་མི་སོ་སོའི་རྣམ་དཔྱོད་ཀྱི་རྩལ་བཀོལ་ཕྱོགས་ཐད་ཚད་བཀག་ཐེབས་ཡོད་པ་ཁོ་བོས་ཤེས་མོད། ཚད་བཀག་དེ་བརྒལ་མི་རུང་བའི་ས་མཚམས་ཤིག་ཏུ་བརྩི་ག་ལ་རུང་། འོ་ན་ས་མཚམས་ཇི་ལྟར་བརྒལ་ལམ། འདིར་སྐྱེ་ཁམས་རིག་པ་བ་དང་མིའི་རིགས་རིག་པ་བ་ཅཱ་རཱེད•དྷིའ་མོན་དྷྀ(Jared Diamond)ནས་བརྩམས་པའི《མེ་མཚོན་དང་ནད་སྲིན། རྣོ་ལྕགས—འགྲོ་མིའི་སྤྱི་ཚོགས་ཀྱི་ལས་སྐལ》(Guns,Germs,and Steel-The Fates of Human Society《枪炮、病菌与钢铁-人类社会的命运》)ཞེས་པའི་དེབ་འོས་སྦྱོར་བྱེད་པར་བྱ་སྟེ། དེབ་འདིས་རང་ཅག་སོ་སོའི་ཚད་བཀག་ལས་བརྒལ་ཐུབ་རྒྱུ་གལ་ཆེ་ཚུལ་སྟོན་ལ། མ་མཐར་ཡང་རང་ཉིད་ཡོད་སའི་ས་མཚམས་ཞེང་དུ་བསྐྱེད། སྲིད་དུ་བསྲིང་ཅི་ཐུབ་བྱེད་རྒྱུའི་བློ་སྐྱེད་སྩོལ་ནུས་སོ།།

དེབ་འདི་ནི་སྤྱི་ལོ1972ལོར་རྩོམ་པ་པོ་ཁོང་གྷེ་ནེ་ཡ་གསར་མའི་ཡུལ་དུ་འདབ་ཆགས་ལ་བརྟག་དཔྱད་གནང་སྐབས་ས་དེའི་སྲིད་གཉེར་མཁན་ཨཱི་ལཱི་ཞེས་པ་ཞིག་གིས“ཁྱེད་ཚོ་མི་རྒྱུད་དཀར་པོ་དག་གིས་དེ་འདྲའི་ཅ་ལག་འདྲ་མིན་མང་པོ་བཟོ་ཤེས་པར་མ་ཟད་གྷེ་ནེ་ཡ་གསར་མར་སྐྱེལ་ཐུབ་ཀྱི་འདུག་མོད། ང་ཚོ་མི་རྒྱུད་ནག་པོ་དག་ལ་ནི་ཐ་ན་རང་གིས་བཟོས་པ་ཞིག་ཀྱང་ཧ་ལམ་མེད་དོན་ཅི་ཡིན་ནམ།”ཞེས་དྲི་བ་བསྐྱོན་པར། ཁོང་ནས་སྐབས་དེར་ལན་འདེབས་མ་ཐུབ་ཅིང་། ལོ25འགོར་རྗེས་གོང་གསལ་དྲི་བ་དེར་ལན་བསྐྱོན་པའི་ཚུལ་དུ་མཛད་པའི་དེབ་ལེའུ་བཅུ་དགུའི་བདག་ཉིད་ཅན་ཞིག་རེད་འདུག་ལ། བཅོས་སྣོན་པར་མའང་རྒྱ་ཡིག་ཏུ་ཡོངས་སུ་བསྒྱུར་འདུག

དེང་སང་འགྲོ་བ་མི་ནི་ཡུལ་ཨ་ཧྥེ་རི་ཀ་ནས་མེས་པོ་གཅིག་ལས་ཆད་པ་དང་། ལོ་ངོ་མང་པོའི་འཕེལ་འགྱུར་ལས་མི་རྒྱུད་དཀར་ནག་དམར་སེར་གྱེས་ཏེ་ཕྱི་སྐྱི་མོ་དང་སྤུ་མདོག ནང་རུས་སྒྲོམ་གྱི་ཆེ་ཆུང་དང་མིག་ཟུང་གི་ཁ་དོག་ཙམ་ལས། ལྷན་སྐྱེས་སུ་ཡོད་པའི་ཤེས་རབ་ཀྱི་ཆེ་ཆུང་དང་། ལུས་སྟོབས་ནི་ཧ་ལམ་གཅིག་པ་གཅིག་རྐྱང་གི་ཚུལ་དུ་ཡོད་པར་སྐྱེ་ཁམས་རིག་པ་བ་ཆ་ཚང་དགོངས་པ་མཐུན། འོ་ན་རྒྱལ་ཁབ་དང་མི་རིགས་ལ་ཤས་ཀྱི་ཤེས་རིག་ཤིན་ཏུ་དར་བ་དང་། ལ་ཤས་ཤིན་ཏུ་རྗེས་སུ་ལུས་ཏེ། དེང་སང་ཡང་ད་དུང་རྡོ་ཆས་དུས་རབས་ཀྱི་སྤྱི་ཚོགས་ལྟར་གནས་དོན་ཅི་ཡིན་ནམ། སྒོས་སུ་རྩོམ་པ་པོས་གནས་སྟངས་འདི་སྤྱི་ལོ1500ལོའི་སྐབས་ཀྱི་རྒྱལ་ཁབ་དང་ཡུལ་གྲུ་ཁག་གི་བར་གྱི་ཧེ་བག་ལ་གཞིགས་ནས་དེ་ལྟར་ཡིན་དོན་ལ་དྲི་བ་དྲིས་ཏེ། ཨཱི་ལིའི་དྲི་བ་དེ་ད་དུང་ཇེ་ཆེར་བཏང་ནས་དྲིས་པར།ཁོང་གིས་གནད་གཅིག་རྙེད་པ་ནི། རྒྱབ་ཁབ་གང་ཡིན་ལ་མ་ལྟོས་པར་ཡོ་རོབ་དང་ཨེ་ཤ་ཡའི་གླིང་དུ་ཆགས་པའི་འགྲོ་མིའི་སྤྱི་ཚོགས་དག་ནི་གླིང་ཆེན་གཞན་དུ་གནས་པའི་འགྲོ་མིའི་སྤྱི་ཚོགས་དག་ལས་ཚན་རྩལ་དང་རིག་གནས་ཐད་ནས་ཤིན་ཏུ་དར་ཡོད་པར་མ་ཟད། ཉེ་རབས་སུ་སླེབས་རྗེས་སྔར་བས་དར་བར་གྱུར་འདུག་པ་དེ་རེད། དེའི་རྒྱུ་རྐྱེན་ལ་དཔྱད་དཔྱད་མཐར། རྩོམ་པ་པོས་ད་གཟོད་དེབ་འདིའི་ཁ་བྱང་དུ་བྲིས་པ་ལྟར། མེ་མཚོན་དང་ནད་སྲིན། རྣོ་ལྕགས་གསུམ་ལ་རག་ལས་འདུག་པ་ཤེས་ཤིང་། དེ་ཡང་ཡོ་རོབ་དང་ཨེ་ཤ་ཡའི་གླིང་དུ་དེ་གསུམ་ཡོད་ཆོག་པའི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་རྟོགས། རྒྱུ་མཚན་དེའི་རྐྱེན་གྱིས་གླིང་ཆེན་གཞན་དུ་ཡོད་པའི་འགྲོ་མིའི་སྤྱི་ཚོགས་ནང་ཇི་ལྟ་བུའི་མི་སྤྱང་པོ་དང་མཛངས་པ་ཡོད་ནའང་ཐོན་ཁུངས་དེ་དག་མ་ཚང་བ་ཡིན་ན་ཡོ་ཨེ་གླིང་གི་སྤྱི་ཚོགས་ལྟར་ཡར་དར་འབྱུང་མི་ཐུབ་པར་བཞེད།

དེ་ལ་ཤེས་རིག་དར་དགོས་ན། ཐོག་མར་ལྟོ་རྒྱབ་ཀྱི་གནད་དོན་ཐག་ཆོད་དགོས་པ་ནི་སྔོན་འགྲོ་ཡིན་པས། འབྲུ་རིགས་འདུལ་སྦྱོང་གི་དུས་ཚོད་ལ་བལྟས་ན། གནམ་གཤིས་དང་ས་བབ་ཀྱི་ངོས་ནས་ཡོ་ཨེ་གླིང་དུ་འབྲུ་རིགས་སྣ་མང་པོ་ཕོན་ཆེར་སྐྱེ་བའི་ཆ་རྐྱེན་ལོངས་པས་ན། ཞིང་ལས་ཆེས་སྔ་མོ་ནས་དར་བས། ཤེས་རིག་ཡང་སྔ་མོ་ནས་དར་བའི་རྨང་གཞི་གྲུབ་ཟེར། དེ་ནས་སྲོག་ཆགས་འདུལ་སྦྱོང་གི་གནས་བབ་ལ་བལྟས་ན། རྟ་དང་གླང་། རྔ་མོང་སོགས་འོ་འཐུང་སྲོག་ཆགས་ཆེ་གྲས་རིགས་ཀྱི་འདུལ་སྦྱོང་ནི་ཆེས་ཤིན་ཏུ་གལ་ཆེ་བར་འདུག་སྟེ། གཅིག་ནས། ལྟོ་རྒྱབ་ཀྱི་གནད་དོན་ཐག་ཆོད་ངེས་པར་མ་ཟད། ཡུལ་ལུང་ཚོ་སྡེ་ཕན་ཚུན་བར་འབྲེལ་རེས་བྱེད་སླ་བའི་མཐུན་རྐྱེན་གྲུབ་ཅིང་། རྟ་ལ་བརྟེན་ནས་གཡུལ་འགྱེད་ཀྱི་སྟོབས་ཤུགས་ཇེ་ཆེར་བླ་ལྷག་ཏུ་ཕྱིན་པས། སྲིད་འབྱོར་སྔར་བས་དར་བའི་བདག་རྐྱེན་དུ་གྱུར། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་སྒོ་ཕྱུགས་འཚོ་སྐྱོང་གི་གོ་རིམ་ཁྲོད་ནད་རིགས་ཆེ་ཆུང་འདྲ་མིན་མིའི་རིགས་ལ་འགོས་ཤིང་སླར་དྲག་སྐྱེད་བྱུང་བར་བརྟེན། མིའི་ལུས་ཀྱི་ནད་འགོག་གི་ནུས་པ་ཇེ་ཆེར་འགྱུར། དཔེར་ན། ནོར་གྱི་རིགས་ལས་འབྲུམ་རིགས་དང་གློ་བའི་ཚ་ནད་མི་ལ་འགོ་བ་དང་། ཕག་དང་ཆུ་བྱའི་རིགས་ལས་གཉན་སྲིན་གྱི་རིགས་མི་ལ་འགོ དེ་བས་སེམས་ཅན་དེའི་རིགས་སྒོ་ཕྱུགས་སུ་གསོས་ཡོད་པའི་སྤྱི་ཚོགས་སུ་ལྟོས་བཅས་ཀྱིས་ནད་ཀྱི་འགོག་ནུས་ལུས་པོར་གྲུབ་ཡོད་ལ། ནད་ཕོག་ནའང་འཆི་ངེས་ཅན་མིན་ཟེར། ཕྱོགས་འདི་ནས་བལྟས་ཚེ། ཨ་ཧྥེ་རི་ཀ་དང་མེ་གླིང་དུ་འདུལ་དུ་རུང་བའི་རྟ་དང་ནོར་མེད་ལ། སྒོ་ཕྱུགས་གལ་ཆེན་རིགས་འདི་གཉིས་མེད་པས། གཅིག་ནས་སྲིད་འབྱོར་རིག་གསུམ་རྒྱ་ཆེར་དར་བར་སྔོན་འགྲོ་གལ་ཆེན་དུ་གྲུབ་པའི་འགྲིམ་འགྲུལ་རྗེས་སུ་ལུས་ཤིང་། གཉིས་ནས་སྲོག་ཆགས་འདི་རིགས་ལས་མི་ལ་འགོ་བའི་ནད་རིགས་མེད་པས།སྲིད་འབྱོར་རིག་གསུམ་འཕེལ་བའི་འགྲོས་ཤིན་ཏུ་དལ་ལ། མིའི་ལུས་པོར་ནད་འགོག་གི་ནུས་པའང་རང་བཞིན་གྱིས་ཉུང་བར་འདུག དེའི་ཕྱིར། སྐབས་དེ་དུས་ཡོ་ཨེ་གླིང་གི་མི་རྣམས་ཀྱི་ནད་འགོག་ནུས་པ་ཨང་དང་པོ་དང་། ཨ་ཧྥེ་རི་ཀ་གླིང་གཉིས་པ། མེ་གླིང་མཐའ་མ་ཡིན་ཟེར་ལ། འགྲིམ་འགྲུལ་དང་བཟའ་བཅའི་ཕྱོགས་ཀྱི་མཐུན་རྐྱེན་དེ་དང་ནད་འགོག་གི་ནུས་པ་གཉིས་ནི། སྀ་ཕེན་གཙོ་བྱས་པའི་ཡོ་ཨེ་གླིང་གི་རྒྱལ་ཁབ་ཁག་ནས་ལས་སླ་བོར་ཨིན་ཁཱ་བཙན་རྒྱལ་གཙོ་བྱས་པའི་མེ་གླིང་གི་ཡུལ་གྲུ་ཁག་མངའ་བསྒྱུར་ནུས་པའི་གཞི་རྩའི་རྒྱུ་རྐྱེན་དེ་ཡིན་ལ། དེ་ནི་དེབ་ཀྱི་ཁ་བྱང་ལས“ནད་སྲིན”གྱི་སྐོར་རོ། །

ཁ་བྱང་ལས་གསལ་བའི་མེ་མཚོན་དང་རྣོ་ལྕགས་ཀྱི་སྐོར་ནི། གོང་གསལ་སྒོ་ཕྱུགས་ཀྱི་འདུལ་སྦྱོང་ལ་ཁྱད་པར་ཤོར་བ་དེ་གཞི་བྱས། གཅིག་ནས། ཡོ་རོབ་དང་ཨེ་ཤ་ཡ་གླིང་ནི། ལྷོ་བྱང་གི་ཞེང་ཆུང་ལ། ཤར་ནུབ་ཀྱི་སྲིད་རིང་བས། གནམ་གཤིས་དང་ས་བབ་ཀྱི་ཁྱད་པར་ཆེན་པོ་མེད་པར། ཡུལ་གཅིག་ཏུ་རྨོ་འདེབས་བྱས་ཆོག་པ་ཡུལ་གཞན་དུའང་ཆོག་པས། ཡུལ་དུས་ཀྱི་མཐུན་རྐྱེན་དང་འགྲིམ་འགྲུལ་མཐུན་རྐྱེན་ངོ་འཕྲོད་ནས་སྤྱི་ཚོགས་སོ་སོའི་ཐོན་སྐྱེད་ལག་རྩལ་ཡག་ཤོས་དག་སློབ་རེས་བརྗེ་རེས་བྱས་ནས།ཡོ་ཨེ་གླིང་གི་སྤྱི་ཚོགས་ཡོངས་སུ་དར། དཔེར་ན།ཟས་རིགས་ཐད། གྲོ་འདེབས་པའི་ལག་རྩལ་ནི་དབུས་ཤར་ཁུལ་ནས་ཡོ་ཨེ་གླིང་གི་སྤྱི་ཚོགས་སུ་དར་བ་དང་། ཤིང་ཏོག་ཀུ་ཤུ་ནི་ཡོ་རོབ་ནས་རྒྱ་ནག་དང་། རྒྱ་ནག་ནས་ལས་སྣོན་བརྒྱུད་སླར་ཡོ་རོབ་ཁུལ་དུ་དར། བཟོ་རིག་ལག་རྩལ་ཐད། རྒྱ་ནག་གིས་མེ་སྨན་གསར་གཏོད་བྱས་པ། ཨ་རབ་ཏུ་དར། ཨ་རབ་ནས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་དར། གཡུལ་འཁྲུག་མང་པོའི་ནང་ལས་སྣོན་གསར་གཏོད་མང་པོ་བརྒྱུད། མེ་མཚོན་གལ་ཆེན་དུ་གྱུར་ཏེ། མཐར་ཕཱོར་ཐྀ་གཱལ་གྱི་མིས་སླར་རྒྱ་ནག་ཏུ་དར་དུ་བཅུག རྣོ་ལྕགས་ཀྱང་མེ་མཚོན་གྱི་རིགས་ལྟར། འབྲུ་རིགས་མང་དུ་སྐྱེ་ཡུལ་དུ་དུས་བཞིར་གཞིས་ཆགས་པའི་སྤྱི་ཚོགས་བྱུང་། འབྲུ་རིགས་དོ་དམ་དང་བགོ་བཤའ་བྱེད་པ་ལ“མང་བཀུར་རྗེ་བོ”འམ་ཆེད་གཉེར་མི་སྣ་བྱུང་། དེ་ནས་རང་གི་ཁེ་དང་གཞན་གྱི་ཁེ་ཡི་ཆེད་དུ་འཁྲུག་རྩོད་བྱུང་བས། འགྲིམ་འགྲུལ་ཡག་ཤོས་རྟ་ཡོད་མེད་ཀྱི་སྟེང་ནས་རྒྱལ་ཕམ་བྱུང་། དེབ་ཀྱི་ནང་དུ། དུས་རབས་བཅུ་གསུམ་པར། སོག་པོས་རྟ་དམག་གིས་འཛམ་གླིང་སུམ་ཉིས་ས་ལ་དབང་བསྒྱུར་བ་དང་། སྤྱི་ལོ1674ལོར། ཧི་ཀི་སོ་སྀ་ཞེས་པའི་མི་རིགས་ཀྱིས་རྟ་ལ་བརྟེན་ནས་སྐབས་དེར་རྟ་མེད་པའི་ཨེ་ཅིབ་ལ་མངའ་བསྒྱུར་བ་དཔེར་དྲངས་ཡོད་ལ། རྟ་ཡུལ་གྲུ་ཀུན་དུ་དར་རྗེས། གཡུལ་འཐབ་ཀྱི་དགོས་དབང་གིས་མཚོན་ཆ་བཟོ་བའི་ལག་རྩལ་ལ་གསར་བརྗེ་བྱས་ནས་རྣོ་ལྕགས་བཟོ་ལས་ཀྱི་ལག་རྩལ་ཤིན་ཏུ་དར་བར་བཤད།

དེ་དང་ལྟོས་ན། ཨ་ཧྥེ་རི་ཀ་དང་མེ་གླིང་ནི་ལྷོ་བྱང་གོང་འོག་གི་ཞེང་ཆེ་ལ། ཤར་ནུབ་ཀྱི་སྲིད་ཐུང་བས། གནམ་གཤིས་དང་ས་བབ་ཀྱི་ཁྱད་པར་ཆེ་དྲགས་ནས། ཡུལ་གཅིག་གི་རྨོ་འདེབས་ཡུལ་གཞན་དུ་མི་འཕྲོད་པ་ཤིན་ཏུ་མང་། དེའི་སྟེང་ལ་གོང་སྨྲོས་འགྲིམ་འགྲུལ་ཡོ་བྱད་མེད་པས། སྤྱི་ཚོགས་ཕན་ཚུན་བར་གྱི་འབྲེལ་རེས་གཞི་རྒྱ་ཆུང་བའི་སྟེང་ལ་མི་ཟབ་པས་ན། སྲིད་འབྱོར་རིག་གསུམ་ཆེས་ཆེར་མ་དར་ཟེར། དེས་ན། སྲིད་འབྱོར་རིག་གསུམ་ཤིན་ཏུ་དར་མིན་ནི། རྩོམ་པ་པོ་ཁོང་གི་དགོངས་པ་ཡིན་ན་རིག་གནས་བར་གྱི་སློབ་རེས་བརྗེ་རེས་ལ་རག་ལས་པར་འདོད་ལ། དེ་ཡང་ས་བབ་དང་ཁོར་ཡུག་གི་སྟབས་བདེ་བསྐྲུན་ཡོད་མེད་ལ་རག་ལས་པར་འདོད། ཁོང་གིས་གནད་འདི་གོང་སྨྲོས་དག་མ་ཟད། གླིང་ཆེན་ཁག་ཏུ་མིའི་ཡི་གེ་གསར་གཏོད་བྱས་པའི་བརྒྱུད་རིམ་ཞིབ་ཅིང་ཕྲ་བ་དྲངས་ནས་ཡང་བརྗོད་འདུག

གོང་གི་གནད་དེ་དག་གི་རྐྱེན་གྱིས། ཉེ་བའི་ལོ་རྒྱུས་སྟེང་། ཡོ་ཨེ་གླིང་གི་རྒྱལ་ཁབ་ཁག་ནས་ཨ་ཧྥེ་རི་ཀ་དང་མེ་གླིང་གི་ཡུལ་གྲུ་ཁག་ལས་སླ་བོའི་ངང་མངའ་དབང་བསྒྱུར་ཏེ། མི་སེར་རིང་ལུགས་སྤེལ་ཐུབ་པར་གྱུར་བ་རེད་ཅེས་པའི་སྡོམ་ཚིག་བཀོད་འདུག དེབ་འདིས་གཅིག་ཏུ་ན། ས་བབ་ཁོར་ཡུག་གི་ཁྱད་པར་གྱི་དབང་གིས་འགྲོ་མིའི་སྤྱི་ཚོགས་ཀྱི་ལས་དབང་ལ་ཁྱད་པར་ཤོར་ལུགས་བསྟན་པས་མཐོང་སྣེ་ཤིན་ཏུ་གསར་ལ་ཡིད་འཁུལ། གཉིས་སུ་ན། སྤྱི་ཚོགས་ལ་ཤས་དར། ལ་ཤས་རྗེས་སུ་ལུས་པ་ནི་ས་བབ་ཁོར་ཡུག་གི་དབང་གིས་རེད་མ་གཏོགས་འགྲོ་མིའི་རྣམ་དཔྱོད་ཀྱི་རྩལ་ལ་ཁྱད་པར་ཤོར་བ་མིན་ལུགས་བསྒྲུབས་ཡོད་པས། མི་རྒྱུད་བཟང་ངན་གྱི་མཐོང་སྣེ་ནས་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་དར་རྒུད་ལ་དཔྱད་པའི་ལྟ་བ་བཤིགས་པར་བརྟེན་དོན་སྙིང་བླ་ལྷག་ཏུ་ཆེ།

དེབ་ཀྱི་བསྡུས་དོན་ནི་གོང་བརྗོད་ལྟར་ལ། དེབ་འདི་ནི་སྐྱེ་ཁམས་ཁོར་ཡུག་དང་། གནམ་གཤིས་དང་། སྲོག་ཆགས་དང་། ཡི་གེའི་ལོ་རྒྱུས་དང་། འབྲུ་རིགས་དང་། ལག་རྩལ་དང་། ནད་སྲིན་ལ་སོགས་པའི་ངོས་ནས་གཞི་གྲངས་མང་པོ་དྲངས་ནས་བརྩམས་པས། བརྗོད་གཞི་དང་ལྟ་བ་དང་། ལྟ་བ་སྒྲུབ་ཕྱོགས། མནོ་བསམ་གཏོང་སྟངས། མཐོང་སྣེ་ལ་སོགས་པ་ཆ་ཚང་གསར་པ་གསར་རྐྱང་ཡིན་པ་གཞིར་བྱས། གལ་ཆེའི་དཔྱད་གཞི་དང་ཟུར་ལྟར་རུང་བས་ན། འདིར་འོས་སྦྱོར་བྱས་པ་ཡིན་ལ། རང་རེའི་སྐད་དང་རིག་གཞུང་ལ་ཆེད་དུ་སློབ་མཁན་དག་ནས་ཀྱང་སོ་སོའི་ཆེད་ལས་དང་སོ་སོའི་དགེ་རྒན་གྱི་ཆེད་ལས་ཀྱི་ཚད་བཀག་མི་ཐེབས་པར་རབ་ན་དྲི་བ་གསར་པ་བཏོན་ནས་བརྗོད་གཞི་གསར་པ་ལ་འཇུག་རྒྱུ་དང་། མ་མཐར་ཡང་བརྗོད་གཞི་རྙིང་པ་ལ་མཐོང་སྣེ་གསར་པས་འཇུག་རྒྱུ་ནི་རྩ་དོན་བཞིན་ཞེ་ལ་འཛིན་འོས། འོ་ན་དྲི་བ་གསར་པ་དང་བརྗོད་གཞི་གསར་པ། མཐོང་སྣེ་གསར་པ་ཇི་ལྟར་འཐོབ་ཅེ་ན། འདི་ལྟ་བུའི་དེབ་བཀླགས་ཚེ་རྙེད་ནུས་པ་ཡིན་ནོ།། ཞེས《མཚོ་སྔོན་བོད་ཡིག་གསར་འགྱུར》ཁང་གི་རྩོམ་སྒྲིག་པས་འཛམ་གླིང་དཔེ་ཀློག་ཉིན་མོར་དེབ་ཅིག་འོས་སྦྱོར་བྱེད་རོགས་ཞུས་པས་རང་གི་མཐོང་རྒྱ་བསྐྱེད་མྱོང་བའི་དེབ་འདི་ཅུང་ཞིབ་པར་མཚམས་སྦྱར་བའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།