ཀྲུང་གོ་བོད་ཀྱི་དྲ་བ།

དགེ་རྒན་ཆེན་མོ་ཨེར་ཏེ་ནི་པཱ་ཡར་ལ་དྲན་གསོ་ཞུ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གནམ་འབྲུག་རྒྱལ།   སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་གཅིག་གི་སྔོན་དུ་དགེ་རྒན་ཆེན་མོ་ཨེར་ཏེ་ནི་པཱ་ཡར་ལགས་ང་ཚོ་དང་གཏན་དུ་ཞལ་གྱེས། སྤྱིར་བཏང་སྨན་བཅོས་ལག་རྩལ་ཅུང་འཕེལ་བའི་ད་ལྟའི་དུས་སུ་རྒན་ལགས་ཕེབས་པ་སྔ་དྲགས་སོང་། དངོས་གནས་སྔ་དྲགས་སོང་། སྐབས་དེར་ང་རང་ཕ་ཡུལ་དུ་ཡོད་ལ། གཏམ་ངན་དེ་གོ་དུས་རང་ཉིད་ཧང་སངས་པར་གྱུར། རྒྱུ་མཚན་ནི་ངའི་སེམས་ནང་དུ་རྒན་ལགས་ཀྱི་ལུས་ཕུང་རྒྱུན་ལྡན་ཡིན་ལ། དགུང་ལོ་དྲུག་ཅུའི་ན་ཚོད་ནི་ཅི་འདྲའི་གཞོན་པ་ལ་ཨང་། ཏག་ཏག་ཉིན་གཉིས་ཀྱི་སྔོན་ལ་རྒན་ལགས་དང་ངེད་གཉིས་ཀྱིས་ཁ་པར་ལས་འབྲེལ་བ་བྱས་ཤིང་། སྐད་འཕྲིན་བརྒྱུད་ནས་རྒན་ལགས་ཀྱིས་ང་ལ་བཅོལ་བའི་ལས་བྱ་དེའང་འགྲུབ་ནས་བསྐུར། དེ་དུས་རྒྱུན་ལྡན་མིན་པའི་ཉམས་སྣང་ཅི་ཡང་མེད་ལ། སྐད་གདངས་ལའང་འགྱུར་བ་ཅི་ཡང་མི་འདུག ཅིའི་ཕྱིར་གློ་བུར་དུ་དོན་རྐྱེན་འདི་འདྲ་བྱུང་བ་ཡིན་ནམ། དུས་རབས་གསར་པའི་སོག་བོད་ཤེས་རིག་འབྲེལ་བའི་ལོ་རྒྱུས་ཁྲོད་ཀྱི་ཀ་ཆེན་ཞིག་འགྱེལ་སོང་། ཅི་འདྲའི་ཕངས་སེམས་སྐྱེ་དགོས་པ་ཞིག་རེད་ཨང་།

མིག་རྡེབ་དབང་ཙམ་གྱིས་ལོ་ངོ་གཅིག་འདས་སོང་། ཕྱིར་དྲན་གྱི་ཚུལ་དུ་བདག་གི་ཉིན་ཐོ་བཀླགས་དུས་འདི་ལྟར་བྲིས་འདུག་སྟེ། གཏམ་ངན་དེ་གོ་དུས་ཁ་སང་སྔ་དྲོའི་ཆུ་ཚོད་བདུན་པ་ཡས་མས་ཡིན་ཞིང་། དུས་དེར་རྒན་ལགས་ང་ཚོ་དང་གཏན་དུ་ཞལ་གྱེས་ནས་ཆུ་ཚོད་འགའ་ལས་འགོར་མི་འདུག ཐོག་མར་ཡིད་མི་ཆེས་པ་ཞིག་བྱུང་ནའང་། བཀྲ་མི་ཤིས་པའི་སྐད་ཆ་དེ་ནི་ཀུ་རེའི་གཏམ་ཞིག་མིན་པ་ཤེས་བྱུང་། རྒན་དམ་པ་ཁོང་ནི་ཁ་སང་དགོང་མོའི་ཆུ་ཚོད་བཅུ་གཅིག་ཡས་མས་སུ་སྙུན་གཞི་གློ་བུར་ཇེ་སྡུག་ཏུ་ཕྱིན་ནས་སྨན་ཁང་དུ་སླེབས་ཀྱང་བཅོས་ཐབས་མ་བྱུང་བར་འདས་གྲོངས་བྱུང་བ་རེད། དེ་ཡང་སྲིད་དེ། རྒན་དམ་པ་ལགས་སྔོན་ཆད་ནས་སྐུ་ལུས་ཧ་ཅང་བདེ་ཐང་ཅན་དེའི་རིགས་མིན་པར། སྨན་བཅོས་སོགས་ལ་བརྟེན་ནས་ད་ལྟ་ལུས་པོ་སོར་ཆུད་ཡོད་ལ་རྒྱུན་དུ་སྨན་བསྟེན་བཞིན་འདུག ལྷག་པར་ལོ་འདི་གར་ཕྱག་ལས་མང་པོ་གནང་གིན་ཡོད་པ་དང་། ཏག་ཏག་ཟླ་ངོ་གཅིག་གི་སྔོན་ལ་ནང་སོག་སློབ་གྲྭ་ཆེན་མོའི་སོག་པོའི་རིག་གནས་སློབ་གླིང་གི་གླིང་གཙོའི་འགན་བཞེས་མ་ཐག་ཡིན་པས། སྲིད་དང་རིག་གཞུང་གཉིས་ཆ་ནས་ལས་འགན་རི་རབ་འདྲ་བ་མང་པོ་ཞིག་ལ་སྐུ་ཚེགས་ལྷོད་མེད་ཀྱིས་འཇུ་བཞིན་ཡོད། དེ་ལྟར་སྐུ་ཚེགས་ཤིན་ཏུ་མང་རྐྱེན་སྙུན་གཞི་ཇེ་སྡུག་ཏུ་ཕྱིན་པ་དང་མཐར་སྐུ་ཚེའི་འཕེན་པ་རྫོགས་པ་ཡིན་པར་ངེས་སོ། །

རྒན་ལགས་ཀྱི་མཚན་ལ་ཨེར་ཏེ་ནི་པཱ་ཡར་ཞུ་སྟེ། ཨེར་ཏེ་ནི་ཞེས་པ་སོག་སྐད་ཀྱི་རིན་པོ་ཆེ་ཞེས་པའི་དོན་ཡིན་ཞིང་། ང་ཚོས་པཎ་ཆེན་རིན་པོ་ཆེ་ལ་པཎ་ཆེན་ཨེར་ཏི་ཎི་ཞེས་པ་དང་དོན་གཅིག་ཡིན་པ་དང་། པཱ་ཡར་ནི་དགའ་བ་ཞེས་པའི་དོན་ཡིན། དེ་ལགས་ན་རྒན་མཆོག་གི་མཚན་ལ་རཊྣ་དགའ་བའམ་རིན་ཆེན་དགའ་བ་ཞེས་ཀྱང་བྱ། ཁོང་ནི་ནང་སོག་རང་སྐྱོང་ལྗོངས་ནེ་མཱན་ཤོག་ཀ་ནས་སྐུ་འཁྲུངས་ཤིང་། ནང་སོག་སློབ་གྲྭ་ཆེན་མོའི་སོག་པོའི་རིག་གནས་སློབ་གླིང་གི་གླིང་གཙོ། ནང་སོག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། རྩོམ་རིག་འབུམ་རམས་པ། འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་བཅས་ཀྱི་འགན་གཅིག་ལྕོགས་བཞེས་ཡོད།

ནང་སོག་རང་སྐྱོང་ལྗོངས་ཀྱི་ཁག་དང་པོའི“རྩྭ་ཐང་མཛངས་མི”ཡི་གཟི་བརྗིད་མཚན་སྙན་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་རིག་གནས་མཁས་དབང་གྲགས་ཅན། རྒྱལ་ཁབ་སློབ་གསོ་པུའུ་ཡི“འབྲི་ཆུའི་མཁས་དབང”བྱ་དགའི་ཇུས་གཞིའི་ཆེད་ཞུས་སློབ་དཔོན་ཆེན་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གི་སྐབས་དྲུག་པ་དང་བདུན་པའི་རིག་ཚན་དཔྱད་མོལ་ཚན་ཆུང་ཀྲུང་གོའི་སྐད་ཡིག་རྩོམ་རིག་ཚན་ཆུང་གི་ཁོངས་མི། ཀྲུང་གོའི་སོག་པོའི་རྩོམ་རིག་སློབ་ཚོགས་ཀྱི་ལས་འཛིན་སོགས་ཀྱི་ལས་འགན་དང་གཟི་བརྗིད་བྱ་འགའ་རིམ་པར་ཐོབ་མྱོང་ཞིང་། ནུབ་བྱང་མི་རིགས་སློབ་ཆེན་སོག་པོའི་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། བོད་ལྗོངས་སློབ་ཆེན་རྩོམ་རིག་སློབ་གླིང་བོད་རིག་པའི་སྡེ་ཁག་གི་གདན་ཞུས་དགེ་རྒན་ཆེན་མོ་བཅས་ཀྱི་འགན་བཞེས་ཡོད། ལོ་མང་པོའི་རིང་ལ་སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་གི་ཕྱག་ལས་མང་པོ་གནང་བ་སྟེ། ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་དང་། ཚིག་རྒྱན་རིག་པ། ཆོས་ལུགས་རིག་པ་བཅས་ཆེད་ལས་མི་འདྲ་བའི་ཁྱབ་ཁོངས་ནས་རབ་འབྱམས་ཞིབ་འཇུག་སློབ་མ་དང་འབུམ་རམས་ཞིབ་འཇུག་སློབ་མ་བདུན་ཅུར་ཉེ་བ་ཞིག་གསོ་སྐྱོང་གནང་། རྒན་ཁོང་གི་རིག་གཞུང་ཞིབ་འཇུག་ཁྱབ་ཁོངས་གཙོ་བོ་ནི་སོག་བོད་རིག་གནས་འབྲེལ་བ་དང་། སོག་པོའི་ནང་བསྟན་རིག་གནས། དེ་ལས་ཀྱང་ཕྱག་ལས་གཙོ་བོ་དེ་སོག་པོའི་དགེ་བཤེས་དང་མཁས་པས་བརྩམས་གནང་མཛད་པའི་བོད་ཡིག་གསུང་རྩོམ་དང་ནང་བསྟན་ཡིག་ཆ་འཚོལ་སྡུད་དང་དག་སྒྲིག ལོ་ཙཱ། ཚན་རིག་ཞིབ་འཇུག་བཅས་ཡིན། གཞན་ད་དུང་པེ་ཅིན་དགེ་འོས་སློབ་ཆེན་སོགས་ཀྲུང་གོའི་སློབ་གྲྭ་ཆེ་གྲས་ཁག་ཏུ་རིག་གཞུང་འཆད་ཁྲིད་གནང་མྱོང་བར་མ་ཟད། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དང་མཚོ་སྔོན་མི་རིགས་སློབ་ཆེན་སོག་པོའི་རིག་གནས་སློབ་གླིང་བཅས་སུ་སོག་བོད་རིག་གནས་བརྗེ་རེས་འབྲེལ་བའི་སྐོར་གྱི་རིག་གཞུང་འཆད་འཁྲིད་ཀྱང་གནང་མྱོང་། ཁོང་གི་གསུང་རྩོམ་ལ་གཙོ་བོ《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་སྙན་ངག་ཞིབ་འཇུག》དང་།《〈འཇམ་དཔལ་རྡོ་རྗེའི་རྣམ་ཐར〉ཞིབ་འཇུག》སོགས་དང་། 《སྙན་ངག་མེ་ལོང་མ་དང་སོག་པོའི་སྙན་ངག་རིག་པའི་ཞིབ་འཇུག》《སོག་པོའི〈ཤེས་བྱ་ཀུན་བཏུས〉ཀྱི་རྩོམ་རིག་ལེའུ》བཅས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སོགས་ལ་གཙོ་སྐྱོང་དང་རྩོམ་སྒྲིག་ཞུས། གཞན་ཡང་རྒན་ཁོང་གིས་གཙོ་སྐྱོང་གནང་བཞིན་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གཙོ་གནད་ལས་གཞི་སྟེ་ཡོན་མིང་ཆིང་བཅས་རྒྱལ་རབས་གསུམ་གྱི་སོག་པོའི་དགེ་བཤེས་དང་མཁས་པའི་བོད་ཡིག་གསུང་རབ་འཚོལ་སྡུད་དང་དག་སྒྲིག་གི་ལས་ཀ་ད་ལྟ་བྱས་དང་བྱེད་མུས་ཡིན་པ་དེའོ། །

ད་ནི་དེ་དག་བཤད་པར་སྤྲོ་བ་མི་འདུག གཅིག་བྱས་ན་རྒན་ཁོང་གི་མཛད་པ་དག་ཡིག་ངོར་བཀོད་རྒྱུ་དེ་ང་ལྟ་བུ་སློབ་བུ་ཅོལ་ཆུང་ཞིག་གིས་ལྕོགས་པར་མི་ནུས་ལ། ཁོང་གི་མཛད་པ་འཕྲིན་ལས་ཐ་དག་སྐད་ཆ་ཐན་ཐུན་གྱིས་མཚོན་ག་ལ་ནུས་ཏེ་མི་ནུས་སོ། །ཞེས་བྲིས་འདུག

སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ལོ་སྟོད་ལ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་དང་ནང་སོག་སློབ་གྲྭ་ཆེན་མོའི་སོག་པོའི་རིག་གནས་སློབ་གླིང་བར་འབྲེལ་ལམ་ཐོག་མ་དེ་ཚུགས་ཤིང་། སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི་ཐུགས་ཁུར་འོག་ང་རང་ནང་སོག་སློབ་ཆེན་དུ་སོག་པོའི་སྐད་ཡིག་དང་རིག་གནས་ལ་སློབ་གཉེར་བྱེད་པར་མངགས། དེ་ནས་བཟུང་དགེ་རྒན་ཆེན་མོ་ཨེར་ཏེ་ནི་པཱ་ཡར་ལགས་ལ་དངོས་སུ་མཇལ་ནས་རྒན་ཁོང་གི་ཐུགས་ཀྱི་བརྩེ་བ་དང་གསུང་གི་བུ་རམ་མྱང་རྒྱུའི་བགོ་སྐལ་སྨིན།

སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དགུ་པའི་ཚེས་བཅུ་ཉིན། ང་རང་ཟི་ལིང་མེ་འཁོར་འབབ་ཚུགས་ནས་ལམ་ལ་ཆས་ཏེ་བྱང་ཕྱོགས་ཧོར་ཡུལ་དུ་ཆས་ཤིང་། སྐབས་དེར་ཟི་ལིང་ནས་མཁར་སྔོན་པོར་འགྲོ་བའི་ཐད་གཏོང་མེ་འཁོར་མེད་པས། ལན་གྲུའི་འབབ་ཚུགས་ནས་མེ་འཁོར་བརྗེ་དགོས་ཤིང་། ཆུ་ཚོད་བཅོ་བརྒྱད་ལྷག་གི་ལམ་ཐག་བརྒྱུད་ནས་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་མཁར་སྔོན་པོ་གྲོང་ཁྱེར་ལ་དངོས་སུ་འབྱོར། རྒན་ལགས་ཀྱིས་སྔ་མོ་ནས་ང་རང་བསུ་བར་ན་སོན་དང་པེ་ཆིས་ལུན་གཉིས་མེ་འཁོར་འབབ་ཚིགས་སུ་མངགས་འདུག སོག་པོའི་ཕོ་གསར་གཉིས་ཐོག་མར་ངོ་ཤེས་ཤིང་། སེམས་ཐག་ཧ་ཅང་ཉེ་བོ་བྱུང་།

སློབ་གླིང་དུ་འབྱོར་དུས་རྒན་ལགས་ཀྱི་བཀོད་སྒྲིག་ལྟར་ནང་སོག་སློབ་ཆེན་གྱི་མཚོ་མེ་ལོང་མགྲོན་ཁང་དུ་ཉིན་འགའ་ལ་བསྡད་རྗེས་ད་གཟོད་སློབ་གྲྭའི་མལ་ཤག་ཏུ་སྤར་ཆོག་ཟེར། མགྲོན་ཁང་དེ་ནི་ནང་སོག་སློབ་ཆེན་གྱི་སྐུ་མགྲོན་གལ་ཆེན་སྣེ་ལེན་ཞུ་སའི་རྒྱས་སྤྲོས་ཆེ་བའི་མགྲོན་ཁང་ཞིག་ཡིན་ལ། ཐོས་བསམ་སློབ་གཉེར་པ་ཞིག་ལ་མཚོན་ན་གནས་མལ་འདི་འདྲ་ལོངས་སྤྱོད་ཀྱི་ཡུལ་མིན་པས། ང་རང་ཐད་ཀར་སློབ་གྲྭའི་ཉལ་ཁང་དུ་བསྡད་ཆོག་ཅེས་བཤད་པ་ན། ཀུ་རེ་རྩེ་བར་དགའ་བའི་ན་སོན་གྱིས་དགེ་རྒན་གྱིས་ཁྱེད་རང་དགེ་རྒན་ཆེན་མོའི་ཐོབ་ཐང་ལྟར་སྣེ་ལེན་བྱེད་རྩིས་འདུག ཐང་ཆད་ཡོད་པས་ཅུང་ཙམ་ངལ་གསོ་བྱོས་དང་། ཆུ་ཚོད་བཅུ་གཉིས་སྟེང་རྒན་ལགས་ལ་མཇལ་དགོས་ཟེར།

ཉིན་གུང་ཨོ་ཏོ་གསོལ་ཁང་དུ་དགེ་རྒན་ཆེན་མོ་ཨེར་ཏེ་ནི་པཱ་ཡར་ལགས་དང་མཉམ་དུ་ཁ་ལག་ཟས། རྒན་ལགས་དང་གཞན་ད་དུང་ནང་སོག་སྤྱི་ཚོགས་ཚན་རིག་ཁང་ན་ཕྱག་ལས་གནང་བཞིན་པའི་དགེ་སྤུན་ཆེ་བ་ཧྲུའུ་ལེན། འབུམ་རམས་ཞིབ་འཇུག་སློབ་མ་ཧེ་ཡན་བཅས་སྔོན་ལ་སླེབས་ནས་ང་ལ་བསྒུགས་འདུག ངས་ཀྱང་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་བཀྲ་ཤིས་ལྷ་དར་དཀར་པོ་དང་ནས་ཆང་བདུད་རྩི། ཤ་སྐམ་ཉུང་ཙམ་བཅས་དགེ་རྒན་ལ་ཕུལ། རྒན་ཁོང་ནི་བྱམས་བརྩེའི་འཛུམ་གྱིས་ཁེངས་ཤིང་། སློབ་མ་ལ་ཤ་ཚ་ཞིང་ལྷག་པར་བོད་ཀྱི་རིག་གནས་ལ་ཧ་ཅང་བརྩི་མཐོང་ཆེ་བ་ཞིག་ཡིན་འདུག་པས། བོད་ནས་ཡོང་བའི་སློབ་མ་རྣམས་དམིགས་བསལ་བ་ཞིག་ཏུ་རྩི། ལྷ་སའི་ཁ་སྐད་ཀྱིས་ང་ལ་འཚམས་འདྲི་གནང་བྱུང་ལ། ངས་ཀྱང་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཕུལ། རྒན་ལགས་དང་ངེད་གཉིས་ཀྱིས་ཕན་ཚུན་བོད་སྐད་བཤད་པས། དེར་འདུས་ཀྱི་དགེ་རྒན་མང་པོ་ཞིག་གིས་དགའ་བསུ་ཞུས་ཤིང་ཡུལ་དངོས་འཁྲུག་ཆ་དོད་པོ་བྱུང་། ཨོ་ཏོ་གསོལ་ཁང་ནི་སོག་པོའི་ཟ་ཁང་ཞིག་ཡིན་པས། སོག་པོའི་ཞལ་ཟས་མང་པོ་བསྒྲིགས་ཡོད་ལ། འོ་ཇ་དང་། ཞོ་རྩམ(བོད་ཀྱི་རྩམ་པ་དང་མི་འདྲ་ཞིང་། ཁྲེ་ཆུང་བརྔོས་རྗེས་འོ་ཇ་དང་ཞོའི་ནང་དུ་བརྫིས་ནས་ཟོས་ན་ཧ་ཅང་ཞིམ་པོ་འདུག)པ་ལི། ལུག་ཤ་སོགས་གཞན་དག་བོད་ཟས་དང་ཁྱད་པར་ཆེན་པོ་མི་འདུག

རང་རེའི་བོད་ཀྱིས་རྒྱ་གར་ནི་ནང་ཆོས་ཀྱི་འབྱུང་ཁུངས་ཡིན་པས་གནས་མཆོག་ཏུ་གྱུར་པ་ཞིག་ལ་ངོས་འཛིན་པ་ནང་བཞིན། སོག་པོ་བ་རྣམས་ཀྱིས་ཀྱང་བོད་མིའི་ཤེས་རིག་ལ་བརྩི་མཐོང་དང་བོད་ཀྱི་ཡུལ་ནི་སེམས་ཀྱི་དག་ཞིང་ཞིག་ཏུ་ངོས་འཛིན་བཞིན་འདུག་པའི་བཟོ་ལྟ་ཆེན་པོ་འདུག རྒན་ལགས་ཀྱིས་གསུང་རྒྱུར། མཁར་སྔོན་པོ་རུ་བདག་གིས་ཡུན་རིང་ལ་བོད་སྐད་བཤད་པའི་མི་ཞིག་རྙེད་མ་བྱུང་། ད་ནི་ཁྱེད་ལ་བོད་སྐད་བཤད་ཆོག་པས་སེམས་པ་ཧ་ཅང་སྤྲོ་པོ་འདུག རྗེས་མ་སློབ་སྦྱོང་དང་འཚོ་བའི་ཐད་དཀའ་ཁག་ཅི་འདྲར་ཕྲད་ཀྱང་ང་ཚོས་མཉམ་དུ་རོགས་རམ་བྱས་ཆོག་ཅེས་གསུངས་བྱུང་བས། ཕྲན་ཆུང་བདག་ལ་སེམས་འགུལ་ཐེབས་པ་དང་སྔ་ན་མེད་པའི་སློབ་སྦྱོང་གི་ངར་ཤུགས་ཤིག་སྐྱེས་བྱུང་།

ཕྱི་དྲོ་རྒན་ལགས་ཀྱིས་ང་རང་ཁྲིད་ནས་སོག་པོའི་རིག་གནས་སློབ་གླིང་གི་གླིང་སྤྱི་པེ་ཡན་མེན་ཏི་ལ་མཇལ་ཞིང་། དེ་ནས་དགེ་རྒན་བཀོད་སྒྲིག་དང་ནང་སོག་སློབ་ཆེན་གྱི་སློབ་མའི་གཅིག་ལྕོགས་བྱང་བུ་ལེན་པ། མལ་ཁང་བཀོད་སྒྲིག་སོགས་ཧ་ཅང་ཞིབ་ཚགས་སྒོས་བཀོད་སྒྲིག་བྱས་རྗེས། སློབ་ཁྲིད་འཆར་གཞི་སོགས་ཞིབ་མོ་ཞིག་བཟོ་དགོས་པའི་གདམ་ཀ་གནང་། ཁོང་གི་ཐུགས་བཀོད་བཞིན་སོག་ཡིག་དགེ་རྒན་ནི་ཕ་ཡུལ་ཞིས་ལིན་ཀོ་ལོ་ནས་ཡིན་པའི་དགེ་རྒན་ཨལ་ཐན་སོམ་པོར་བཀོད་སྒྲིག་བྱས་ཡོད་ཟེར། རྒན་ཁོང་གིས་ཀྱང་ཆེད་དུ་ང་ལ་སློབ་ཁྲིད་བྱེད་འདུན་ཡོད་ཅེས་གསུངས་པས་ཡིད་ལ་སྤྲོ་བས་བརྟས་ཤིང་བོད་སོག་དགེ་རྒན་མང་པོའི་རེ་བཞག་སར་ལོང་རྡིབས་མི་ཉན་སྙམ་པ་བྱུང་།

གཟའ་འཁོར་དེའི་རེས་གཟའ་སྤེན་པའི་ཉིན། རྒན་ལགས་ཀྱིས་ང་ལ་བརྡ་འཕྲིན་བསྐུར་ནས་ཁོང་ཚང་ལ་དགོང་ཟས་ཟ་རུ་བོས་བྱུང་། རྒན་ལགས་ཀྱི་གཞིས་ཀ་དེ་ནང་སོག་ཉིན་རེའི་ཚགས་པར་ཁང་གི་ཉེ་འགྲམ་དུ་ཡོད་ལ། རྒན་ལགས་ཀྱི་ལྕམ་མོ་ཆིས་ཆིས་གུག་ལགས་ཀྱིས་ནང་སོག་ཉིན་རེའི་ཚགས་པར་ཁང་དུ་ཕྱག་ལས་གནང་བཞིན་ཡོད་པས་དེར་གཞིས་ཆགས་པའང་ཡིན་སྲིད། ནང་སོག་སློབ་ཆེན་ནས་སྤྱི་འཁོར་ལ་བསྡད་ན་སྐར་མ་བཞི་བཅུ་ཡས་མས་ཀྱིས་བསླེབ་ཐུབ། ཉིན་མོ་དེ་ཡང་རྒན་ལགས་ཀྱི་སློབ་མ་གཙོ་བོ་འགའ་ལྷན་འཛོམས་བྱུང་བའི་ཉིན་མོ་ཞིག་སྟེ། གཅིག་བྱས་ན་དགེ་རྒན་ཁོང་གིས་ཆེད་དུ་ང་ལ་སོག་པོའི་གྲོགས་པོ་མང་པོ་ངོ་ཤེས་སུ་འཇུག་པའི་གོ་སྐབས་གནང་བའང་ཡིན་སྲིད།

རྗེས་ནས་ཕྲན་གྱིས་མོང་གོལ་རྒྱལ་ཁབ་ཀྱི་ཕུར་སྲུང་དང་རིན་ཆེན། དཔལ་ལྡན་ཉི་མ། ཨུ་རུ་སི་པུ་རེ་ཡཱ་ཐའི་ལིས་ལིས་ནཱ་སོགས་ཕྱི་རྒྱལ་གྱི་འབུམ་རམས་ཞིབ་འཇུག་སློབ་མ་མང་པོ་ཞིག་ངོ་ཤེས་ཤིང་། ཁོ་ཚོས་ཀྱང་རྒྱུན་དུ་ང་ལ་འབྲེལ་བ་བྱེད། ཁོ་ཚོ་ཚང་མས་བོད་ཀྱི་མི་དང་ཤེས་རིག་ལ་བརྩི་མཐོང་དང་དུངས་ཞེན་ཆེན་པོ་བྱེད་ལ། ལ་ལས་བོད་ཡིག་གི་སྦྱོར་ཀློག་ཙམ་སོ་སོའི་རྒྱལ་ཁབ་ནས་སློབ་མྱོང་ལ། ཨ་ཅེ་ལིས་ལིས་ནཱ་ལྟ་བུར་མཚོན་ན་པུ་རེ་ཡ་ཐིའི་མི་ཡིན་པས། མོས་བོད་ཡིག་ཅུང་ལེགས་པོ་ཞིག་ཤེས་པར་མ་ཟད། བོད་སྐད་ཀྱིས་གླུ་དབྱངས་ལེན་ཤེས། མོའི་རེ་བ་ཉག་ཅིག་ནི་ལྷ་སར་ཐེངས་ཤིག་འགྲོ་རྒྱུ་དེ་ཡིན་མོད། རྒྱུ་རྐྱེན་མང་པོས་བོད་ཡུལ་འགྲིམ་རྒྱུ་དེ་རྨི་ལམ་ཁོ་ནར་གྱུར་ཡོད་པ་རེད། ཡང་དཔལ་ལྡན་ཉི་མ་ལྟ་བུས་ང་ཚོ་གྲོགས་པོར་གྱུར་པ་དང་བསྟུན་བོད་ཡིག་བོད་སྐད་སློབ་ཁྲིད་བྱེད་དགོས་པའི་རེ་བའང་མང་དུ་བཏོན་མྱོང་།

ནང་སོག་སློབ་ཆེན་སོག་པོའི་རིག་གནས་སློབ་གླིང་དུ་སློབ་གཉེར་བྱས་པའི་རིང་ལ་དགེ་རྒན་ཆེན་མོ་ཨེར་ཏེ་ནི་པཱ་ཡར་ལགས་ཀྱིས་ང་ལ་སློབ་ཁྲིད་བྱས་ཤིང་། གཟའ་འཁོར་རེའི་རེས་གཟའ་གསུམ་པའི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀ་ནས་དྲུག་བར་ནི་དགེ་རྒན་གྱིས་ང་ལ་སློབ་ཁྲིད་བྱེད་པའི་དུས་ཚོད་ཡིན། རྒན་ལགས་ལ་གཞུང་དོན་གལ་ཆེན་ཡོད་ན་མ་གཏོགས་དུས་རྒྱུན་ང་རང་རྒན་ཁོང་ཚང་ལ་སོང་ནས་ཇ་ཞིམ་པོ་འཐུང་བཞིན་རྒན་ལགས་ཀྱི་སློབ་ཁྲིད་ལ་ཞུགས། རྒན་ལགས་ཀྱིས་སོག་པོའི་སྔོན་བྱོན་མཁས་པ་རྣམས་ཀྱིས་བོད་ཡིག་གི་བསྟན་བཅོས་ཇི་ལྟར་སོག་ཡིག་ཏུ་བསྒྱུར་པ་དང་། ལྷག་པར་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་། ཨ་ལག་ཤ་ངག་དབང་བསྟན་དར་སོགས་སྐྱེས་ཆེན་རྣམས་ཀྱི་ལོ་ཙཱའི་དགོངས་པ་སོགས་ཁྲིད་མྱོང་ལ། སྐབས་རེར་རྒན་ལགས་ལ་བོད་ཡིག་ཕྱོགས་ནས་ཡིག་ཆ་རེ་དགོས་མཁོ་བྱུང་ཚེ་ངས་ཀྱང་ཞབས་ཞུ་ཏིལ་ཙམ་སྒྲུབ་ཨེ་ཐུབ་ལ་འབད་པ་བྱས་མྱོང་། སློབ་མཐར་ཕྱིན་པའི་རྗེས་ནས་ཀྱང་ང་རང་མཁར་སྔོན་པོ་གྲོང་ཁྱེར་ལ་ཐེངས་མང་པོར་སོང་ཞིང་། འགྲོ་ཐེངས་རེ་རེར་རྒན་ལགས་ཀྱི་མགྲོན་འབོད་དམ་ཡང་ན་ཨལ་ཐན་རྒྱལ་པོའི་རྟོགས་བརྗོད་ཕྱོགས་ཀྱི་ཡིག་ཆ་འཚོལ་སྡུད་སོགས་གང་ཡིན་ཡང་རྒན་ལགས་ནས་བཀོད་སྒྲིག་བྱས་པ་རེད།

སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཡས་མས་ཤིག་ལ་དགེ་རྒན་གྱིས་ང་ལ་ཁ་པར་ཡོང་ནས། ད་ལོའི་སྤྱི་ལོའི་ལོ་གསར་གྱི་དགེ་སློབ་དགྱེས་འཛོམས་ལ་ཁྱེད་ཀྱང་ཞུགས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པས། ངས་ཀྱང་ལས་ཁུངས་ལ་ཉིན་གཉིས་ཀྱི་གནང་བ་ཞུས་ཏེ་ཚེས་སུམ་ཅུ་ཉིན་མཁར་སྔོན་པོར་སོང་ནས་དགེ་རྒན་དང་མཉམ་དུ་ལོ་གསར་པ་བསུས། དེ་ནི་རྒན་ལགས་དང་ངེད་གཉིས་ཀྱི་མཐའ་མའི་མཇལ་འཛོམས་ཡིན་པ་སུ་ཞིག་གིས་ཤེས་ཐུབ། ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན་ང་རང་ཕྱིར་འཁོར་དགོས་ཤིང་། སྔ་དྲོར་རྒན་ལགས་ཆེད་དུ་ང་ལ་སྐྱེལ་མ་བྱེད་དུ་ཕེབས་བྱུང་། ནང་སོག་སློབ་ཆེན་གྱི་འཇེབ་འཁོར་ཧ་ཅང་རྫིག་པོ་ཞིག་གིས་གནམ་གྲུ་འབབ་ཚིགས་ལ་སྐྱེལ་བར་བཀོད་སྒྲིག་བྱས་ཡོད་པར་མ་ཟད། སོག་པོའི་ཕྱུར་བ་དང་བག་གོར་སོགས་མངར་ཟས་ཧ་ཅང་མང་པོ་ཉོས་ནས་ལམ་ལ་ཕུད་པའི་དུས་ཡུན་དེ་ངས་ནམ་ཡང་བརྗེད་མི་སྲིད། དེ་དུས་ང་དང་མཉམ་དུ་ཡོད་པའི་ན་སོན་དང་། སེན་པིས་ལིས་གུག གདུགས་དཀར་ཚེ་རིང་སོགས་ང་ཚོ་སློབ་བུ་སུ་ཡིན་ཡང་ནམ་ཡང་བརྗེད་ཐབས་བྲལ། གྱེས་ཁ་མའི་འདྲ་པར་དེ་ལ་ལྟ་བཞིན་ལྟ་བཞིན་བདག་གི་མགྲིན་པ་བརྣངས་ཤིང་མིག་ཀོང་མཆི་མས་བརླན་པར་བྱེད།

དགེ་རྒན་ཨེར་ཏེ་ནི་པཱ་ཡར་མཆོག་སྐུ་གཤེགས་པའི་གཏམ་ངན་དེ་ཐོས་མ་ཐག་ངས་དེ་མུར་རྒན་རྒྱ་ཡེ་བཀྲ་བྷོ་ལགས་ལ་སྙན་སེང་ཞུས་པ་ཡིན། རྒན་ཁོང་རྣམ་པ་གཉིས་ནི་གཅིག་ན་མཛའ་བཤེས་གྲོགས་པོ་ཡིན་པ་དང་། ཡང་གཅིག་བཤད་ན་དུས་རབས་གསར་པའི་བོད་སོག་ཤེས་རིག་འབྲེལ་བའི་རྨང་འདིང་མཁན་ཡིན་པ་སྨོས་ཅི་དགོས། དེ་ནས་རྒན་བཀྲ་བྷོ་ལགས་ཀྱིས་ཐུགས་བཀོད་ཞིབ་མོ་བགྱིས་ཤིང་། ཕར་ཕྱོགས་སུ་འབྲེལ་བ་བྱས། ཚེས་བདུན་གྱི་མྱ་ངན་ཚོགས་འདུར་ཞུགས་དགོས་པ་སོགས་ལ་དམིགས་ནས་ང་རང་མཁར་སྔོན་པོར་དེ་མ་ཐག་འགྲོ་བའི་དུས་ཚོད་ཕྱིར་བསྣུར་ནས་སྤ་སེ་ཕྱིར་བསློགས།

ཚེས་གཉིས་ཉིན་གྱི་ཞོགས་པར་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ངེད་གཉིས་མཉམ་མེད་ཙོང་ཁ་བ་ཆེན་པོའི་གདན་ས་སྐུ་འབུམ་བྱམས་པ་གླིང་དུ་སོང་ནས་མཆོད་འབུལ་དང་ཚེ་འདས་ལ་བསྔོ་སྨོན་ཞུས། བརྒྱ་མཆོད་བཞག་པ་དང་དགེ་འདུན་པ་ཉེར་གཅིག་ལ་འགྱེད་བཏང་། རྒན་དམ་པ་རྒྱ་ཡེ་བཀྲ་བྷོ་ལགས་དང་ལྷན་དུ་རྗེ་སྐུ་འབུམ་ནས་སྐྱབས་འཇུག་དང་བསྔོ་སྨོན་ཞུས་པ་དོན་ཡོད་རེད་བསམས་བྱུང་། ཉིན་དེའི་ཞོགས་པར་ང་ཚོ་སྔ་མོར་སོང་བའི་བཀའ་དྲིན་ལ་ཡུལ་སྐོར་སྣེ་ཤན་པའི་རྦ་རླབས་རེ་ཞིག་འཇགས་ཡོད་པས་ངེད་ཅག་ལམ་ཁེགས་ཅི་ཡང་མ་བྱུང་བར་སྐུ་འབུམ་གསེར་སྡོང་ཆེན་མོའི་སྐུ་མདུན་ནས་འོད་ཀྱི་མར་མེ་བསྒྲོན་པ་དང་། སྡིངས་ཁང་ནས་དགེ་འདུན་པས་བསྔོ་བ་སྨོན་ལམ་གསུང་བའི་ཆོས་སྐད་བར་མེད་དུ་གྲགས་འོང་།

དེ་ལྟ་དེ་ལྟར་སོག་བོད་རིག་གནས་ལ་མཁྱེན་རྒྱ་ཡངས་ཤིང་། གཞན་ཕན་ལྷག་བསམ་གྱིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པའི་དགེ་རྒན་ཆེན་མོ་ཨེར་ཏེ་ནི་པཱ་ཡར་མཆོག་སྐུ་གཤེགས་ནས་ལོ་འཁོར་གཅིག་ལྷག་འདས། ཡིན་ནའང་རྒན་ཁོང་གི་ཐུགས་རྒྱུད་འཇམ་པོ་དང་། སློབ་བུ་ང་ལ་རང་གི་བུ་ཕྲུག་བཞིན་གཅེས་སྐྱོང་གང་ལེགས་གནང་བ། དེ་མིན་ད་དུང་ཁོང་གི་རིག་གཞུང་ཞིབ་འཇུག་གི་སྙིང་སྟོབས་གསོན་པོ་དེ་ནམ་ཡང་ང་ཚོའི་སེམས་ཁོངས་སུ་ཉར་ཡོད། ད་ནི་བདག་གི་དགེ་རྒན་དམ་པ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི་སྙན་ངག《སྲིན་བུའི་མིག་ཆུ》ཡི་ཚན་པ་རྗེས་མ་འདིས་མཇུག་རྫོགས་པར་བྱའོ། །

ད་ནངས་ཡང་།

དྲག་ཏུ་ལྡང་བའི་རླུང་དམར་གྱིས།

ངའི་བྱང་ཆུབ་ཤིང་གི་ལོ་མ་ཞིག

ནམ་མཁའི་དབྱིངས་ལ་ཁྱེར།

སྙིང་ལ་མི་བཟོད་པའི་ན་ཟུག་ལངས་ནས།

ང་སྡོང་རྩེ་ནས་ས་ལ་ལྷུང་།

སྲིན་བུ་ཞིག་གི་མིག་ཆུས།

ལྗོན་ཤིང་གི་རྩ་བ་བརླན་པར་བྱས......

2020ལོའི་ཟླ9པའི་ཚེས10ཉིན་བྲིས་པ་དགེའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།