ཀྲུང་གོ་བོད་ཀྱི་དྲ་བ།

སོ་ལས་འཕྲོས་པའི་སེམས་ཚོར་སྣ་ཟིན་སྤུ་ཟིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དབྱངས་འབུམ་ཚེ་རིང་།   སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱིས་དུས་སུ་ཨ་ཕས་ལོ་བརྒྱད་ལུག་རྫི་ཁ་ཤོ་ཡིན་པས་ད་ནི་ཁྱེད་རང་ནར་སོན་འདུག་ཅེས་གསུངས་བྱུང་བས། རང་གི་ཁ་ནང་གི་སོ་རེ་གཉིས་ལྷུང་བ་ནི་ང་རྒྱལ་ཞིག་ཏུ་རློམ་སྟེ། གཞན་ལ་ངོམ་སོ་བྱས་མྱོང་བར་མ་ཟད།ལྷུང་སོང་བའི་སོ་གང་དེ་ནས་འབྲུ་རྡོག་ཅིག་དང་ལྷན་དུ་བལ་རྡོག་ཅིག་གི་ཁུད་དུ་གཅུད་ནས། ཁྱེད་ཀྱི་ཁྱི་སོ་བ་སོ་གན་ཡིན། ང་ཡི་དུང་སོ་དཀར་མོ་ངར་སྤྲོད་ཅེས་པའི་ཁ་གཡང་སྙན་མོ་ཞིག་དང་ལྷན་དུ་ཁང་ཀླད་དང་སྦྲ་ཀླད་སོགས་ལ་གཡུགས་ཏེ། རྙིང་པའི་ཚབ་ཏུ་གསར་པ་ཞིག་འོངས་པར་རེ་ལྟོས་བྱས་མྱོང་།ད་དུང་སོ་འབལ་བ་ནི་བུའི་བཟང་ངན་ལྟ་བྱེད་ཀྱི་ཚོད་ལྟ་ཐེངས་ཤིག་ཀྱང་ཡིན་ཏེ།སོ་གསར་པ་མ་སྐྱེས་གོང་ལ་སོ་རྙིང་པ་འབལ་ཐུབ་དགོས་པས་སྡུག་བསྲན་དང་སྙིང་སྟོབས་ཡོད་མེད་ཀྱི་ཚད་ཀྱང་འཇལ་ཐུབ་སྟེ།འགའ་རེས་རང་གིས་སྐམ་པ་དང་སྐུད་པ་སོགས་ཡོ་བྱད་གཞན་བཀོལ་ཏེ་ཤུགས་ཀྱིས་འཐེན་ནས་འབལ་ནུས་ལ།འགའ་རེས་རང་སོ་ལྷུང་བའི་དུས་ལ་ཐོན་ཡང་དེ་སྒུལ་བར་ཡང་སྐྲག་པས་རྒན་པ་ཚོས་བཙན་ཤུགས་ཀྱིས་བཟུང་སྟེ་ཁྱེད་ཀྱིས་སྡུག་སྨྲེ་དང་ངུ་སྐད་ལྷང་ལྷང་བྱས་པ་ལ་སྣང་དོགས་ཙམ་ཡང་མི་བྱ་བར་འབལ་དགོས།ང་ནི་བྱིས་པ་ཅུང་གྲུང་པོ་དེའི་རིགས་ཡིན་པས་དཔའ་རྟགས་སྟོན་མི་ཐུབ་ཀྱང་རྒན་པ“གདུག་རྩུབ”ཅན་དེ་དག་གི་ལག་ལ་ཚུད་དུ་འཇུག་མ་མྱོང་། དེ་ལྟར་བྱིས་དུས་ཀྱི་སོ་འབལ་བ་ནི་སོ་བརྗེ་བ་སྟེ་གསར་པ་ཞིག་སླེབས་པའི་རེ་སྒུག་ཡོད་པར་མ་ཟད། མི་ཚེའི་ཆེས་ཐོག་མའི་ན་ཟུག་དང་གཟི་བརྗིད་ལ་གདོང་གཏད་པའི་རྒྱུགས་གཞི་གལ་ཆེན་ཞིག་ཡིན་པས།དགའ་བཞིན་སྤྲོ་བཞིན་དང་དུ་བླངས་ཏེ་ཕར་ལ་བསྐྱལ་བ་ཡིན།

ཡིན་ཡང་། ལོ་ཟླ་ཆུ་མོ་བཞིན་བཞུར་ནས་བཅུ་ཕྲག་གཉིས་ལྷག་འདས་པའི་དེ་རིང་། སོ་འབལ་རྒྱུ་ནི་སྡུག་བསྔལ་ཞིག་ཡིན་པར་མ་ཟད།ཆོས་ཉིད་ཀྱིས་སྒོ་མོ་རྡུང་སྟངས་གཞན་ཞིག་ཀྱང་ཡིན་པ་འདྲ་བས།འཆར་ཡན་གྱི་གཤོག་ཟུང་བརྐྱངས་ན་ལོ་ཟླའི་རི་སྒང་གི་ཚོར་བའི་རི་མོ་གསལ་ཀྱིག་གེར་མིག་ལ་བཀྲམ་ཡོང་།

ཕོ་ལོ་ཉི་ཤུའི་གོང་ཁར་རྡོག་པས་མནན་པའི་ཉེ་བའི་ལོ་འདི་འགར་འགྲམ་སོ་གཡས་གཡོན་གཉིས་འབུས་ཟོས་ནས་ཁ་ཆག་སྣ་རལ་དུ་གྱུར་ཏེ།ཟས་ཁམ་གང་ཟ་ནའང་ན་ཟུག་མྱོང་དགོས་བྱུང་ལ།ཟས་ཐུན་རེ་རེར་རྒས་འཁོགས་ཚོའི་ཟ་སྟངས་སྤྱད་ནས་ཟས་རིགས་སྲ་སྙི་གང་ཡང་ལྡད་དགོས་བྱུང་ན་མདུན་སོས་རེ་འགའ་དམུར་ཞིང་གཙབ་ནས་མིད་དགོས་བྱུང་སོང་བས།ཁ་ཟས་ཀྱི་མངར་སྐྱུར་ཁ་བསྐ་ཡི་རོ་བྲོ་གང་ཡང་མྱོང་བའི་སྐལ་བ་མི་ལྡན་པར་གྱུར།ལན་རེར་ངས་འདི་ལྟར་གླེན་འདང་བརྒྱབ་པ་ཡིན་ཏེ།རོ་མྱོང་བྱེད་ཀྱི་ཚོར་བ་ཟླ་གམ་གྱི་དབྱིབས་ཅན་དེ་གཉིས་ནི་དོན་དངོས་ལྕེ་ཁོ་ནའི་སྟེང་ན་ཡོད་དམ་སྙམ་པའི་ཐེ་ཚོམ་ཞིག་ཀྱང་མི་ཟ་རང་ཟར་གྱུར།དེ་དུས་དམངས་གླུ་ཞིག་ཏུ་སོ་སུམ་ཅུའི་སོ་རྒྱ་མ་འཐོར་གོང་། །ཟས་ཞིམ་པོ་ཡོད་ན་ཕ་མར་བྱིན། །སོ་སུམ་ཅུའི་སོ་རྒྱ་འཐོར་སོང་ན། །ཟ་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད། །ཅེས་པའི་ཚིག་དེ་ངའི་ཡིད་ལ་དབང་མེད་དུ་འཁོར་འོང་།དེ་ནས་ངས་ཀྱང་སྨན་པའི་ངག་བཀོད་ལྟར་སོ་རྟིང་སློག་ཅིང་རྡོ་ཞུན་ཞིག་སོ་ཡི་བར་གསེང་ལ་བླུགས་མོད།ཟླ་འགའ་འགོར་རྗེས་རྡོ་ཞུན་བླུགས་པའི་འགྲམ་སོ་ཞིག་སིལ་བུར་གས་ཏེ་ཆག་སོང་ལ།སོ་རྟིང་ཡང་ཁར་གཡེང་ནས་ཡོང་བས།ངས་ཕངས་སེམས་དང་སེར་སྣས་ཡུན་རིང་ལ་འབལ་མ་ནུས་པར།ལྕེ་ཡིས་ཕར་སྒུལ་ཚུར་སྒུལ་མང་ཙམ་བྱས་ཏེ་ཁ་ནང་ལ་བདེ་ཐབས་ཙམ་བྱས་ནས་བཞག་པ་ཡིན་ཏེ།ང་ཡིས་སོ་འདི་བླངས་རྗེས་འདི་ཡང་ཁང་ཀླད་དང་སྦྲ་ཀླད་སོགས་ལ་གཡུགས་ནས།ང་ཡི་དུང་སོ་དཀར་མོ་ང་ལ་བྱིན་ཞེས་ཇི་ལྟར་བོས་ཀྱང་སླར་ཡང་རྙིང་པའི་རྗེས་ལ་གསར་པ་ཞིག་སྐྱེ་བར་མི་སྲིད་པས་རེ་བ་ལྷག་མ་ཅི་དང་གང་ཡང་མི་འདུག་ལ།སོ་ཚབ་རྫུན་མ་ཞིག་བཙུགས་ཀྱང་རྫུན་མ་ནི་ནམ་ཡང་རྫུན་མ་རང་ཡིན་པས།ངོ་མའི་ཚབ་བྱེད་ག་ལ་ནུས།གང་ལྟར་ང་ལ་དབང་བའི་དུང་སོ་སུམ་ཅུ་ལས་དུང་སོ་གཅིག་དུས་གཏན་དུ་ཤོར་སོང་བར་ཕངས་སེམས་དང་སེར་སྣ་ཆེ་བ་ལ་ཨང་།ཡིན་ཡང་ཐོབ་ཤོར་གྱི་ཆོས་ཉིད་ནི་ཨུ་ཚུགས་དང་མཁྲེགས་འཛིན་ཁོ་ནས་མཐའ་འཁྱོལ་བ་ཞིག་ག་ལ་ཡིན་ཏེ།མཐར་འདུས་བྱས་མི་རྟག་པ་དེ་ཉིད་རང་ཤུགས་ཀྱིས་ལྷུང་སོང་།ངས་གཅེས་འཛིན་གྱི་སྤར་ཁ་ཅི་ཙམ་བསྡམས་ཀྱང་དུས་ཚོད་ཀྱི་མཆེ་བར་ནས་ཁོ་རང་སིལ་བུར་གས་ཤིང་མི་གཙང་བའི་དྲེག་པ་ནག་པོ་ཞིག་ཀྱང་ཆགས་ཏེ་ལྷུང་སོང་བས།ད་ནི་ངས་འདི་རང་ཉིད་ཀྱི་ཁ་ནང་ནས་སྐྱེས་པ་ལ་ཡང་ཞེ་མེར་བའི་རྣམ་རྟོག་འདྲ་ཞིག་ལངས་བྱུང་།འགྲམ་སོ་དེ་ཉིད་ལྷུང་བ་ནས་ངའི་ལྕེ་ནི་རང་དབང་མེད་པར་དེའི་ཤུལ་དུ་ཉུག་ཉུག་བྱས་ན།རྙིལ་གྱི་འཇམ་ལ་སྙི་བའི་རེག་བྱ་ཁོ་ན་ཤུལ་དུ་ལྷག་འདུག་པ་ཚོར་ཡོང་།སྐད་ཆ་རེ་བཤད་དུས་ཀྱང་དབུགས་ཡོད་ཚད་བསམ་གཟས་ཏེ་འགྲམ་སོ་དེའི་ཤུལ་ནས་འཚང་ཁ་རྒྱག་གིན་ཕྱི་ལ་ཤོར་འགྲོ་བ་དང་འདྲ་ལ།ཟ་མ་བཟའ་དུས་ཀྱང་ཟས་རིགས་གང་ཡིན་ཡང་འགྲམ་སོ་སྟོང་བ་དེའི་ཤུལ་དུ་འཚངས་ནས་ངས་ཉ་ར་བྱེད་པར་བསྒུགས་འདུག་པར་སྤྲོ་བ་དང་ཀུན་ནས་མཚུངས།དེ་ལྟར་བལྟས་ཡོང་ན་སོ་སུམ་ཅུ་ཐམ་པ་ནི་ཟ་མ་བཟའ་བྱེད་ཙམ་མ་ཡིན་པར།ཟས་ཀྱི་བྲོ་བ་འབྱིན་བྱེད་ཀྱི་གནས་གཙོ་བོ་ཞིག་སྟེ།སོ་ཡིས་ཞིབ་མོར་བལྡད་པ་དེས་འཇུ་བྱེད་མ་ལག་ལའང་རམ་འདེགས་ཀྱི་ནུས་པ་མི་དམན་པ་ཐོན་གྱིན་འདུག་པར་སྨྲ་བ་དང་།གཞན་ཡང་སྐད་ཆའི་སྒྲ་འབྱིན་སྐབས་སྒྲ་གདངས་ཀྱི་སྐྱེ་གནས་གཙོ་བོ་ཞིག་ཡིན་པར་སྒྲོག་པའང་བདེན་པར་གྲུབ་འདུག་པར་མ་ཟད།ང་ཚོའི་ལང་ཚོའི་བཀྲག་མདངས་དང་གཞོན་པའི་སྣང་བ་དག་ནི་འདི་ཁོ་ནས་བཟུང་འདུག་སྙམ་བྱུང་།“རྒ་བས་འཁོགས་ན་འཇིགས་བཅས་ཁང་ཧྲུལ་འདྲ། །”①“འཁྲི་ཤིང་སཱ་ལའི་ནགས་ལ་རླུང་དམར་བཞིན། །”②ཞེས་པ་ལྟར་དུ།ང་ཚོའི་སོ་སུམ་ཅུའི་སོ་རྒྱ་འཐོར་ན།ང་ཚོས་གཞན་བཤད་མ་དགོས་ཏེ།རང་གི་ལྕེ་ཁོ་ནའང་རང་གི་ཁ་ནང་ལ་ཤོང་ཐུབ་ཀྱིན་མི་འདུག

སྤྱིར་ན་སོ་ནི་མི་ཕྱུགས་ཀུན་ལ་མཚོན་ན་ཟས་རིགས་བལྡད་བྱེད་ཅིག་ཡིན་པར་མ་ཟད། ལོ་ན་བརྩི་བྱེད་ཀྱི་ཚད་གཞི་གཙོ་བོ་ཞིག་ཀྱང་བྱེད་ཀྱིན་འདུག་སྟེ།དཔེར་ན།ནོར་ལུག་གི་ལོ་གྲངས་བཤད་སྐབས་སོ་གཉིས་དང་སོ་བཞི།སོ་དྲུག ཁ་གང་སོགས་སུ་འབོད་ལ།རྟ་ཡི་ལོ་བཤད་སྐབས་སོ་ཡི་རི་མོའི་གསལ་དྭངས་དང་ཟབ་ཚད་སོགས་ལ་བལྟས་ཏེ་ལོ་ན་ཅི་ཙམ་ཡིན་པ་ར་སྤྲོད་བྱེད་ཀྱིན་འདུག དེ་བས་ན་ངས་ཀྱང་དྲན་པའི་གཞུ་མོ་ནང་དུ་བཀུག་ནས་ཞིབ་འདང་ཞིག་བརྒྱབ་ན།མི་ཡི་ཁ་ནང་གི་དུང་སོ་སུམ་ཅུ་འདིས་ཀྱང་ང་ཚོར་འདུ་སྣང་གི་བདེན་པ་གང་མང་ཞིག་མངོན་སུམ་དུ་འགྲེམ་སྟོན་དང་འགྲེལ་སྒྲོག་བྱེད་ཀྱིན་འདུག་ཨང་སྙམ་བྱུང་།

མདོར་ན་བྷོ་ངྷི་ལེར་གྱིས་ཞི་ལའི་མིག་ཟུང་ལས་དུས་ཚོད་མཐོང③ཐུབ་པ་བཞིན།ངས་ཀྱང་འབལ་མ་ནུས་ཀྱང་རང་དགར་ལྷུང་སོང་བའི་འགྲམ་སོ་འདིའི་བརྡར་ཅིང་ཟད་པའི་འཇམ་ཤ་དང་ཕྱི་ནང་གི་རྐྱེན་གྱིས་ཕབ་པའི་གས་ཆག་གི་རི་མོ་ལས།བཞུར་ནས་འགྲོ་བའི་མི་ཚེའི་དུས་ཚོད་ཀྱི་གཙང་པོ་མཐོང་ཡོང་། །

མཆན།

①དང②《རྒྱ་ཆེར་རོལ་པ》ལས་དྲངས།

③བྷོ་ངྷི་ལེར་གྱི《ཕ་རི་སིའི་སེམས་གཅོང》《巴黎的忧郁》ལས་དྲངས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།