ཀྲུང་གོ་བོད་ཀྱི་དྲ་བ།

མི་ཚེའི་འབེལ་གཏམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

●ཡུལ་དེ་དང་བག་ཆགས་དེ།

ལོ་ཟླ་རིམ་གྱིས་ཟད་པ་དང་བསྟུན་ནས་རང་གི་འཁྲིས་ཀྱི་བྱ་དངོས་མང་པོ་ཞིག་ཀྱང་སྣང་བ་མ་བྱུང་བར་རིམ་པས་ཡལ་ནས་ཧ་ལམ་ཤུལ་རྗེས་ཙམ་ཡང་མེད་པར་གྱུར།

ཨ་རིར་བགྲང་བྱ་བརྒྱད་བསྡད་པས་དེ་སྔོན་བདག་ཉིད་ཡུལ་གཞན་གྱི་མཐིང་ལྟར་སྔོ་བའི་དགུང་སྔོན་ལ་ཆགས་ནས་འདི་གའི་རབ་རིབ་སྐྱ་ཐལ་གྱི་ནམ་མཁའ་དང་། འུར་ཅོར་ཚ་བའི་གྲོང་མི། མིའི་ཚེ་ཐག་ཐུང་དུ་འགྲོ་བའི་མཁའ་དབུགས། ཕུགས་འདུན་འཚོ་གནས་དཀའ་བའི་བར་སྟོང་། སྦུབ་སུབ་དོག་དྲགས་པས་རང་ལྕེབས་བྱེད་མཁན་ཡང་ཐོན་པ་བཅས་ལ་སུན་ནས་ཞེན་ཆགས་བྲལ་བར་འགྱུར་སྲིད་སྙམ་མྱོང་། དུས་ཐུང་ལོ་བརྒྱད་ནང་སེམས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། མི་རྒས་པའི་དབང་གིས་བྱ་རྒས་ནས་ཚང་དྲན་པ་ཡིན་ནམ། ཡང་ན་འདུ་ཤེས་ཀྱི་འོག་འགྱུ་སྨར་དུ་སོང་ནས་གཞན་ཡུལ་གྱི་ཡུལ་པོ་མ་བཟོད་པ་ཅི་ཡིན་མི་ཤེས།

མཐར་སླར་ཡང་འདི་གར་གཞིས་ཆགས་དགོས་པས་ས་ཆ་མང་པོ་ཞིག་ལ་གོམ་པའི་འདེགས་འཇོག་བསྐྱར་དུ་སྤོས། བརྙན་འཕྲིན་ཐོག་བརྡ་ཆ་གསར་པ་གཏོང་བཞིན་ཡོད་པ་དང་། སྐབས་དོན་གསར་འགྱུར་ཡང་ཡང་བརྗེས། འོན་ཀྱང་གྲོང་ཁྱེར་འདི་ཉིད་སྔར་བཞིན་སྐད་ཅོར་དང་འཚང་ཁ་ཆེ་བ་དང་ནམ་མཁའ་སྔར་བཞིན་རབ་རིབ་སྐྱ་ཐལ་དུ་སྣང་། ཁྲོམ་གཞུང་གི་མདུན་ནས་ཡོང་མཁན་དག་ནི་ཆ་མེད་རྒྱུས་ཅན་གྱི་རང་འདྲའི་བཞིན་མདོག་གི་སྐྱེ་བོ་ཡིན་པས།འདུ་ཤེས་ཀྱི་འཁྱེར་སོ་ཞིག་ག་དུས་ཡིན་ནའང་ཡལ་མེད་རྟག་ཏུ་གནས། བདག་ཅག་སྟེས་དབང་གིས་གྲོང་ཁྱེར་གཅིག་ནང་མཉམ་དུ་འཛོམས་ཡོང་སྐབས་འདྲ་མཚུངས་ཀྱི་དྲན་གསོ་མང་པོ་ཞིག་ཡོད་ཅིང་། དེ་དག་ནང་དགའ་འོས་པ་ཡོད་ལ་སུན་སྣང་སྐྱེ་དགོས་པའང་ཡོད་མོད། འོན་ཀྱང་དེ་དག་ཚང་མ་ཞང་ཀང་གི་ཡིན་པ་དང་ང་ཚོ་འཚར་ལོངས་འབྱུང་སའི་གྲོང་ཁྱེར་དེ་ལགས།

ང་ཚོས་མིག་གིས་མཐོང་རྒྱུ་མེད་ལ་ལག་པས་ཟིན་རྒྱུ་མེད་པའི་དྲི་ཟའི་གྲོང་ཁྱེར་ཞིག་ལ་རེ་ལྟོས་བྱས་དྲགས་པས་ཡིན་རྒྱུ་རེད། འོན་ཀྱང་ཁྲོམ་ལམ་གཅིག་གི་རྗེས་ལ་གཅིག་བརྒྱུད་སྐབས་སྙིང་ཉེ་བའི་མི་འདང་ས་དང་། མིག་ལ་མི་མཛེས་པའི་གཞང་འབྲུམ་བརྡ་ཁྱབ། ཆར་པ་འབབ་སྐབས་ཐིགས་པ་མི་འཚོག་པའི་མདའ་གཡབ། དབྱར་དུས་སྐྱ་ཐལ་ཐལ་གྱི་འགྱིག་ཤོག་རིམ་པ་གཅིག་གཡོག་པ་ལྟར་གྱི་བཞིན་མདོག དེ་མིན་འགྲུལ་བཞུད་སྐད་ཅོར་བཅས་དེ་དག་ཚང་མ་དངོས་དངོས་རྗེན་རྗེན་དུ་ང་ཚོའི་འཚོ་བ་དང་སྦྲེལ་ནས་ཡོད་པ་དང་། འདི་གའི་སྐྱེ་བོ་མི་རེར་ངོ་རེའི་དྲན་འཆར་དང་བརྩེ་དུང་གི་ཁྲོད་དུ་འདྲེས་ཡོད་ཅིང་། ཡག་སྡུག་ཅི་བྱུང་རུང་ཚང་མ་རང་རེའི་འཚོ་བའི་ཆ་ཤས་ལགས།

ཁྲོམ་ལམ་ནས་འབྲལ་མི་ཕོད་པའི་བརྒྱུད་རིམ་ནང་བདག་གྲོང་ཁྱེར་འདི་ལ་ཞེན་ཆགས་པ་དང་།འདི་གའི་མི་སྡུག་པར་ཞེན་ཆགས་ལ། འདིར་སྔོན་མ་ནས་ཡོད་པའི་བྱ་བ་ཆུང་ཙག་རེ་རེ་ལ་ཞེན་ཆགས། དེ་ཡང་མི་ཞིག་ལ་དགའ་པོ་བྱེད་པ་དེ་ནི་ཉིད་ཀྱི་འཚོ་བའི་ནང་མི་དེའི་གཟུགས་བརྙན་གྱིས་གང་བ་ལགས། གློ་བུར་ཐོགས་འབེབས་ལ་བྱུང་བའི་ཚོར་སྣང་དེ་གཅིག་བྱས་ན་ལྐུགས་རྟགས་དོད་ཙམ་ཡིན་ཡང་སྲིད། འོན་ཀྱང་བདག་སེམས་ཀྱི་ཡོལ་གོར་དྲོ་སྐྱིད་ཀྱིས་གང་བ་ཞིག་ལགས།

●གྲོགས་པོ་གྲོགས་མོ་ཡང་གཅེས་ལངས་སུ་ཤོར་སྲིད།

ཁོ་མོ་ནི་དུང་སེམས་དང་ལ་རྒྱ་གཉིས་ལྡན་གྱི་བདེན་པའི་རྒྱབ་ལངས་དང་གཉོམ་ཆུང་མཐའ་ནས་སྐྱོང་མཁན་ཞིག་ལགས།

སློབ་གྲོགས་རྙིང་པའི་བུ་མོ་ནད་ཀྱིས་མནར་སྐབས་སློབ་གྲོགས་རྙིང་པ་དང་མོའི་ཁྱོ་བོ་གཉིས་ཀ་ལས་ཀར་འགྲོ་དགོས་པས།ཁོ་མོས་རང་འགུལ་ངང་སློབ་གྲོགས་རྙིང་པའི་ཕྲུ་གུར་ལྟ་སྐྱོང་བྱེད་རྒྱུའི་འགན་འཁུར།

དགའ་ཉེ་གྲོགས་མཆེད་ཀྱི་སྐྱེས་སྐར་སླེབས་རིམ་བཞིན་ཁོ་མོའི་སྐྱེས་སྐར་སྟོན་མོའི་འཆར་གཞི་བཟོ་བ་དང་། དངུལ་དང་ནུས་ཤུགས་འདོན་པར་མ་ཟད།ས་ཆ་ཡང་བཏང་ནས་སོ་སོའི་གཙང་ལ་གྲལ་འགྲིག་པའི་ཁང་ཁྱིམ་ཟང་ཟིང་རང་རོང་བཟོས།

བཀྲ་མི་ཤིས་པའི་གནས་ཚུལ་ཐོན་སྐབས་ཁོ་མོས་མི་སྒྲིག་འཛུགས་བྱས་ཏེ་མེ་ཏོག་དང་ཤོག་དངུལ་བཀོད་སྒྲིག་གི་ལས་ཀ་བྱེད་པར་སོམ་ཉི་བྲལ།

རྟེན་འབྲེལ་ཞུ་དགོས་པའི་བྱ་བར་ཐུག་སྐབས་ཁོ་མོ་མེད་ན་མི་འགྲིག་པས་གྲོགས་མོ་གྲོགས་མཆེད་ལ་རྟེན་འབྲེལ་ཞུས་པའི་ཐེངས་གྲངས་ནམ་མཁའི་སྐར་ཚོགས་ཀྱིས་དོ་ཟླ་མི་ཆོག ཆོས་ཚོགས་ནང་དུ་ཁོ་མོས་འོས་འགན་ལས་བྱ་ཡིན་པའི་གྲོགས་པོ་ཆུང་ཆུང་ཚོར་སྦྱོང་ཚན་བཟོ་རོགས་བྱེད་དགོས་ཀྱི་ཡོད། ཁོ་མོ་རྒྱ་ཡིག་དང་། དབྱིན་ཡིག་རྒྱུན་ཤེས། རོལ་མོ། ལུས་རྩལ། མཛེས་རིས་བཅས་ལ་མཁས་ཤིང་། ཁྲིད་མི་ཤེས་པ་འབའ་ཞིག་དེ་ཨང་རྩིས་ཡིན་པས་ཁོ་མོས་རྩིས་རྒྱག་མི་ཤེས།

ཆོས་ཚོགས་ཀྱི་ཕྱི་རོལ་དུའང་ཁོ་མོས་འོས་འགན་བྱ་བ་སྒྲུབ་ཀྱིན་ཡོད་པས་རྒྱུན་དུ་རྩུབ་སྤྱོད་ཀྱི་ཉེན་ཁ་ལྡན་པའི་ན་གཞོན་ཞིག་བླུག་སྟེ་ཐན་ཧྲེའི་ཝུའེ་ནས་ཁྲི་ཀྲུའུ་བར་གྱི་རླངས་འཁོར་ལ་བསྡད་དེ་བཙོན་ཁང་ནང་ཡོད་པའི་ན་གཞོན་དེའི་ཨ་མར་ལྟ་བར་འགྲོ་གིན་ཡོད།

མདོར་ན་ཁོ་མོ་དང་ཉེ་འདྲིས་ཡོད་པའི་མི་ཚང་མར་ལས་བསོད་ཆེ་བ་ཞིག་ཡིན་པའི་སྣང་བ་ཡོང་གི་ཡོད།

མོ་རྒོད་ཇི་ལྟར་འཇོན་ནའང་གང་ལྟར་ཤ་ཁྲག་གདོས་བཅས་ཀྱི་གང་ཟག་ཡིན་པས་ནད་ཀྱིས་མནར་བར་འགྱུར་སྲིད། ཐེངས་ཤིག་ཁོ་མོ་སྨན་ཁང་དུ་ཉིན་བདུན་ལུས་ཤིང་། གྲོགས་པོ་གྲོགས་མོ་མང་པོ་ཞིག་གིས་ཁ་པར་ཙམ་བརྒྱབ་ནས་འཚམས་འདྲི་བྱས་པ་ལས་མེ་ཏོག་རྐང་གཅིག་ཀྱང་སྐྱེལ་མཁན་མ་བྱུང་བས། སྨན་ཁང་ནས་བུད་རྗེས་ཁོ་མོ་དངོས་གནས་བློ་ཕམ་ཕྲན་བུ་བྱུང་།

ཟླ་བ་ཁ་ཤས་འདས་རྗེས་ཁོ་མོས་གྲོགས་མོ་ཚོར་དེའི་སྐོར་བརྗོད་སྐབས་གྲོགས་མོ་ཚང་མས“ཨ་ཙི། མེ་ཏོག་ཉོ་རྒྱུ་དང་ནད་པར་ལྟ་རྒྱུ་ཚང་མ་ནམ་རྒྱུན་ཁྱེད་རང་གིས་འགན་འཁུར་བ་མ་རེད་དམ”ཞེས་སྨྲས།

མོ་རྒོད་གཞི་ནས་རྟོགས་པ་སད། སོ་སོའི་ཕྲུ་གུ་གཅེས་ལངས་སུ་ཤོར་བ་སྨོས་ཅི། ད་བྱེད་དུས་གྲོགས་པོ་གྲོགས་མོ་ཡང་གཅེས་ལངས་སུ་ཤོར་གྱི་ཡོད་པ་རེད་ཨང་སྙམ།

《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》ལས་བཏུས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།