ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ནས་ལྷུང་བའི་སྒྲ་ཞིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ས་དམར་གྲགས་པ།   སྤེལ་དུས། : 2021-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚོར་བ་དང་རིག་པ་གཉིས་གཞི་གཅིག་ཏུ་འདྲེས་པས་ན། སྣང་བ་ཡང་དེ་དང་བསྟུན་ནས་འཕེལ་བ་ཞིག་ཡིན། སྣང་བས་ཡི་གེ་གྲུབ་ཅིང་། རིག་པས་སྐད་ཆའི་གཟུགས་གྲུབ། ཚོར་བས་ཡི་གེའི་སྲོག་བསྐྲུན་པ་རེད་ཟེར་རུང་ངམ། སྤྱིར་སྙན་ངག་ནི་ཚོར་ཤེས་ཀྱིས་གྲུབ་པའི་རིག་པ་ཞིག་སྟེ། ཡི་གེ་ནི་ཚོར་བའི་ཤ་དང་སྐད་ཆ་ནི་སྲོག་ཡིན་སྟབས། སྙན་ངག་ལེགས་པོ་ཞིག་གྲུབ་པར་འདི་དག་མེད་དུ་མི་རུང་མོད། འོན་ཀྱང་ད་དུང་དགོས་པ་ཞིག་ཡོད་པ་ནི་སྐྱེས་ཐོབ་ཀྱི་ཤེས་རབ་ཡིན། སྙན་ངག་མཁན་ཞིག་རིག་པའི་བག་ཆགས་ལས་སད་མ་ཐུབ་ཚེ། སྙན་ངག་བྲིས་པ་སྙན་ཡང་། སྙན་ངག་གི་མཐར་ཐུག་གི་དགོས་པ་མཛེས་རིག་གི་མཐོ་ཚད་ལ་སྙེག་མི་ཐུབ་པར་འདོད། སྙན་ངག་གི་མཛེས་རིག་ནི་སྣང་བའི་བཅུད་དང་། སྐད་ཆའི་བབ། ཚིག་གི་ལྷུ། སྟོང་པའི་ཁམས་སོགས་གཞི་གཅིག་ཏུ་འདུས་པ་ཞིག་ཡིན་པ་ལས། ཁ་ནས་བཤད་བཤད་དང་། ལག་ནས་བྱུང་བྱུང་ཚང་མ་མ་ཡིན་ནོ། །

ཚོར་བས་མ་གྲུབ་པའི་སྐད་ཆ་ལ་སྲོག་ཡོད་ཀྱང་། དེ་ནི་ཁ་བརྡའི་སྐད་ཆ་ཙམ་ལས་སྙན་ངག་གི་སྐད་ཆ་མ་ཡིན། སྙན་ངག་གི་སྐད་ཆས་ཁ་བརྡའི་སྐད་ཆ་གྲུབ་ཐུབ་པར་མ་ཟད་སྐད་ཆའི་མཛེས་པ་ལས་འཇིག་རྟེན་བདེ་སྡུག་གཉིས་ཀྱི་སྙིང་ཁམས་གསོ་ཐུབ། འོན་ཀྱང་དེང་གི་སྐབས་འདིར་སྙན་ངག་མཁན་གང་མང་ཞིག་གིས་དོན་བཤད་ཀྱང་ཕྱི་ངོས་ཀྱི་ཚིག་གི་གཞི་མ་གྲུབ་པས་ན། འདི་ལ་སྙན་ངག་ཟེར་མི་རུང་བར་འདོད། གོ་བདེ་བའི་སྙན་ངག་ལ་ཡང་སྙན་ངག་གིས་གྲུབ་པའི་སྐད་ཆ་དང་། བརྡ་སྟོན་ཐབས་ཡོད་པས་ན། དེང་གི་སྙན་ངག་མ་ཡིན་པའི་སྙན་ངག་གི་རིགས་འདི་ལ་ཐད་ཀ་ཐད་ཀར་གོ་ཐུབ་པའི་ལས་སླ་བའི་ཆ་འདུས་ཀྱང་། སྙན་ངག་ནི་ལས་སླ་བའི་ལས་ཤིག་མིན་ཕྱིར། སྔོན་གྱི་མཁས་པ་ཚོས“མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས”ཞེས་གསུངས་པ་མ་ཡིན་ནམ།

དེང་གི་སྐབས་འདིར་མི་གང་མང་ཞིག་གིས་སྙན་ངག་ཅི་ཡིན་མ་ཤེས་པར་སྙན་ངག་ཀློག་པའི་སྐབས་སུ་སྙན་ངག་འདི་སྙན་ངག་མ་རེད་ཟེར་སྲོལ་ཞིག་ཆགས་འདུག མི་དེ་དག་གིས་བཤད་པའི་སྙན་ངག་འདི་སྙན་ངག་མིན་ན། སྙན་ངག་གང་སྙན་ངག་རེད། སྙན་ངག་ལ་འདི་མ་ཡིན་པ་དང་། གན་ཡིན་པའི་སྙན་ངག་ཅིག་ཡོད་དམ། ཡོད་ན་དེ་ལ་སྙན་ངག་ཟེར་རམ། ཚིག་སྔོན་མས་རྗེས་མ་འཛིན་མི་ཐུབ་པ་དང་། དོན་རྗེས་མས་དོན་སྔོན་མ་བོ་བརྗེད་འགྲོ་བའི་དེང་གི་ཚིག་རྩལ་ཅན་འགས་སྙན་ངག་ཅེས་པའི་རང་མཚན་འདི་ལ་ཁ་ཆག་རྣ་རལ་གྱིས་ཟློས་གར་སྣ་མང་ཞིག་འཁྲབ་ཡོད་ཀྱང་། སྙན་ངག་ནི་སྔར་བཞིན་སྙན་ངག་ཡིན་ཏེ། འཚོ་བ་ཡོད་ན་སྒྱུ་རྩལ་གྱི་ས་བོན་ཡོད་ལ། སྒྱུ་རྩལ་གྱི་ས་བོན་ཡོད་ན་སྙན་ངག་གི་སྲོག་ཡོད། སྙན་ངག་གི་སྲོག་ཡོད་ན་སྙན་ངག་གི་རྒྱན་ཡང་ཡོད་པས། སྙན་ངག་ལ་སྙན་ངག་གིས་མཚོན་པའི་འཇིག་རྟེན་གྱི་ཆེས་མཛེས་པའི་དགའ་བ་དང་སྐྱོ་བའི་ཁམས་གཙང་མ་ཞིག་ཡོད་དོ། །

རྐང་ལག་ཧ་ཅང་མགྱོགས་པའི་དྲ་རྒྱའི་དུས་སྐབས་འདིར། ཞོར་ཟས་ལ་དགའ་བ་ཚད་མེད་པའི་ཀློག་མཁན་དག་གི་རྣམ་དཔྱོད་ལ་རྡུལ་ཆགས་ཡོད་པས་ན། སྙན་ངག་ཟེར་དུས་དེའི་མཐར་ཐུག་གི་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པའི་མིའི་རིགས་ཀྱི་ཕྱིར་དུ་མཛེས་སྡུག་རིག་པའི་རིག་པ་ལ་བརྟེན་ནས་སྐད་ཆ་ག་འདྲ་ཞིག་བཤད་དགོས་པ་དང་། ཇི་ལྟར་བཤད་དགོས་པ་མ་ཤེས་ཚེ། སྙན་ངག་ལ་སྙན་ངག་གི་གོ་ས་དེ་ཡོད་མི་སྲིད། དཔེར་ན”སྒྱུ་རྩལ་ལས་བརྒལ་བ”ལྟ་བུའི་རྩོམ་རིག་གི་ལྟ་བ་ལ་ང་རང་ཞེད་སྣང་འདུག སྒྱུ་རྩལ་ལས་བརྒལ་སོང་ན་སྒྱུ་རྩལ་གང་དུ་ཡོད་དམ། སྒྱུ་རྩལ་ལས་བརྒལ་སོང་ཚེ་སྒྱུ་རྩལ་ཟེར་བ་དེ་སྒྱུ་རྩལ་ཡིན་ནམ། དེ་སྒྱུ་རྩལ་ཡིན་ན་སྒྱུ་རྩལ་ལས་བརྒལ་ཡོད་དམ། དེ་སྒྱུ་རྩལ་མིན་ཚེ་སྒྱུ་རྩལ་ཡང་མེད་སོང་པས་ན། ཁ་བདེ་ལྕེ་བདེ་ཙམ་གྱིས་སྙན་ངག་གི་མགྲིན་པ་ནམ་མཁར་འདོགས་མི་ནུས་སོ་ཞེས་ཀྱང་ཞུ་རྒྱུ་ཡིན།

སྤྱིར་སྙན་ངག་ཅིག་ཀློག་སྐབས། ཀློག་མཁན་རང་ཉིད་ཀྱིས་རེ་སྒུག་བྱེད་པའི་ཚོར་བ་དེ་དང་ལེན་བྱེད་པ་ཕུད། ང་ཚོས་ད་དུང་སྙན་ངག་གི་ནང་དུ་ང་ཚོ་རང་ཉིད་ཀྱི་བློ་ཡུལ་དུ་འཆར་མི་ཐུབ་པའི་འཆར་སྒོ་དང་དྲན་ཤེས་ཀྱི་སྒོ་གཞན་ཞིག་རྙེད་པར་རེ་བ་གཞན་ཞིག་ཡོད་དགོས་པར་འདོད། དེ་ལྟར་བྱས་ཚེ་ཀློག་མཁན་གང་དེར་སྙན་ངག་གི་ཆེས་གཞི་རྩའི་དགོས་པའམ་མྱང་བྱ་གཞན་ཞིག་ཐོབ་སྲིད་པ་རེད། དེ་མིན་དྲ་རྒྱའི་དུས་རབས་ཀྱི་ཁ་ཆེ་ནས་ཆེ་རུ་ཕྱིན་པའི་བར་སྐབས་འདིར། སྙན་ངག་མ་ཟེར། མཐའ་ན་གྲོགས་པོ་རེ་འགའ་མཉམ་དུ་འཛོམས་ཏེ་སྡེར་མ་གཅིག་གི་ནང་ནས་ཁ་ལག་ཟོས་ཀྱང་། མི་རྣམས་མཉམ་དུ་མེད་པ་བཞིན་རང་རང་སར་ལག་པའི་ནང་ཁ་པར་ཐོགས་ཏེ་འཛོམས་པའི་དགོས་པ་དང་། དགའ་སྣང་དང་སྐྱིད་སྣང་དེའང་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད་པ་རེད། དྲ་བས་འུ་ཅག་ཐག་ཉེ་རུ་ཇི་ལྟར་བཏང་ན་འུ་ཅག་དེ་ལྟར་ཐག་རིང་དུ་འགྲོ་བཞིན་ཡོད་པས་ན། སྙན་ངག་དང་སྙན་ངག་མཁན་གཉིས་ཀྱང་འདི་ལས་མ་མཆིས་པས། སྙན་ངག་མཁན་དག་གིས་རང་གི་སེམས་པར་བདག་བྱེད་པ་དང་། དྲ་ལམ་རིག་གནས་ཀྱི་དཀར་ནག་གཉི་གར་དཔྱད་ཐུབ་པ་བྱ་དགོས་པ་ཧ་ཅང་ནས་གཙོ་བོ་ཞིག་ཏུ་འདོད་དོ། །

སྐབས་འདིར་སྐད་ཆ་ཞིག་དྲི་དགོས་པ་ནི། འུ་ཅག་གིས་དུས་རྟག་ཏུ་མིའི་རིགས་རིག་པ་ནི་ཅི་ཞིག་ཡིན་ནམ། འུ་ཅག་ལ་ཡོད་དམ་མེད། མིང་འདི་མེད་པའམ་རིག་ཅན་དུ་མ་བསྒྱུར་བ་ཙམ་གྱིས་མེད་སོང་བ་ཨེ་ཡིན། ཡང་ན་སྔོན་མ་ནས་རིག་ཅན་ཞིག་ཏུ་གྱུར་ཡོད་དམ། ཁྱོད་ཀྱིས་མཐོང་བའི་ཟས་ཁམ་གང་དང་བར་སྟོང་མི་འདང་བའི་དབྱང་རླུང་དེ་ཡིན་ནམ། དགོས་པ་དང་མི་དགོས་པའི་ཆེད་ལས་ཚང་མ་སྐྱོབ་ཐུབ་བམ། དངོས་པོ་གསར་པ་དགོས་སམ། ཚང་མ་མི་དགོས་པ་ཡིན་ནམ། ཡང་ན་གང་ལའང་མི་སྐྲག་པའི་སྐད་ཅོར་བརྒྱབ་ནས་འདུག་པའི་ཁ་དེ་དག་ཡིན། གནད་དོན་ནི་གནད་དོན་དེ་དག་ཇི་ལྟར་ཐག་གཅོད་དགོས་སམ། དམིགས་བསལ་གྱི་དུས་ཚོད་ཀྱིས་གྲུབ་པའི་གནད་དོན་ཞིག་ཨེ་ཡིན། དེ་ནི་གནད་དོན་གཞན་ཞིག་གི་མདུན་དུ་ལྷགས་པའི་གནད་དོན་ཡིན་ནམ། ཡིན་ན་གནད་དོན་འདི་ལ་ཁྱོད་ཀྱིས་ཇི་ལྟར་འཇུ་བར་བྱ། ཁྱོད་ཀྱིས་ཅི་ཞིག་བསམ་གྱིན་ཡོད་མེད་དེ་གཙོ་རྒྱུག་ཅན་དུ་འགྱུར་ཐུབ་བམ། འདི་ཡང་མི་གཞན་པས་ཁྱོད་ཀྱི་སེམས་ལ་བཞག་པའི་བག་ཆགས་དེ་ཨེ་ཡིན། ཡིན་ན་གནད་དོན་དེ་ཁྱོད་ཀྱི་གནད་དོན་ཨེ་ཡིན། དེ་རིགས་ཀྱང་བོད་ཀྱི་སྙན་ངག་མཁན་དག་གིས་མཐོང་དགོས་པ་དང་། མཐོང་ནས་ཀྱང་རང་ཉིད་རྙེད་དགོས་པའི་གནད་དོན་ཞིག་རེད་འདོད་དོ། །

སྙན་ངག་མཁན་ཞིག་གིས་སྙན་ངག་ལ་ཁམས་བཞེངས་མ་ཐུབ་ཚེ། མི་ཆེ་ཆུང་གང་གིས་བྲིས་ཀྱང་། དེ་ནི་སྙན་ངག་མ་ཡིན་པར་ཤོག་སྒམ་སྟོང་པ་ཞིག་ལ་མིང་གང་ཉེ་ཞིག་བཏགས་པ་ལས་གཞན་ཅི་ཡང་མཚོན་མི་ནུས་པ་དང་། མཚོན་ཡང་མི་ཐུབ། ཉེ་སྔོན་དྲ་སྟེང་དང་དུས་དེབ་གང་རུང་གི་ངོས་ནས་སྙན་ངག་མཁན་རྒན་པ་རེ་གཉིས་ཀྱིས་གནའ་ཡི་མིང་ཁྱེར་ནས་དེང་གི་སྙན་ངག་དུས་དེབ་གང་རུང་གི་ཤོག་ངོས་ཀྱི་ཚད་བཟུང་ཡོད་པ་དང་། དེ་དག་གིས་ད་དུང་སྙན་ངག་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་པ་ཡིན་སྲིད་མོད། འོན་ཀྱང་སྙན་ངག་ནི་སྙན་ངག་ལ་དགའ་བ་དང་། སྙན་ངག་བྲི་འདོད་པ་ཙམ་གྱིས་བྲིས་པའི་ཚིག་བདེ་མོ་འགའ་ཨེ་ཡིན་ཞེས་སྙན་ངག་མཁན་དག་ལ་གྲོས་གཞི་ཞིག་ཀྱང་ཕུལ་བའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།