ང་ཡང་ཆུ་འཚོལ་མཁན་ཞིག་ཡིན།

“མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་འདི་དག་བརྟེན”ཞེས《མདོ》ལས་གསུངས་པ་ནང་བཞིན། ས་ཆུ་མེ་རླུང་ནི་གཅིག་ལ་གཅིག་བརྟེན་དུ་གནས་ཤིང་གཅིག་འགོག་གཅིག་དགྲ་རུ་གནས་པས་ཕན་ཚུན་རྟེན་འབྱུང་གི་འབྲེལ་བ་ཡོད་ལ་ཕན་ཚུན་འགལ་ཟླའི་འབྲེལ་བའང་ཡོད། འཛམ་གླིང་གི་སྐྱེ་འགྲོ་ཇི་སྙེད་ཅིག་ཐོག་མར་ཆུ་ལ་བརྟེན་ནས་བྱུང་ཞིང་སླར་ཡང་ཆུ་ལ་བརྟེན་ནས་ནུབ་བཞིན་ཡོད་པས། སའི་གོ་ལའི་བརྒྱ་ཆའི་བདུན་ཅུ་ཡས་མས་ཤིག་ཆུ་ཡིས་ཟིན་ཞིང་། དེ་བས་ཆུ་ནི་ང་ཚོའི་འཚོ་བ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། ང་ཚོས་ནམ་ཡང་ཆུ་ལ་གྲོན་ཆུང་མི་བྱེད་པའི་འདུ་ཤེས་དེ་རྩ་བ་ནས་འདོར་དགོས།

ཆུ་བོ་ཆེན་པོ་བཞི་དང་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་སུ་གྱུར་པའི་འཛམ་གླིང་ས་ཡི་ཐིག་ལེ་མདོ་དབུས་མཐོ་སྒང་ནི་རི་མཐོ་ས་གཙང་གི་གནས་སུ་ཆགས་ཤིང་གནས་འདི་ནི་ཡང་མེས་ཚོས་ང་ཚོར་བསྐྱུར་བའི་ཕ་ས་དྲོན་མོ་དེ་ཡིན་ལ། ཕ་མེས་ཚོས་ང་ཚོར་བཞག་པའི་ཕ་ཁྱིམ་སྨུག་པོ་དེའང་ཡིན།

སྟོད་ལ་འགྲོ་མཁན་དེའང་ཆུ་འཚོལ་མཁན་ཞིག་རེད། སྨད་ནས་ཡོང་མཁན་དེའང་ཆུ་འཚོལ་མཁན་ཞིག་རེད། ཆུ་འཐུངས་རྗེས་ལྷག་མ་ང་ལ་བསྐྱུར་རོགས། ང་ཡང་ག་ས་ཀུན་ནས་ཆུ་འཚོལ་མཁན་ཞིག་ཡིན། ཆུ་མིག་བརྒྱ་དང་བརྒྱད་ལས་ཆུ་མིག་ལྔ་བཅུ་ཐན་པས་བསྐམས་སོང་། ཆུ་མིག་ལྔ་བཅུ་སྙིགས་མས་བརླགས་ཡོད། ཆུ་མིག་བདུན་དེ་བྱེ་མས་མནན་ཡོད། ལྷག་མར་ལུས་པའི་ཆུ་མིག་གཅིག་གིས་ང་ཚོའི་མི་རབས་འདིར་འདང་ཡོད། ཆུ་མིག་འགྲམ་ནས་གཙང་བཙོག་མ་བྱེད། ཁྱེད་ཀྱི་རྐང་ལག་ན་ངེས་རེད། ཆུ་ནི་གང་ནས་བབས་ཀྱང་གང་དུ་བཞུར་རུང་ཚང་མ་རྒྱ་མཚོ་དང་འདྲེས་ནས་ཡོད།

གངས་ཆུ། ནགས་ཆུ། རྫ་ཆུ། གཡའ་ཆུ་སོགས་ཆུ་སྣ་མི་གཅིག་བརྒྱ་དང་བརྒྱད་ཡོད།

ཉོན་དང་། ཆུ་བོའི་བཞུར་སྒྲ་ཇེ་ཆུང་ནས་ཇེ་ཆུང་དུ་འགྱུར་བཞིན་འདུག མདོར་དེད་ན། ཆུ་ཡི་ཟིན་ཚད་ནི་སྣོད་ཅིག་གི་ཤོང་ཚད་ལས་རྟོགས་ལ། ཆུ་ཐིགས་རེ་རེ་ཟགས་པ་ལས་རྒྱ་མཚོ་ཆེན་པོ་ཞིག་ཆགས་ངེས། ཆུ་ཡིས་ཟིན་པའི་རང་བྱུང་ཁམས་ཆེན་པོ་ནི་འགྲོ་བ་མིའི་རིགས་ཀྱི་རྒྱུན་ཐག་གི་རྟེན་གཞི་གལ་ཆེན་ཞིག་ཡིན་པས། ང་ཚོས་དུས་ནམ་ཡང་རང་བྱུང་ཁམས་ཆེན་པོ་འདི་ཉིད་གཅེས་སྤྲས་དང་སྲུང་སྐྱོབ། གསེར་རི་དངུལ་རི་ལྟ་བུའི་ལྗང་མདོག་གི་ཡུལ་གྲུ་ཞིག་ཏུ་བསྒྱུར་རྒྱུ་ནི་ང་ཚོའི་མི་རེ་རེའི་ཕྲག་སྟེང་དུ་བབས་པའི་འོས་འགན་ཉག་ཅིག་ཏུ་བསམས།

ངས་ཆུ་ཕྲན་དེ་དེད་ནས་གྲོང་ཁྱེར་དུ་སླེབས། དེ་རིང་ངས་གྲོང་ཁྱེར་གྱི་ཆུ་ཆེན་འདིས་ཕ་ཡུལ་གྱི་ཆུ་ཕྲན་ཡོད་ཚད་ཁྱུར་མིད་དུ་གཏོང་བཞིན་པ་མཐོང་བྱུང་། ང་སྡོད་སའི་གྲོང་ཁྱེར་ན་གངས་རི་དང་རྩྭ་ཐང་མེད། ལྷུང་ལྷུང་བཞུར་བའི་རྫ་ཆུ་བསིལ་མ་དང་བག་གཡེང་ངང་རྩེན་པའི་རྟ་ནོར་ལུག་གསུམ་ཡང་མེད། ཡིན་ཡང་མིས་བཟོས་པའི་ལྡུམ་ར་ཆེན་པོ་ཞིག་དང་དུག་སེལ་བྱས་པའི་རང་བྱུང་ཆུ་འབབ་ཅིག་མཐོང་རྒྱུ་འདུག དུས་མ་ཡིན་པའི་ནང་ཆུ་ཡང་ཉུང་ཙམ་འཐུང་དགོས་ལ་ཟ་མའང་ཉུང་ཙམ་བཟའ་དགོས།

མུན་རུབ་སོང་། ངས་ཕ་ཡུལ་ལྷག་ཏུ་དྲན། ཞིང་གྲོང་གི་ཕ་ཡུལ་ནི་ངའི་བྱིས་དུས་ཀྱི་རྩེད་ར་དྲོན་མོ་ཡིན། གནས་དེ་ན་ང་ལ་དབང་བའི་དྭངས་གཙང་གི་ནམ་མཁའ་ཡོད། ནམ་མཁའི་ངོས་ལ་ལྷད་མ་འདྲེས་པའི་མཐོ་སྒང་གི་གྲིབ་གཟུགས་བསྒྲེངས་ཡོད།

དེ་རིང་གློ་བུར་དུ་ང་སྡོད་སའི་གྲོང་ཁྱེར་ལ་གློག་ཆད་སོང་། གློག་ཆད་རྗེས་ཡོད་ཚད་མུན་ནག་གི་འཇིག་རྟེན་ཞིག་ཏུ་གྱུར་འགྲོ། གློག་ཆད་པའི་རྒྱུ་རྐྱེན་ངོ་མ་ནི་ཁྱེད་ཀྱིས་ཆུ་གློག་དོ་མཉམ་དུ་བཀོལ་མ་ཤེས་པའི་རྐྱེན་རེད། གློག་ཆད་པའི་རྐྱེན་གྱིས་ངས་ཆུ་དྲན་བྱུང་། ཆུ་དྲན་དུས་ང་ཡང་ཆུ་འཚོལ་མཁན་ཞིག་ཡིན་པ་གཞི་ནས་རྟོགས་ཡོང་། གྲོང་ཁྱེར་ནས་གློག་དང་ཆུ་ནི་རྟེན་ཅིང་འབྲེལ་བར་གནས་ལ་གློག་ཆད་རྗེས་ཆུ་ཡང་རྩ་བ་ནས་འགག་ཟིན། ཆུ་ཡིས་ཉིན་གཅིག་གི་འཚོ་ཚིས་ལ་རམ་འདེགས་ཀྱི་བྱེད་ནུས་ཅི་དགར་ཐོན་བཞིན་ཡོད་པས་དེ་རིང་ངས་ཆུ་ཡི་ཕན་ནུས་དང་ཆུ་ཡི་རིན་ཐང་ངོ་མ་དེ་རྟོགས་སོང་བ་འདྲ།

དུས་ཚོད་ཀྱི་མདའ་རྩེ་བར་ནས་བསྐྱར་ཟློས་ཀྱི་འཚོ་བ་རེ་ཞིག་རྒྱ་ཡན་དུ་ཤོར། ལོ་རེའི་ལུགས་རྙིང་གི་ཟླ་ལྔ་པའི་ཚེས་ལྔ་ནི་ལྔ་པའི་བ་གཞིའམ་ལྔ་པའི་བ་དུང་། ལྔ་པའི་ལྷ་མཚོན་ཆེན་མོ་ཞེས་པའི་རྒྱ་བོད་འདྲེས་མཚམས་སུ་དར་བའི་ཐུན་མོང་གི་དུས་ཆེན་ཞིག་རེད། ད་རེས་ཀྱི་གུང་སེང་དང་བསྟུན་ནས་ང་རང་ཆེད་དུ་ཕ་ཡུལ་ལ་ཐེངས་གཅིག་ལོག་པ་ཡིན། ཐེངས་གཅིག་ལོག་པའང་དོན་དུ་ཆུ་འཚོལ་དུ་སོང་བ་ཡིན། ལྔ་པའི་བ་གཞི་ནི་བོད་ལ་མཚོན་ན་སངས་རྒྱས་སྨན་བླའི་དུས་ཆེན་ཡིན་ལ། ཉིན་དེར་ཞོགས་གསོ་པ་ནས་ཡར་ལངས་ཏེ་ཆུ་ཁ་ལ་རེག་ན་ནད་བརྒྱ་སྨན་གཅིག་གིས་བ་བཞིན་ཆུ་རྩེད་དང་ཆུ་ཡིས་ཁ་ངོ་བཀྲུས་ན་ཚེ་རིང་ནད་མེད་ཡོང་བར་བཤད། རྒྱ་ནག་ལ་མཚོན་ནའང་ལྔ་པའི་བ་གཞི་ནི་ལོ་ངོ2500ལྷག་གི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་རེད། རྒྱ་ནག་པས་འདི་ནི་སྙན་ངག་པ་ཆུས་ཡོན་ལ་རྗེས་དྲན་གྱི་ཚུལ་དུ་སྤེལ་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་པས་ཉིན་དེར་དེ་འབྲེལ་གྱི་བྱེད་སྒོ་སྣ་མང་སྤེལ་བཞིན་འདུག དེ་བས་བོད་ལའང་དེ་མཐུན་གྱི་ཆོ་ག་སྣ་ཚོགས་ཅི་རིགས་ཤིག་མཆིས་ཤིང་། བོད་ཡུལ་གྱི་ས་ཆ་གང་ཡིན་རུང་ཉིན་དེར་རི་སྐྱེས་སྣ་ཚོགས་དང་ཆུ་མིག་གང་ལའང་སངས་རྒྱས་སྨན་བླའི་སྨན་ཆུ་གཏོར་ཡོད་པའི་བཤད་རྒྱུན་འདུག་པས། མི་རྣམས་ཀྱིས་ཉིན་དེར་དོན་དུ་ཆུ་འཚོལ་བ་དང་འདྲ་སྟེ། ཉིན་དེའི་ཞོགས་པར་སྐྱ་མདའ་མ་ཤར་སྔོན་ལ་སྡེ་བའི་སྐྱེ་ཕོ་མོ་ཐམས་ཅད་ཀྱིས་སྣོད་ཆེ་ཆུང་མང་པོ་ཁྱེར་ནས་དུས་ཚོད་ཀྱི་སྔ་གཞུག་རྩོད་བཞིན་ཕྱོགས་དང་ཕྱོགས་བྱས་ནས་སྡེ་བ་དང་ཐག་ཉེ་བའི་ཆུ་མིག་དག་གི་འགྲམ་ལ་སངས་རྒྱས་སྨན་བླའི་སྨན་ཆུ་ལེན་པར་བྲེལ། ང་ཡང་ཆུ་འཚོལ་མཁན་གྱི་ལས་དང་པོ་བ་ཞིག་ཡིན་པའི་ཆ་ནས། ངས་ཀྱང་རང་གི་ཚ་བོ་ཚ་མོ་རྣམས་ཁྲིད་ནས་ཆུ་མིག་ཁར་སླེབས་དུས་སྔོན་གྱི་སར་གནས་པའི་ཆུ་མིག་དེ་དག་བསྐམས་ནས་ཤུལ་ཀྱང་མེད་ཚོད་རེད། རང་གི་དམིགས་ཡུལ་ལྟར་གྱི་ཆུ་འཚོལ་རྒྱུ་མི་འདུག ཆུ་སྦུག་ལས་ཆུ་ཆུང་ངུ་ཞིག་ལས་འབབ་ཀྱིན་མེད་པའི་ཆུ་མིག་གཅིག་ལ་མི་ཚོགས་ཀུན་ནས་རུབ་འདུག་སྟེ། སྣོད་ཆུང་ངུ་ཞིག་དགང་དགོས་ནའང་དུས་ཚོད་ངེས་ཅན་ཞིག་མཁོ་ངེས་པས། ད་ནི་གཞི་ནས་ཆུ་འཚོལ་མཁན་ཇེ་མང་དུ་འགྲོ་ལ་ཆུ་སློང་མཁན་ཡང་ཇེ་མང་དུ་འགྲོ་ངེས།

ངས་ཇི་ལྟར་བཙལ་ཡང་ཆུ་མིག་གཅིག་ལས་མ་རྙེད། ཆུ་མིག་དེའང་ཕྱི་སྲོག་ཆད་ནས་ནང་སྲོག་ལ་ཐུག་འདུག ང་རང་འཚང་ཁ་ཤིག་ཤིག་གིས་མི་ཚོགས་ཀྱི་གྲས་སུ་བཙངས་ནས་ཆུ་ཡིས་ཁ་ལག་བཀྲུ་བ་སོགས་རྩེད་འཇོ་སྣ་ཚོགས་ལ་རོལ་བས་རང་ཉིད་ནི་ཆུ་འཚོལ་མཁན་ཞིག་ཡིན་པ་རྩ་བ་ནས་བརྗེད་སོང་། སྐབས་འདིར་ངས་ཀྱང་ནད་ཡམས་སྣ་ཚོགས་སངས་པར་བྱས་སོང་བའི་བྱིས་པའི་ཚོར་སྣང་ངོ་མ་ཞིག་རྙེད་པ་འདྲ་སྟེ། སྔོན་ཆད་ང་ཚོའི་སྡེ་འདབས་ཀྱི་ཆུ་མིག་འདིས་སྒོ་ཕྱུགས་ཚོ་ཡུན་གྱིས་གསོས་མྱོང་ལ་སྡེ་མི་ཚོ་དྲིན་གྱིས་བསྐྱངས་མྱོང་། དགུན་ཤ་བཤའ་དུས་ཆུ་འདི་བཀོལ་ལ་ཁམས་གསེང་བྱེད་དུས་ཀྱང་ཆུ་འདི་བཀོལ་བ་རེད།

སྐབས་དེར་ང་ཚོ་ཧ་ཅང་ཆུང་། ང་ཚོས་ཆུ་མིག་འདིའི་འགྲམ་ནས་བྱིས་པའི་རྩེད་ར་ཞིག་བསྒྲིགས་ཡོད། ཆུ་མིག་འདིར་བརྟེན་ནས་ང་ཚོས་འདམ་བག་གིས་མཆོད་རྟེན་དང་ཐོག་ཁང་ལས། མེ་འཁོར་དང་འཕྲུལ་རྟ་ལས། ད་རུང་ལྕོང་མོར་ཨ་མ་འཚོལ་རོགས་བྱས། འདི་ལྟར་མི་སེམས་ཁ་ལོ་སྒྱུར་བའི་དུས་རབས་ཀྱི་སོ་ཁ་ནས་མིའི་ཧམ་སེམས་ཀྱིས་ཡོད་ཚད་བརླགས་ཤིང་ཡོད་ཚད་ཞིག་རོར་འགྱུར་བཞིན་གདའ།

སྐབས་འདིར་ང་ཚོས་མུ་མཐུད་ནས་ཆུ་མིག་གཞན་དག་བཙལ། ཨ་མས་སྐད་ཅོར་ཆེན་པོས “དེ་རིང་ལྔ་པའི་བ་གཞི་ཡིན་པས། ཁྱོད་ཚོ་མེ་ཏོག་འཐུ་རུ་མི་འགྲོའམ། ཅུང་འགོར་ན་མེ་ཏོག་ཡག་པ་རྣམས་གཞན་གྱིས་བཏུས་ཚར་འགྲོ། ཕྱིར་ཤོག་དང་ཨ་མས་ཀེའུ་ཚོད་བཅོས་ནས་བལྟ་འདུག”ཟེར། དེ་ནས་ང་ཚོས་ཆུ་མིག་འཚོལ་ཞོར་དང་མེ་ཏོག་འཐུ་ཞོར་དུ་ཁྱིམ་གྱི་སྒོ་མགོར་འཛུགས་རྒྱུའི་མེ་ཏོག་དང་ལྗོན་པ་མང་པོ་བཏུས། སྤྱིར་ང་ཚོའི་ཕ་ཡུལ་ན་རི་སྐྱེས་མེ་ཏོག་བགྲང་ལས་འདས་ཤིང་ལྔ་པའི་བ་གཞི་ཉིན་ལ་སྟག་པའི་ལྗོན་པ་དང་། དྲེས་མའི་མེ་ཏོག ར་མ་རེ་ལྕག་སོགས་ནི་བཀོལ་རྒྱ་ཤིན་ཏུ་ཆེ། དེ་བས་གྲམ་པ་ཞིག་བརྒྱུད་དེ་སྡེ་མཐར་སླེབས་དུས་ཐང་ཆེན་པོ་གནམ་ནས་ལྷུང་བ་ལྟ་བུ་ཞིག་ས་བརྐོས་རྡོ་བསློགས་ཀྱིི་འཇིག་པ་ཆེན་པོ་ཡོང་ནས་ད་ནི་ང་ཡི་མེ་ཏོག་ཡོད་ཚད་མེད་བརླགས་སུ་བཏང་ཟིན། མེ་ཏོག་གཅིག་བཏུས། མེ་ཏོག་གཉིས་བཏུས། གོམ་ཆེན་ཞིག་སྤོ་དགོས་བྱུང་། དེ་ནས་གོམ་པ་གང་རེ་གང་རེ་མདུན་དུ་སྤོས་རྗེས་ནགས་གསེང་ན་དཀར་སིང་ངེར་མཐོང་བའི་ཡུ་ཐོ་མང་པོ་གྲལ་བསྒྲིགས་འདུག གནའ་སྔ་མོའི་དུས་སུ་ཨ་ཕས་ཕག་ཁང་ལས་རྗེས་སུ་ཡུ་ཐོ་གཅིག་ལྷག ཨ་མས་འབུད་ཤིང་བཏུས་རྗེས་སུ་ཡུ་ཐོ་གཉིས་ལྷག ཁྱིམ་ནས་སྟོན་མོ་བྱེད་དུས་ཡུ་ཐོ་གསུམ་ལྷག མག་པས་ཐོང་གཤོལ་ལས་རྗེས་སུ་ཡུ་ཐོ་བཞི་ལྷག ང་ལ་མུ་མཐུད་དུ་ཆུ་མིག་གཞན་དག་འཚོལ་འདོད་ཀྱི་འདུན་པ་དྲག་ཏུ་སྐྱེས། རི་སྒང་འབའ་འབུར་བརྒྱུད་དེ་ནགས་ཀློང་སྟུག་པོར་འཕྲད་རུང་ང་ཡིས་འཚོལ་འདོད་ཀྱི་ཆུ་མིག་དེ་དག་ད་རུང་རྙེད་མ་བྱུང་། ང་ཡང་ཆུ་འཚོལ་མཁན་ངོ་མ་ཞིག་ཡིན་པས་ཆུ་མིག་དེ་དག་མ་རྙེད་པའི་བར་དུ་ང་ཡིས་གོམ་མཚམས་འཇོག་མི་ཕོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།