ཀྲུང་གོ་བོད་ཀྱི་དྲ་བ།

དགུན་ནམ་རིང་མོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བྱ་གཞུང་སྐལ་ལོ།   སྤེལ་དུས། : 2020-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྔོན་ཆད་རང་ཉིད་ཀྱི་སེམས་ལ་འཁོར་བ་བཞིན་ད་ནི་དགུན་ནམ་རིང་མོ་ཞིག་འདི་ལྟར་ཁད་ཀྱིས་སླེབས་སོང་། དེ་ནི་ལས་དབང་གི་བཀོད་སྒྲིག་ཅིག་དང་མཚུངས་པར་ང་ཚོ་ཕ་མེས་ཀྱི་སྙིང་ཁོང་དྲོན་མོ་ལས་ཕྱིར་བུད་དེ་འཚང་ཁ་ཤིག་ཤིག་ངང་རྒྱ་མཚོ་ལྟ་བུའི་མི་ཚོགས་ཀྱི་འཇིངས་སུ་འཐིམས་མགོ་བརྩམས།

འདི་ལྟར། དུས་རབས་ཀྱི་འགྲམ་ལྕགས་ཚ་བེར་བ་ཞིག་གིས་ངའི་གཅེས་སུ་རུང་བའི་སྡེ་བ་དང་ཚོ་བ།  ཁྱིམ་ཚང་དང་རུ་སྐོར། མདོར་ན་ཞིང་བ་དང་འབྲོག་པ། སློབ་མ་དང་བྱིས་པ། ཡོད་ཚད་ཀྱི་ཡོད་ཚད།སུ་ཞིག་གིས་རྗེས་ནས་དེད་པ་བཞིན་གྲ་སྒྲིག་དང་སྟ་གོན་ཅི་ཡང་མེད་པར་ལམ་ལ་ཆས་དགོས་བྱུང་། ཉིན་དེ་ནས་བཟུང་། ང་ཚོས་ཡུན་རིང་ལ་བློས་བཏང་མ་མྱོང་བའི་ཤུལ་བཞག་གི་རྒྱུ་ནོར་ཐམས་ཅད་ཀྱང་བདག་མེད་ཁེར་རྐྱང་དུ་ལུས།

མཐའ་ཡས་པའི་རྩྭ་ཐང་དུ་ཁྱེད་ཀྱི་སེམས་རྒྱ་མ་ཤོངས་པས་ལན་ནམ། ནོར་ལུག་གི་འབའ་སྒྲ་དང་མེ་ཏོག་གི་འཛུམ་བཞད་བསྐྱུར་ནས། ཁྱེད་རང་འདི་ལྟར་ཁེར་རྐྱང་གི་ཐང་ཆེན་དུ་འགྲོ་དགོས།འདས་ཟིན་པའི་སྐོར་བྲོ་འཁྲབ་ཏུ་འགྲོ་དགོས། སྒྲ་སྒམ་གྱི་དེང་གཞས་སྙན་མོ་དང་འགྲོགས་ནས། ཕ་མེས་ཀྱི་དབྱངས་རྟ་གསོན་པོ་དང་གྱེས་ནས། དྲན་གདུང་དང་ཞེན་ཆགས་ཅི་ཡང་མེད་པར། མ་འོངས་པའི་འཚོ་བ་བསུ་རུ་འགྲོ་དགོས། བདེ་སྐྱིད་དང་རིན་ཐང་འཚོལ་དུ་འགྲོ་དགོས།

《བཀའ་གདམས་གླེགས་བམ》ལས།  འུ་ཅག་གི་ཕ་ཡུལ་ནི་འདི་ལྟ་སྟེ། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།། རི་མཐོན་པོ་གནམ་གྱི་གནམ་གྱི་ཀ་བ་ཡོད།། མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད།།  གསུངས།  ཡིན་ནའང་།དེ་རིང་ནས་བཟུང་། གངས་དཀར་པོས་ཁྱེད་ཀྱི་སེམས་དཔང་བསྟད་མ་ནུས་ལ།མཚོ་སྔོན་མོས་ང་ཡི་སྐོམ་གདུང་མ་སེལ་བར་ང་ཚོ་འདི་ལྟར་དངངས་འཚུབ་དང་འཇིགས་སྣང་ཅི་ཡང་མེད་པར་ལམ་ལ་ཆས་དགོས།

དགུན་ནམ་རིང་མོ་འདིར། ཁྱེད་རང་གངས་ཀྱི་ར་བ་ལས་བརྒལ་ཏེ། ཨ་ཕའི་པགས་ཚགས་དང་ཨ་མའི་བྱམས་སྐྱོང་གིས་མ་ཁུགས་པར་ལམ་ལ་ཆས་སོང་། ཁལ་མ་དང་སྒོ་ཁྱི། རྟ་ཕོ་དང་བུས་པ་སོགས་ཅི་ཡང་མེད་པར། ན་ཟུག་དང་མིག་ཆུ་ཁོག་ཏུ་སྦས་ནས། རིགས་རུས་དང་ཁྲག་རྒྱུན་གྱི་དབྱེ་བ་མེད་པའི། མཆེད་ཁུངས་དང་ལོ་རྒྱུས་ཀྱི་ཟིན་བྲིས་མེད་པའི་དགུན་ནམ་རིང་མོ་དེར་ཆས་སོང་།

མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིགས།། འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས།། མདའ་རུ་ཆུ་མ་རྨོ་བ་དེ་ནས་དར།།ཞེས་ཕ་མེས་ཀྱི་ལོ་རྒྱུས་ཁུགས་སོ་ལས་ཁྱེད་ལ་དགོས་འདོད་ཀྱི་ནོར་བུ་དང་འཛད་མེད་ཀྱི་འཚོ་ཚིས་བསྐྲུན་ཡོད། ཁྱེད་རང་རྩྭ་ཐང་གི་འབྲོག་པ་དང་ཞིང་ཚིགས་ཀྱི་རོང་པ་ཡིན།  ཡིན་ནའང་། དགུན་ནམ་རིང་མོ་འདིར། ཁྱེད་ཀྱིས་རྨོན་པ་དོར་བསྡེབས་དང་འབྲི་མོའི་རྡང་ཐག་བཅད་ནས་གང་དུ་བཞུད།  མཛེས་སྡུག་གི་རྩྭ་ཐང་དང་ཞིང་ཚིགས་ཀྱི་ལོ་རླབས་བསྐྱུར་ནས་གང་ལ་ཆས།

དགུན་ནམ་རིང་མོ་འདིར། ཁྱེད་རང་རྟག་པར་ཁ་པར་གྱི་ཡོལ་ངོས་སུ་ཅེར་ཡོད། གར་འོངས་མི་ཤེས་པའི་གསར་འགྱུར་དང་འབྲེལ་མེད་ཀྱི་བརྡ་འཕྲིན་རེ་རེས་ཁྱེད་ཀྱི་དུས་ཚོད་དང་ངལ་གསོ་འཕྲོག་གིན། ཁྱེད་ཀྱི་ཕུགས་འདུན་དང་བདེ་སྐྱིད་བཅོམས་བཞིན་སླེབས་སོང་། ཡིན་ནའང་།ཁྱེད་ཀྱིས་སྔར་བཞིན་སྙིང་སྨན་ལྟ་བུའི་དུ་བ་བག་ཆ་གང་སྔས་མགོར་བཞག་ནས་ཁེར་རྐྱང་གི་གཞིས་ཁུལ་དྲོན་མོ་དེ་སྲུང་དགོས། དགོད་སྒྲ་དང་ལག་རྗེས་ཅི་ཡང་མེད་པར། མཚན་སྙན་དང་ཁེ་བཟང་རུམ་གང་ཉར་ནས་གཟིམས་སོང་།

ལུགས་ཀྱི་བསྟན་བཅོས་ལས། རང་གི་ཕྱོགས་ནི་ཡོངས་སྤངས་ཏེ།། གཞན་གྱི་ཕྱོགས་ལ་དགའ་བ་གང་།། དེ་ནི་ངེས་པར་བརླག་འགྱུར་འགྱུར་ཏེ།།  རྒྱལ་པོ་རབ་དམར་ཇི་བཞིན་ནོ།། ཞེས་གདམས་ཀྱང་། དེ་རིང་ནས་བཟུང་། ཁྱེད་ལ་དད་པ་དང་བཀའ་སློབ་ཅི་ཡང་མེད་པར།  ཕངས་སེམས་དང་འགྱོད་སྣང་ཅི་ཡང་མེད་པར་ལམ་ལ་ཆས་དགོས། རྒྱུ་མཚན། ཁྱེད་རང་དྲིན་ལན་དང་བརྩེ་དུངས་མེད་པའི་མི་ཞིག་ཡིན། ཁྱེད་རང་ངོ་ཚ་དང་སྐྲག་སྣང་མེད་པའི་མི་ཞིག་ཡིན། དེ་ལས་ཀྱང་ཡིད་སྐྱོ་བ་ནི། ཁྱེད་རང་སྙིང་རྗེ་དང་བྱམས་སེམས་མེད་པའི་མི་ཞིག་ཏུའང་འགྱུར་ངེས་པ་ཡིན།

འཁྱག་རེངས་སུ་གྱུར་བའི་ལྕགས་སྦུག་གི་དྲོད་རླངས་ལ་མགོ་བོ་སྔས་ཐེངས་རེར།  དཀའ་སྡུག་དང་དངུལ་ཆད་ཀྱི་ཉིན་མོ་སླེབས་ཐེངས་རེར།དབུལ་སྐྱོར་གྱི་གཡས་འདེགས་གཡོན་འདེགས་ལས། ཁྱེད་ལ་སེམས་གཏིང་གི་གྲོགས་པོ་དང་ཤ་ཁྲག་གི་གཉེན་ཉེ་ག་ཙམ་ཡོད། ཁྱེད་ལ་གདུང་སེམས་དང་སྙིང་གཏམ་གླེང་མཁན་ཅི་ཙམ་མཆིས། འོན་ཀྱང་། ཁྱོད་རང་སྔར་བཞིན་ཁ་ཕྱོགས་དང་གདམ་ག་ཅི་ཡང་མེད་པར་དགུན་ནམ་རིང་མོ་དེར་བསྐྱོད་དགོས། མཚན་ལམ་རིང་མོ་དེར་གཏུག་དགོས།

ཁྱེད་ཉིད་སྟོད་ནས་ཆས་དུས་ལྷ་རབས་ཀྱི་སྒྲུང་པ་ཁྱུ་ཞིག ཁྱེད་རང་བར་དུ་འབྱོན་སྐབས་ཆོས་སྲིད་ཀྱི་མངའ་ཐང་བསྐྱངས་ཡོད། མཐའ་མར་སྨད་ལ་སླེབས་དུས་ནང་བློན་གྱི་གྲོས་ཁ་ཆད་ནས་ཐོར་སོང་།  དེ་ནི་སྐྱེ་རྒ་ན་འཆིའི་གོ་རིམ་ཞིག་གམ་འཕེལ་འགྲིབ་ཀྱི་ཆོས་ཉིད་ཞིག་སྟེ།   ཁྱེད་ཀྱི་དུས་སྐབས་སུ་ཐོན་དུས་གཟི་བརྗིད་དང་ལ་རྒྱ་ཕྲག་པས་མ་མནོན་པར།  ཁྱིམ་སྲིད་ཀྱི་མགོ་རྔ་ཐ་གུས་མ་དམ་པར། དངོས་ཡོད་ཀྱི་སྡང་སྡིགས་འདེགས་བཞིན། རྩེད་དགོད་ཀྱི་གླུ་བྲོ་འཁྲབ་བཞིན། གློག་སྒྲོན་དང་ཆང་ཤག་གིས་བརྒྱན་པའི་དགུན་ནམ་རིང་མོ་དེར་ཆས་དགོས་བྱུང་།

འདི་ལྟར། ཁྱེད་རང་། ལྷ་ཀླུ་གཉན་གསུམ་དང་ཡུལ་ལྷ་གཞི་བདག་གི་མགོན་སྐྱོབ་ལས་ཐར་ནས་ལམ་ལ་ཆས་སོང་། འཇིགས་སྐྲག་དང་ཞེད་སྣང་ཅི་ཡང་མེད་པར་ལམ་ལ་ཆས་སོང་། ཕྱི་རོལ་ན་ཁྱེད་ལ་ཁ་དམེ་དང་རྙིང་འཕྱས་གཏོང་གིན་འདུགནང་རོལ་ན་ཁྱེད་ལ་སྡང་སྡིགས་དང་མཐོང་ཆུང་བྱེད་ཀྱིན་འདུགཡིན་ནའང་། འཚོ་བ་དང་ཁ་རྒྱབ་ཀྱི་ཆེད་དུ་ཁྱེད་རང་གཏན་ནས་མགོ་བསྒུར་མ་མྱོང་།སེམས་ཕམ་མ་མྱོང་། གཡོ་ཟོལ་དང་ཚུལ་འཆོས་ཀྱི་གདོང་འབག་གྱོན་ནས། ཟླ་བ་དང་སྐར་ཚོགས་མེད་པའི་དགུན་ནམ་རིང་མོ་ཞིག་གཟས་ནས་བུད་སོང་།

ཏག་ཏག་དགུན་ནམ་རིང་མོ་འདིར། ཁྱོ་ག་མེད་པའི་སྦྲུམ་མ་ཞིག་གིས་གཟེར་ལོག་དང་ན་ཟུག་མ་གཅུན་པར་སྨན་ཁང་དུ་སླེབས་སོང་། འདང་རྒྱག་མེད་པའི་སྨན་པ་སྐོར་ཞིག་གིས་ཚོད་བགམ་ཅི་ཡང་མེད་པར་ཁོ་མོའི་རྐང་ལག་ནས་བསྡམས་ཏེ་ལྟོ་བ་བྲུས་མ་ཐག  ཕྲུ་གུ་དམར་རྗེན་ཞིག་ཚ་གྲང་གི་སྡུག་བསྔལ་དང་བཅས་ཏེ་ཐང་དུ་ལྷུང་སོང་། འཕག་འཚག་གི་ངུ་སྐད་ཕྲ་མོས་སྨན་ཁང་འདིའི་ནང་རོལ་བརྟོལ་ནས་གྲོང་ཁྱེར་འདིའི་ཟ་ཁང་དང་ཆང་ཤག སྲང་ལམ་འགས་བཞིན་ཡལ་སོང་། ཁེར་རྐྱང་གི་མ་བུ་གཉིས་འདི་ལྟར་ཁྲག་རྣག་གིས་སྦགས་པའི་ནད་ཁྲི་ལ་འབྱར་ནས་ཡུན་རིང་འགོར། བུས་པ་དེའི་མིང་ལ་སྒྲོལ་མ་ཟེར། དོན་འགྲུབ་ཟེར། ཡང་ན་ང་ཚོ་སུས་ཀྱང་ཡིད་དྲན་མི་སྲིད་པའི་མིང་ཞིག་གདགས་ཀྱང་ངེས་སོ། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།