དབུས་དང་མཐའ།

——《གནའ་དཔྱོད་མིའི་རིགས་རིག་པའི་གཏམ་ཚོགས》བཀླགས་པའི་མྱོང་དཔྱད།

དུས་རབས་བཅུ་ཙམ་གྱི་རིང་ལ། ནུབ་ཕྱོགས་ཤེས་རིག་གི་ཆུ་མགོ་ཐམས་ཅད་དུས་ཀྱི་སྙིགས་མས་བསྙོགས་ཏེ། སྣོད་བཅུད་གཉིས་ཀ་རེག་བྱ་རྩུབ་པོ་རྣམས་ཀྱིས་བདག་གིར་བཟུང་ཞིང་། ཟབ་མོའི་དེ་ཉིད་གསལ་བར་བྱེད་པའི་མུན་འཇོམས་ཟླ་བའང་རེ་ཞིག་གཟའ་དང་སྒྲ་གཅན་གྱིས་མིད་པར་བཙུད་པ་བཞིན་གནམ་ས་གཉིས་ཀར་མུན་པའི་བསྐལ་པ་བསྟབས། འོན་ཀྱང་། ཟླ་བ་མར་ངོའི་རྗེས་ལ་ཡར་ངོ་ཡོད་པའི་དཔེ་བཞིན། དུས་རབས་བཅུ་བཞི་པའི་སྔ་གཞུག་བར་གསུམ་དུ། ཐབས་དང་ཤེས་རབ་གཉིས་ཀྱིས་བསླས་པའི་འོད་ཀྱི་གུར་ཁང་ཞིག་ཡོ་རོབ་ས་གཞི་ཆེན་མོའི་རི་ཀླུང་ཐང་གསུམ་ནས་ཕུབ་སྟེ། ལྷ་མི་གཉིས་ཀྱི་རྣམ་དབྱེ་བཏོད། དད་པ་དང་གཏན་ཚིགས་ཀྱི་མུ་མཚམས་བཞག ཆོས་དང་ཆོས་མིན་གྱི་རྣམ་གཞག་ཕྱེ་བས། སླར་ཡང་བདེན་དགེ་མཛེས་གསུམ་གྱིས་ཕྱུག་པའི་འཇིག་རྟེན་ཞིག་གསར་དུ་བལྟམ་རྒྱུའི་སྟ་གོན་བྱས། འཇིག་རྟེན་གསར་པ་དེ་ལ་རིག་པ་སྨྲ་བ་རྣམས་ཀྱིས་མགྲིན་གཅིག་ཏུ “རིག་རྩལ་བསྐྱར་དར” ཞེས་བྱ།

དུས་རབས་བཅོ་ལྔ་པ་དང་བཅུ་དྲུག་པ་ལ། རོམ་བཙན་རྒྱལ་རིང་ལུགས་པའི་ཕ་ས་སྟེ། དབྱི་ཐ་ལིས་ལྟེ་བ་བྱས་པའི་གླིང་གཞི་གླིང་ཕྲན་གྱི་ཕང་བར་འཚོ་ཞིང་གཞེས་མྱོང་བའི་མཚོ་འགྲུལ་པ་རྣམས་ལ་རྒྱང་སྐྱོད་ཀྱི་ཕུགས་བསམ་ཞིག་འཁྲུངས། ཕུགས་བསམ་དེ་ཉིད་མངོན་དུ་འགྱུར་ཕྱིར། རྒྱང་སྐྱོད་པ་རྣམས་ཀྱིས་ས་ལྒང་འཛིན་མའི་ཤར་ཕྱོགས་སུ་ཡོད་པའི་སྣོད་བཅུད་གཉིས་ཀྱི་ཡིག་ཚང་དུ་མ་ཉིན་དང་མཚན་སྦྲེལ་ཏེ་བཀླགས། མཐར་རྒྱལ་བློན་མཁས་དྲག་རྣམས་ཀྱི་རོགས་དན་འོག་ཏུ། རེ་དོགས་གཉིས་ཀྱི་སྐྱ་བ་བཏེགས་ཏེ་ཡུན་རིང་བག་ལ་ཉལ་བའི་གྲུ་གཟིངས་གཉིད་ལས་དཀྲོགས། རླབས་ཀྱི་ཟེགས་མ་རེ་རེར་རྔུལ་ཆུའི་ལྷན་པས་ཤན་ཏེ། ཤར་ཕྱོགས་ཉི་ཟླ་ཚེས་སའི་མུ་དང་མཐའ་ལ་གཟས། འོད་དང་མུན་པ་གོང་བུ་གཅིག་ལ་བསྒྲིལ་ཅིང་བསྒྲིལ་པས། རྟོག་བཏགས་ཀྱིས་སྙིང་གར་བྲིས་ཤིང་རྨི་ལམ་དུ་ཡང་ཡང་འཁོར་མྱོང་བའི་སྐམ་ས་ཆེན་པོ་ག་ལ་བ་དེའི་ཕང་བར་ལྷགས། ཕྱིས་ཀྱི་མཁས་དང་མཁས་རློམ། རིག་དང་མ་རིག་པའི་སྐྱེ་བོ་མཆོག་དམན་དུ་མས་ངག་ནས་ངག་དང་། སྙན་ནས་སྙན་ལ་བཟློས་པའི་ཐ་སྙད་དེ། “ཀླ་ཀློ”དང“དམུ་རྒོད”ཀྱི་གདགས་གཞིར་གྱུར་པའི་ཡུལ་ཕྱོགས་དེ་ནི། གནའ་བོའི་ཤེས་རིག་གི་ཕ་ས་ཆེན་པོ་རྒྱ་གར་འཕགས་པའི་ཡུལ་ཡིན་པར་ཁས་འཆེས་པ་ཡིན་མོད། དེ་ནི་དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི“སྙིང་རླུང་ལྡང་སར”གྱུར་པའི་རྒྱལ་ཁབ་ཆེན་མོ་སྟེ། ཨ་རི་པའི་འཚོ་གཞིས་ཡིན་པ་རྗེས་རབས་པ་རྣམས་ཀྱིས་ར་འཕྲོད་པ་ནི། ཧིན་རྡུ་པ(Indian) ཞེས་པའི་ཐ་སྙད་ཙམ་པོ་བའི “བྱིན་རླབས” མེ་གླིང་གི་ཟུངས་སུ་ཞུགས་པ་དང་ཅི་འདྲའི་མཚུངས་ཨང་། རྐྱེན་ངན་གྲོགས་སུ་ཤར་བའི་འགྲུལ་བཞུད་དེ་ལ། འགྲུལ་ཟླ་རྣམས་ཀྱི་དབུས་དང་གཙོ་བོར་གྱུར་པ། མཚོ་འགྲུལ་པ་ཆེན་མོ་ཁོ་ལུམ་པུས་ཀྱི་མིང་ནས་སྨོས་ཏེ། ཁོ་ལུམ་པུས་ཀྱི་མེ་གླིང་གསར་རྙེད་དམ (Columbus 's discovery of America) སྐམ་ས་ཆེན་མོ་གསར་རྙེད་ཅེས་ཀྱང་བྱའོ། །སྐམ་ས་ཆེན་མོ་གསར་དུ་རྙེད་རྗེས། ནུབ་ཕྱོགས་བཙན་རྒྱལ་མི་རིགས་རྣམས་སྔ་ཕྱིར་ཡུལ་ཕྱོགས་དེ་རུ་གནས་སྤོ་དང་ཚོང་འགྲུལ་སོགས་འགྲུལ་བཞུད་ཀྱི་ཡོ་ལང་གཞི་རྒྱ་ཆེན་པོ་བྱུང་སྟེ། མཐོང་ཐོས་མྱོང་གསུམ་གྱི “མྱ་ངན” ལས་འདས། འཛམ་གླིང་ས་ཁྲའི་ངོས་སུ་ཐིག་དང་རི་མོ། མིང་དང་ཡི་གེ་སོགས་རྟགས་དང་མཚན་མ་དུ་མ་གསར་དུ་བསྣན་དགོས་བྱུང་།

དུས་རབས་བཅུ་བདུན་གྱི་སྐབས་སུ། རིག་རྩལ་བསྐྱར་དར་གྱི་རྟེན་འབྲེལ་ལས་མཆེད་པའི་འོད་ཀྱི་གོང་བུ་ཞིག་འཕྲལ་གྱི་དྲི་མ་སངས་ཏེ། སླར་ཡང་མུན་ནག་གི་བསྐལ་པ་རྨེག་མེད་དུ་བསྟུང་རྒྱུའི་རྩོལ་བ་བསྐྱེད། དཔྱོད་ཤེས་ཀྱི་སྒྲོན་མེ་གོ་ཆར་སྤྲས་ནས། མ་རིག་རྨོངས་མུན་གྱི་གནས་ལ་ཆེད་དུ་འཛུད་བཞིན་པའི་མི་བཟད་པ་ཆོས་རྫུ་སྲིད་རྫུ་རྣམས་ཀྱི་མཚང་བྲུས་ཤིང་། སྐྱེ་འགྲོ་ཐམས་ཅད་ཀྱི་ཁམས་དང་མོས་པར་བབ་པ། ཞི་གནས་ཆེན་མོའི་བགོ་སྐལ་ཏེ། རང་དབང་དང་། དམངས་གཙོ། འདྲ་མཉམ་སོགས་ཀྱི་དར་ཆ་སྲིད་པའི་སྤོ་ལ་བསྒྲེངས་སོ། །མིའི་རིགས་ཀྱི་ལོ་རྒྱུས་ཀྱི་གནས་སྐབས་ལ་ཕྱིར་ལྡོག་ལན་འགའ་བྱས་ཚེ། དར་ཆ་དེ་ནི། རིགས་རུས་ཐ་དད་དུ་གྱུར་པའི་འགྲོ་མི་དཀར་ནག་སེར་གསུམ་ཀུན་ལ་བྱུང་ན་ཐར་པ་མ་བྱུང་དམྱལ་བའི་དོ་བསྡོ་བ་ཡིན་ལ། ལོ་རྒྱུས་ཀྱི་ཉིན་སྲིབ་བར་གསུམ་དུ་རེས་གསལ་རེས་མོག་གིས་དབུགས་རྒྱུན་བསྲིངས་མྱོང་བ་ཞིག་ཡིན་མོད། དུས་སྐབས་དེར་བསྒྲེངས་པའི་དར་ཆ་ནི། ད་གཟོད་ཕྱོགས་ཞེན་རིས་ཆད་ཀྱི་ལྟ་འོབས་སུ་མ་ལྷུངས་པའི་དབུ་མའི་དར་ཆ་ཞིག་ཡིན་པས། གནས་སྐབས་ཀུན་ཏུ་ཡར་ངོའི་ཟླ་ལྟར་ནན་ཏུར་ཆེན་པོས་ཆ་ཤས་རེ་རེ་ནས་སྟོང་ཆ་བསྐངས་དང་སྐོང་བཞིན་པའི་སྲིད་པའི“རྒྱལ་མཚན” ཞིག་ཅི་ལ་མིན། དེ་ལྟར་འོད་ཀྱི་གོང་བུ་དང་འབྲེལ་བའི་ལས་སྒོ་བྱིངས་ལ “བློ་འབྱེད་ལས་འགུལ” ཞེས་མཁས་བླུན་ཀུན་གྱིས་བསྔགས་སོ། །བློ་འབྱེད་ལས་འགུལ་གྱིས་ཉེར་ལེན་བྱས་པའི་འབྲས་བུ་ལ། “གཅིག་ཤེས་ཀུན་གྲོལ”དང་། “ནད་བརྒྱ་སྨན་གཅིག” “དཀར་པོ་ཆིག་ཐུབ།” “ཤེས་བྱ་ཀུན་ཁྱབ།” “གནས་ལྔ་རིག་པ།” ལྟ་བུ་གུ་དོག་པའི་རིག་གཞུང་དཔྱོད་འཇུག་གི་རྙི་རྒྱ་ལས་གྲོལ་ཏེ། ཤེས་བྱའི་གནས་ཐམས་ཅད་ལ་སྒོ་ཀུན་ནས་འཇུག་པ་ཡངས་པོས“ཀུན་ཤེས་གཅིག་གྲོལ”དང་། “མཁས་བརྒྱ་འགྲན་གླེང་།” “བསྲེགས་བཅད་བརྡར་གསུམ”སོགས་ཟབ་མོའི་དེ་ཉིད་འབྱེད་པའི “བཀའ” དང“བསྟན་བཅོས”མང་དུ་བརྩམས་སོ། །

གོང་དུ་སོང་བའི་དུས་རབས་རེ་རེའི་གནས་འགྱུར་ལ་སྦྱོར་དངོས་རྗེས་གསུམ་གྱིས་ཀུན་ནས་འཚོས་པའི་དབྱིན་ཇི་པའི“ཆབ་སྲིད་གནམ་བས་མཐོ། དབུ་རྨོག་རི་བས་བཙན” པར་གྱུར་ཅིང་། ཁྱད་པར་བཟོ་ལས་གསར་བརྗེའི་གཙང་པོ་བྲུག་པས། དཔལ་འབྱོར་མཁོ་སྒྲུབ་དམིགས་སུ་བཟུང་བའི་དམག་སྲིད་རྒྱ་བསྐྱེད་ཀྱི་འཁོར་ལོ་ཕྱོགས་བཞི་མཚམས་བརྒྱད་དུ་བསྐོར་ཏེ། གངས་རི་ར་བས་བསྐོར་བའི་ཞིང་ཁམས་དང་། ནགས་ཀླུང་སྟུག་པོས་བཏུམ་པའི་རྒྱ་རྫོང་། བྱེ་རླུང་ས་རྡུལ་གྱིས་དཀྲིགས་པའི་མྱ་ངམ་ཐང་། ཆུ་དང་གཙང་པོས་བཅད་པའི་འཕྲང་སྒོ་སོགས “ལུང་ནས་ཟིན་པའི” གཞོམ་གཞིག་བྲལ་གསུམ་གྱི “སྦས་ཡུལ” རྣམས་རྨང་ནས་བསྙིལ་ཅིང་། ཉི་མ་མི་ནུབ་པའི་བཙན་རྒྱལ་རིང་ལུགས (The empire on which the sun never sets)ཀྱི་གོ་ས་བཟུང་། དགེ་འདུན་ཆོས་འཕེལ་གྱིས་བཤད་པའི་རིག་གསར་ཏེ། གསར་དུ་བརྩམས་དང་རྩོམ་བཞིན་པའི་རིག་པའི་གནས་མང་པོའི་ཐབས་དང་ཐབས་བྱུང་ལ་བརྟེན་ནས། རིགས་སོ་སོའི་རྩ་ཚིག“ཐེམ་སྤངས་མ”རྣམས་ཀྱི“གཉན་པོ་གསང་བའི” སྦས་དོན་ཡང་གབ་པ་མངོན་དུ་ཕྱུང་ངོ་། །

སྐབས་སུ་བབ་པའི་རིག་གསར་གྱི་ཁྲོད་དུ། བརྗེད་བྱང་འདིའི་གླེང་གཞིར་གྱུར་པའི་གནའ་དཔྱོད་རིག་པ་དང་། མིའི་རིགས་རིག་པའང་ཡོད་པ་ཡིན་ལ། དུས་རབས་དེ་དག་གི་གནས་འགྱུར་ཆེན་མོ་རྣམས་ནི། གསར་དུ་བུས་མ་ཐག་པའི་རིག་གསར་རྣམས་ཀྱི་སྤྱི་ཚོགས་གནས་བབ་དང་མགོ་ཁུངས་ཀྱང་ཡིན་པས། འདིར་སྔོན་དུ་བྱ་བའི་གཏམ་གྱི་ཚུལ་དུ་ལམ་ཙམ་དྲངས་པ་ཡིན་མོད། ཞིབ་མོ་རྣམ་འཐག་འདོད་པ་རྣམས་ཀྱིས་འཛམ་གླིང་ལོ་རྒྱུས་ཁུངས་མ་དག་ལས་རྟོགས་དགོས་སོ། །

གཅིག

གསར་དུ་དར་བའི་རིག་ཚན་ཕལ་མོ་ཆེ་ལ། རང་རང་གི་བྱུང་འཕེལ་ལ་གཞིགས་ཏེ། སྲོལ་རྒྱུན་དང་དེང་རབས་ལྟ་བུའི་རྣམ་གཞག་གིས་སྔ་ཕྱིའི་མཚམས་འཛིན་པ་ཡིན། སྐབས་སུ་བབ་པའི་གནའ་དཔྱོད་རིག་པ་དང་མིའི་རིགས་རིག་པ་ནི། དེང་རབས་ཀྱི་རིག་ཚན་ཏེ། གོང་དུ་སོང་མ་ཐག་པའི་རིག་གསར་གྱི་ཁོངས་སུ་གཏོགས་པ་ཡིན་མོད། བརྡ་ཁུངས་ཕུ་འདེད་ཀྱི་རིགས་ལམ་སྤྱད་ཚེ། ཐ་སྙད་ཙམ་ཞིག་གནའ་བོའི་དུས་ནས་བྱུང་ཡོད་ལ། དཔྱོད་ཐབས་ཉི་ཚེ་བའང་ཆེས་སྔ་མོ་ནས་བྱུང་ཡོད། དེ་ལ་གནའ་དཔྱོད་རིག་པ་ལྟ་བུར་མཚོན་ན། སུང་བྱང་མའི་རིག་པ་སྨྲ་བ་ཧྲིན་ཁོའུ(沈括)ཡིས་བརྩམས་པའི《མེང་ཤིས་བརྗེད་བྱང》(梦溪笔谈)ནི། འཛམ་གླིང་ཐོག་ཏུ་བྱུང་བའི་གནའ་དཔྱོད་རིག་པའི་དེབ་ཐེར་སྔ་ཤོས་ཡིན་པར་སྨྲ་ལ། དུས་སྐབས་དེར“གནའ”དང་ “དཔྱོད” གཉིས་ལྷན་དུ་སྦྱར་བའི་འདུས་མིང་ཡང་བྱུང་བར་མ་ཟད། ཀྲུང་གོའི་གནའ་དཔྱོད་རིག་པའི་རྒྱུ་དུས་ཏེ། ལྕགས་ཆས་རྡོ་རིང་རིག་པའང(金石学)བྱུང་ངོ་། །མིའི་རིགས་རིག་པ་ལྟ་བུར་བསྙད་ཀྱང་། གནའ་བོའི་ཤེས་དཔལ་གྱི་རྒྱལ་ཁབ་ཀེ་རི་སེའི་མཚན་ཉིད་རིག་པ་སྨྲ་བ་རྣམས་ཀྱིས། མིའི་རིགས་རིག་པའི་དཔྱོད་ཐབས་དང་ཕྱོགས་མཚུངས་པའི་རིགས་ལམ་གྱིས་མི་དང་མི་གཤིས་ཀྱི་གནད་ལ་དཔྱད་ཞིབ་བྱས་ཡོད་པ་ལྟ་བུའོ། །རང་རེ་བོད་ལ་མཚོན་ན། མིའི་རིགས་ཀྱི་ལོ་རྒྱུས་རྗེས་ཤུལ་དང་རིག་དངོས་སོགས་ལ་བརྟེན་ཏེ། གནའ་རབས་སྤྱི་ཚོགས་ཀྱི་སྐྱེ་འཇིག་གནས་གསུམ་ལ་དཔྱོད་པའི་གཞུང་ལུགས་ཁ་ཚང་ཞིག་གནའ་ནས་ད་བར་མཐོང་རྒྱུ་ལྟ་ཅི། ཐོས་རྒྱུའང་དཀོན་པའི་ཚུལ་དུ་གནས་ཡོད་པ་ང་ཚོ་ཚང་མར་མྱོང་བ་རྗེས་མཐུན་རེ་ཡོད། འོན་ཀྱང་། རིན་པོ་ཆེ་བརྟག་ཐབས་ཀྱི་མན་ངག་ལྟ་བུ་ཚིག་སྣ་འགའ་རེ་ཡོད་པ་དཔེར་ན། སྟག་ཚང་རྫོང་པའི་རྒྱ་བོད་ཡིག་ཚང་དང་། ཀློང་རྡོལ་བླ་མའི་གསུང་འབུམ། འཇིགས་མེད་གླིང་པའི་གཏམ་ཚོགས་སོགས་སུ་བསྟན་པའི་རིན་པོ་ཆེའི་བརྟག་ཐབས་ལྟ་བུའོ། །དེ་དག་ཀྱང་གནའ་དཔྱོད་རིག་པའི་རྒྱུ་དུས་ཏེ། དངོས་པོའི་ལེགས་ཉེས་དཔྱོད་པའི་ཐབས་ལམ་ཙམ་པོ་བ་ལས། དངོས་པོའི་གནས་ཚོད་ཀྱི་ཐོག་ནས་མིའི་བྱ་བྱེད་ལ་དཔྱོད་པའི་རིག་པ་མ་ཡིན་ནོ། །མིའི་རིགས་རིག་པའི་ཉེར་ལེན་གྱི་རྒྱུ་ནི་ལོ་རྒྱུས་རིག་པ་ཡིན་པས། ལོ་རྒྱུས་ཡིག་ཚང་གི་ཟར་ཟུར་འགའ་ན་རིགས་པ་སད་སུད་ཙམ་ཞིག་ཡོད་ངེས་ལ། ཁྱད་པར་དུ། ཏུན་ཧོང་ཡིག་རྙིངP.T.1283 དུ་བསྟན་པའི་བྱང་ཕྱོགས་ན་རྒྱལ་པོ་དུ་བཞུགས་པའི་རྗེ་རབས་ཀྱི་ཡི་གེ་དང་ཕུ་ནུའི་མདོ། བཀའ་གདམས་ཕ་ཆོས་སུ་བསྟན་པའི་བོད་མི་དང་རྒྱ་གར་པའི་མི་གཤིས་ཀྱི་ཁྱད་པར། དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་དཔེ། མར་པའི་རྣམ་ཐར་དུ་བཤད་པའི་འཕན་ཡུལ་གྱི་མི། བོན་དཔེ་མིང་སྲིང་དཔལ་བགོས། འཇིགས་མེད་གླིང་པའི་རྣམ་ཐར་དུ་བཤད་པའི་དབུས་གཙང་གི་མི་དང་ཁམས་པ་རྣམས་ཀྱི་ཁྱད་པར། དེ་བཞིན་ལོ་རྒྱུས་ཡིག་ཚང་དུ་བཤད་པའི་རྒྱ་ཧོར་གྲུ་གུ་ལྷོ་བལ་སོགས་ཀྱི་འཐབ་ཇུས་ལས་འཕྲོས་པའི་མི་གཤིས་སོགས་མང་ལ། ཆོས་འབྱུང་དེབ་ཐེར་རྣམས་སུ་བཤད་པའི་ཡུལ་དབུས་དང་མཐའ་འཁོབ་ལྟ་བུ་ནི་རྩིང་ལ་རགས་པའི་རིགས་ལམ་དང་ཁུངས་སྣེ་ཁྱད་པར་ཅན་ཞིག་ཡིན་མོད། མ་ལག་ཆ་ཚང་བའི་རིགས་ལམ་ཞིབ་མོ་ཞིག་ནི། ད་དུང་ཡང་དཔལ་ལྡན་གངས་རིས་བསྐོར་བའི་ལྗོངས་ཆེན་པོ་འདིར་རྩ་བ་གཟུག་རྒྱུ་རེད་དོ་ལོ།

དེ་ལྟར་ནའང་། ཅུང་ཟད་དགའ་འོས་པ་ཞིག་ལ། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ལ་གདོད་ནས་རིག་པ་འདིའི་ལྷན་སྐྱེས་ཀྱི་རྣམ་རིག་མངའ་བས། མི་རིགས་རྣམ་བཤད(民族志)ལྟ་བུའི་བསྟན་བཅོས་སུ་བགྲངས་ཆོག་པའི《གཏམ་རྒྱུད་གསེར་ཐང》ནི། བོད་ཀྱི་རིག་གནས་མིའི་རིགས་རིག་པའི་ས་མཁན་ལྟ་བུར་གྱུར་ཡོད་ལ། དེང་གི་དཔྱོད་འཇུག་པ་ལྟ་རྒྱ་ཐོས་རྒྱ་ཅན་ལ་ལ་ཞིག་གིས། རིག་པ་འདིའི་ཐབས་དང་ཐབས་བྱུང་ཉེ་བར་བླངས་པའི་ལེགས་རྩོམ་སྣ་ཚོགས་སྤེལ་ཟིན་སྤེལ་མུས་ལགས་ན། རིག་པ་དེ་ཡི“དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས”ཀྱང་གངས་ལྗོངས་ས་མཐོའི་རི་ཀླུང་ཐང་གསུམ་ནས་ལེགས་པར་རབ་ཏུ་གྲགས་ཏེ། སྙན་པའི་བ་དན“འཛམ་གླིང་རྒྱན་གཅིག”ཏུ་འགྱུར་ལ་ཤིན་ཏུ་སྨོན་ཏོ། །

ནུབ་ཕྱོགས་པ་ལ་མཚོན་ན། གནའ་དཔྱོད་རིག་པ་ནི། མིའི་རིགས་རིག་པའི་ཡན་ལག་ཏུ་གྱུར་པའི་རིག་ཚན་ཞིག་ཏུ་ངོས་འཛིན་མོད། ཡུལ་ཕྱོགས་འདིར་ལོ་རྒྱུས་རིག་པའི་འཕྲོས་དོན་དུ་འཇོག་པར་སྣང་། དེ་གཉིས་ལྷན་དུ་བསྡེབས་པའི་རིག་ཚན་སྣོལ་མ(交叉学科)སྟེ། གནའ་དཔྱོད་མིའི་རིགས་རིག་པ་ནི། མིའི་རིགས་རིག་པའི་ཉིང་ལག་ཏུ་གྱུར་པའི་རིག་གསར་ཞིག་གོ། །ཇི་ལྟར་ནའང་། གནའ་དཔྱོད་རིག་པ་དང་། མིའི་རིགས་རིག་པ། ལོ་རྒྱུས་རིག་པ་གསུམ་ནི། གནའ་བོའི་སྣོད་བཅུད་ལ་འཇུག་པའི་སྤུན་མཆེད་གསུམ་མོ། །དེས་ན། གནའ་དཔྱོད་རིག་སྨྲ་དང་ལོ་རྒྱུས་རིག་སྨྲ་རྣམས་ལ་མིའི་རིགས་རིག་པའི་བློ་སྦྱོང་མེད་ཚེ། ཕྱི་ཡི་སྣང་ཚུལ་ཙམ་ལས་ནང་གི་གནས་ཚུལ་མི་རྟོགས་པ་དང་། མིའི་རིགས་རིག་སྨྲ་རྣམས་ལ་རིག་པ་གཞན་གཉིས་ཀྱི་བློ་མིག་ལྡོངས་ཚེ། ཕྱོགས་དེའི “དུས་གསུམ་གྱི་རྣམ་གཞག”དོན་བྱེད་ནུས་སྟོང་དུ་འགྱུར་རོ། །

གཉིས།

གནའ་དཔྱོད་རིག་པ་དང་མིའི་རིགས་རིག་པ་སོགས་ཀྱི་བསྟན་ཞབས་འཛམ་གླིང་འཛིན་མའི་ཕང་བར་བསྒྱུར་བ་ནས་བཟུང་། “རིག་རྩལ་བསྐྱར་དར”དང་། “སྐམ་ས་གསར་རྙེད།” “བློ་འབྱེད་ལས་འགུལ།” “བཟོ་ལས་གསར་བརྗེ”སོགས་ཀྱི་ཕ་ས་རྣམས་ལྟེ་བར་བྱས་པའི་ཡུལ་གྲུ་ཁག་ཏུ། “ལོ་རྒྱུས”ཞེས་པའི་ཐ་སྙད་ཀྱི་སྤྱོད་སྒོ་དང་གོ་བ་ལེན་སྟངས་ཐད་སྔ་ན་མེད་པའི་གནས་འགྱུར་ཆེན་པོ་ཞིག་བྱུང་ཡོད། དེ་ཡང་ལོ་རྒྱུས་ཡིན་ན། དམག་སྲིད་ཀྱི་ལོ་རྒྱུས་རྐྱང་པ་ཡིན་པས་མ་ཁྱབ་ལ། སྐྱེས་ཆེན་དཔའ་བོ་རྣམས་ཀྱི་རྣམ་ཐར་རྟོགས་བརྗོད་ཁོ་ན་དགོད་དགོས་པའང་མ་ཡིན་ཏེ། ལོ་རྒྱུས་ནི། མི་རུ་སྐྱེས་པ་ཐམས་ཅད་ཀྱིས་གསར་དུ་བཏོད་པ་ཞིག་ཡིན་པས། མི་དང་འབྲེལ་བའི་རིག་པ་སྤྱིའི་འཕེལ་འགྱུར་བརྗོད་པ་ལ་ལོ་རྒྱུས་ཞེས་བྱ་དགོས་པ་དེའོ། །

དོན་གྱི་རྡོ་ཁ་དྲིལ་ན། གནའ་རབས་ལོ་རྒྱུས་ཕལ་མོ་ཆེ་ནི། བྱང་འབྲོག་གི་ལ་ཤགས་ལྟར་ན“སྐྱ་ཀ་ཁྲ་མོ་ཁྲ་ཡག་མ། ཕྱི་བལྟས་ན་འཇའ་ཐོག་འཇའ་བརྩེགས་རེད། ནང་བལྟས་ན་སྐྱག་པའི་ཁོག་སྟོང་རེད”ཅེས་པའི་དོ་ཟླར་ལྷགས་ཏེ། རིག་གནས་མིའི་རིགས་རིག་པ་ལས། སྒྲིག་གཞི་སྨྲ་བའི་བརྡ་ཆད་སྤྱད་ན། “ཕྱི་ཡི་སྒྲིག་གཞིའི”ལོ་རྒྱུས་གཙིགས་སུ་བཟུང་པ་ཙམ་ལས། “ནང་གི་སྒྲིག་གཞིའི”ལོ་རྒྱུས་སྣང་ལ་མ་ངེས་པའི་ཚུལ་དུ་ལུས་ཡོད་པས་སོ། །

མིའི་རིགས་ཀྱི་འཕེལ་འགྱུར་གྱི་ལོ་རྒྱུས་ལ་གཞིགས་ན། ཡར་བསྐྱེད་དང“མདུན་ན་འདོན”མཁན་གྱི་རྒྱུ་དང་རྐྱེན་གཙོ་བོ་ནི། ཕྱི་ཡི་སྒྲིག་གཞི“དྲག་ཤུལ་གྱི་ཉམས”མ་ཡིན་པར། ནང་གི་སྒྲིག་གཞི་ཐབས་དང་ཤེས་རབ་ཀྱི་འགྱུར་བ་ཡིན་མོད། “འབངས་རྣམས་ཆར་ཆུས་སྨྱོ་བས་རྒྱལ་པོའང་ཆར་ཆུ་བཏུང་དགོས་བྱུང་བའི” སྒྲུང་བཞིན། མི་རྣམས་ཕལ་ཆེར་ཕྱི་ཡི་དྲག་ཤུལ་གྱིས་ནོན་ཏེ། “འབངས་སྨྱོན་པ”ཡི་རྗེས་སུ་འབྲང་དགོས་པ་ཨ་རེ་མཚར། དེ་ལྟར་ནའང་། བསྟན་པ་འགྲིབ་ནས་ཕྱི་ཚུལ་ཙམ་འཛིན་པའི “ལྔ་བརྒྱ” ཆེན་མོ་རེ་ལ། “སྐྱོབ་པ་འཇིག་རྟེན་མགོན་པོ”(འདིར་རྒྱ་སྐད་ཀྱི救世主ཞེས་པའི་སྐད་དོད་ལ། སྐྱོབ་པ་འཇིག་རྟེན་མགོན་པོ་ལས་འོས་པ་མ་རྙེད། དེས་ན། འདིར་འབྲི་གུང་སྐྱོབ་པ་ལ་གོ་མི་དགོས་པར། མིང་གཅིག་དོན་གྱི་རྣམ་གྲངས་སུ་ངེས་འཚལ། )རེ་འབྱུང་བའང་ལོ་རྒྱུས་ཀྱི་ཆོས་ཉིད་ལགས་ན། གནའ་དཔྱོད་རིག་པ་དང་མིའི་རིགས་རིག་པ་སོགས་ནི། དུས་ཀྱི་སྙིགས་མ་འདིར་བྱོན་པའི་འཇིག་རྟེན་མགོན་པོའོ། །

གསུམ།

འགྲོ་བ་མིའི་རིགས་ཀྱི་ཡ་ཐོག་གི་ཤེས་རིག་གམ་ཡི་གེའི་སྔོན་གྱི་ལོ་རྒྱུས་ལ་རྟོག་དཔྱོད་བྱ་བར། སྲོལ་རྒྱུན་གྱི་དཔྱོད་ཐབས་སྣ་གཅིག་ནི། ལོ་རྒྱུས་ཡིག་ཚང་དང་ངག་རྒྱུན་ཙམ་པོ་བ་ལས་དཔྱོད་བྱེད་ཀྱི་ལུང་རིགས་ཞན་པོར་གྱུར་ཡོད། ཡི་གེའི་བསྟན་པ་དབུ་བརྙེས་ནས་ད་བར་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་ཀྱང་། དེ་ཙམ་གྱིས་འདས་པའི་བསྐལ་པའི་ཕུགས་ལམ་བགྲོད་པར་རྔོ་མི་ཐོགས་ལ། ངག་རྒྱུན་ལ་ཡང་མཐའ་གཅིག་ཏུ་ཡིད་རྟོན་རུང་བ་མ་ཡིན་ཏེ། གཏམ་མི་ཁ་བརྒྱུད་ན་ཇེ་མང་དང་། ཟས་མི་ལག་བརྒྱུད་ན་ཇེ་ཉུང་ཞེས་པའི་དཔེ་ལྟར། ངག་ནས་ངག་དང་སྙན་ནས་སྙན་ལ་བརྒྱུད་པའི་གཏམ་རྣམས་ལྷད་དང་དྲི་མས་བསྒྲིབས་དྲགས་པས། གཉུག་མའི་རང་བཞིན་བག་ལ་ཞ་བར་གྱུར་ཏོ། །དེ་ལྟར་ནའང་། ཡུན་རིང་བག་ལ་ཞ་བའི་གཉུག་མའི་རང་བཞིན་ནི། གནས་སྐབས་མ་རིག་པའི་འདམ་དུ་བྱིང་བ་ཙམ་ལས། ཚད་མས་མ་དམིགས་པའི་མེད་པ་མིན་ཕྱིར། སུས་ཀྱང་བློའི་ཡུལ་དུ་བྱ་རུང་བ་ཡིན་ནོ། །

བློའི་ཡུལ་དུ་བྱ་རུང་བའི་གཉུག་མའི་ཆོས་དེར། བརྡ་མི་རྒན་པོ་དང་མི་རྗེ་དབང་ཐང་ཅན་རྣམས་ཀྱིས་རང་གཅེས་འཛིན་གྱི་བློས་ཀུན་ནས་བསླངས་ཏེ། རང་ཉིད་གང་ན་གནས་པའི་ཡུལ་དུས་ཐམས་ཅད“གནམ་གྱི་ནི་དབུས། ས་ཡི་ནི་དཀྱིལ། གླིང་གི་ནི་སྙིང་པོ”ཡིན་པར་འདོད་ལ། རང་ལས་ལོགས་སུ་གྱུར་པའི་སྣོད་བཅུད་གཞན་པ་རྣམས“མཐའ་འཁོབ་མུན་ནག”ཅེས་ཡིད་ལ་བརྣགས་ཤིང་ངག་ནས་སྨོས་ཏེ་ཡི་གེའི་གཟུགས་སུ་བཀོད་པས། རང་གི “གདུལ་བྱར”གྱུར་པའི་སྐྱེ་འགྲོ་མང་པོ་ཕ་ཚེ་བུ་རབས་ཀུན་ཏུ་ལམ་ལོག་མགོ་རྨོངས་ཀྱི་གནས་སུ་དྲངས་སོ། །དེ་ལྟ་བུའི་ལམ་ལོག་མགོ་རྨོངས་ཀྱི་རྟ་ཁ་སྲབ་ཀྱིས་སྒྱུར་མཁན་ནི། ད་གཟོད་གཙུག་གི་ཉི་ཟླ་ལྟ་བུའི་རིག་པ་སྟེ། གནའ་དཔྱོད་རིག་པ་དང་མིའི་རིགས་རིག་པ་སོགས་ཡིན་པ་སྨོས་ཀྱང་ཅི་འཚལ། རིག་པ་དེ་རྣམས་ཀྱི་ཐུགས་རྗེའི་བཀའ་དྲིན་འོག་ཏུ། གཟོད་མར་མིའི་རིགས་ཀྱི་ལོ་རྒྱུས་ལ། “རིག་གནས་སྤྱི་མཐུན་གྱི་སྲོལ་རྒྱུན”(文化共同传统)དང་། “ལྷན་ཅིག་བྱེད་རྐྱེན་གྱི་ཚོམས།”(互相作用组) “བདག་གཞན་མཉམ་པའི་སྲིད་ལུགས”(同等政体)སོགས་ཀྱི་ལྟ་དགོངས་འཁྲུངས་ཏེ། གནད་ལ་བསྣུན་པའི་དཔྱད་འབྲས་དུ་མས་རིགས་དང་རུས་པ་འཛིན་པའི་སྐྱེ་འགྲོ་སུའང་རང་རང་གནས་སྐབས་ཀྱི “འཇིག་རྟེན་བྱེད་པོ”ཡིན་པ་མ་ཚད། མཐའ་དཔྱོད་བྱས་པའི “དབུས”ཀྱི་ཤེས་དཔལ་ལས་ཀྱང“མཐའ་འཁོབ”ཀྱི་ཤེས་དཔལ་འགའ་ཞིག་ཡུལ་དུས་ངོ་བོ་གསུམ་ཀ་ཁྱད་དུ་འཕགས་མྱོང་བའི་ར་སྤྲོད་བྱས་ཟིན་བྱེད་བཞིན་བྱ་འགྱུར་ལགས།

བཞི།

གོང་དུ་བརྗོད་པའི་གནས་ལུགས་བདེན་པ་དང་། ཟབ་མོའི་དེ་ཉིད། གཉུག་མའི་རང་བཞིན་སོགས་ནི། རིག་པ་སྨྲ་བ་ཐམས་ཅད་ཀྱི་ཡིད་ཡུལ་ན་གཟས་པའི་ཤམ་བྷ་ལ་དང་། བདེ་བ་ཅན། ཨུ་ཐོ་ཕཱ(Utopia) ཕུགས་བསམ་གྱི་རྒྱལ་ཁབ(理想国)སོགས་ཡིན་མོད། ཞིང་ཁམས་དེ་དག་གི་བཅུད་དུ་འགྱུར་བར་སྨོན་སྐུལ་ཙམ་གྱི་བགྱི་བས་ཇི་ལྟར་དོན་ལ་སྨིན་ཏེ། མི་སྨིན་ནོ། །གནད་ལ་བརྟགས་ན། སྐད་དང་ཡི་གེ་གཉིས་ཀྱིས་བཞེངས་པའི་ཤེས་རིག་ཐམས་ཅད་ལྟོས་བཅས་ཀྱིས་གྲུབ་པའི་འཇིག་རྟེན་ཞིག་ཡིན་པས། ལྟོས་ས་བོར་བའི་ལྟོས་ཆོས་དང་། ལྟོས་ཆོས་བོར་བའི་ལྟོས་ས་ཐམས་ཅད་རྟག་ཆད་གཉིས་ཀྱི་མཐའ་རུ་ལྷུང་བའི“ཕྱི་རོལ་མུ་སྟེགས་པ”ཡི་བསྟན་པ་ཁོ་ན་ལགས་ཏེ། གོང་དུ་སོང་བའི་ཡུལ “དབུས”དང“མཐའ་འཁོབ”ཀྱི་རྣམ་དབྱེ་དང་ཕྱོགས་མཚུངས་གཤིས། གཡག་ཞར་རྩྭ་བཟའ་རྣམས་ཀྱིས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའི“བདེན་པ་མཐར་ཐུག”ཉམས་སུ་མྱང་རྒྱུའི་སྐལ་བ་ནམ་ཡང་མེད་དོ། །རྒྱུ་མཚན་དེ་དག་གི་ཕྱིར་ན། གཞན་ལ་བལྟ་བའི་མིག་མེད་པའི་རིག་པ་ནི། “ཁྲོན་པའི་ནང་གི་སྦལ་པའི”རྣམ་ཐར་ཡིན་ལ། རང་ལ་བལྟ་བའི་མེ་ལོང་མེད་པའི་རིག་པ་ནི། “ལྭ་བ་གསར་པ་གྱོན་པའི་གོང་མའི་རྟོགས་བརྗོད”(The Emperor's New Clothes)དང་ངོ་བོ་གཉིས་སུ་མེད་དོ། །

དེ་ལྟར“འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས”གང་ཞིག་ཡིན་ཡང་། ཆོས་ཉིད་བདེན་པ་མངོན་དུ་བྱ་བར། གནའ་དཔྱོད་རིག་པ་གསར་མའི(New Archaeology)ལུགས་སུ་བཤད་པའི“རྗེས་དཔག”གི་བློ་སྦྱོང་སྔོན་དུ་བྱས་ཏེ། རིག་གནས་མིའི་རིགས་རིག་པའི་ལྟ་གྲུབ་ལས། སིལ་ཆད་སོར་གྱེས(播化学派)སྨྲ་བའི་ལུགས་སུ་འདོད་པའི“རིག་གནས་ཀྱི་ཚོམས”དང་། རིག་གནས་ལྟོས་བཅས་སྨྲ་བའི“ཐུན་མིན་རིག་གནས”ཀྱི་སྙིང་པོ། སེམས་ཁམས་རིག་པ་སྨྲ་བའི“སྒེར་གཤིས”སོགས་ཀྱི་ལྟ་བའི་གནད་རྣམས་དཀྱུས་སུ་བཟུང་ཐོག “འཛམ་གླིང་མེ་ལོང་ཕར་ལྟ་ཚུར་ལྟ”ཡིན་པའི་ལྟ་སྤྱོད་ཀྱིས། སྤྱི་ནས་བྱེ་བྲག་ཏུ་སྡུར་དཔྱོད་རིག་པའི་ཐབས་དང་ཐབས་བྱུང་གིས་ཉེ་བར་བརྟག་དགོས་ཀྱི། བསྒྲུབ་བྱའི་ཁ་བྱང་ལུང་ནས་ཟིན་པའི་རྐུ་རྫུན་རྟ་སྒྲོ་མགོ་སྦྲེལ་གྱི་ངག་ཚིག་ཐམས་ཅད“དམྱལ་བ་མནར་མེད”ལ་བསྐྱོད་པའི“ལམ་རིམ”ཁོ་ནའོ། །དེས་ན། འཛམ་གླིང་ལྟེ་བ་གཅིག་ཏུ་སྨྲ་བ་དང་། ཤེས་དཔལ་གྱི་ཆུ་མགོ་གཅིག་ཏུ་འདོད་པ། ལོ་རྒྱུས་ཀྱི་ལམ་ཚད་ཐིག་ཤིང་གཅིག་ཁོ་ནས་གཞལ་དགོས་པའི“རྒྱུག་པ་ལེབ་རྡུང”གི་གསང་བའི་མཛད་འཕྲིན་ནི། མི་བཟད་ཀླ་ཀློའི་ལྟ་འོབས་སུ་ལྷུང་ཟིན་པའི “ཆེ་དགུ”རྣམས་ཀྱིས“ལམ་ངན་བཏོད་ནས་འཛམ་གླིང་འཕུང་ལ་སྦྱོར”བའི་རིང་ལུགས་ཙམ་ལས། བདག་གཞན་མཉམ་པའི་རིང་ལུགས་གཙང་མ་ཞིག་གཞར་ཡང་མ་ཡིན་ནོ། །

ལྔ།

“ནམ་ཉི་མ་རིང་རེས་ཐུང་རེས་རེད། ཆུའི་གད་པ་དམའ་རེས་མཐོ་རེས་རེད”ཅེས་པ་བྱང་འབྲོག་གི་མི་རྣམས་ཀྱི་ངག་ལ་འཇགས་པའི་གཏམ་སྤྱིར་བཏང་བ་ཞིག་རེད། བསམས་ཤིང་བསམས་ན། དེ་ནི་ལོ་རྒྱུས་རིག་པ་སྨྲ་བ་རྣམས་ཀྱིས་ཡུན་རིང་མ་རྙེད་པའི་ལོ་རྒྱུས་ཀྱི་ཆོས་ཉིད་རྣལ་མ་ཞིག་དང་མཚུངས། མིའི་རིགས་ཀྱི་མེས་པོ་གཅིག་དང་ཐ་དད་ཇི་ལྟར་འདོད་ཀྱང་། རིགས་དང་རུས་ཀྱིས་ཐོག་མར་རྣམ་པར་ཕྱེ་བའི་དུས་དེ་ནས་བཟུང་། “ཐར་པ་རང་ལ་རག་ལས”པའི་ངེས་ཤེས་འདྲོངས་ཏེ། “རང་ཉིད་རང་གི་མགོན”དུ་གྱུར་ཅིང་། འདུ་འབྲལ་གྱི་རྒྱལ་ཕམ་རེས་ཀྱིས་བཀྱེད་ལ། འཕེལ་འགྲིབ་ཀྱི་ཉིན་སྲིབ་ཀྱང་རེས་ཀྱིས་བརྒལ།

དེ་ལྟར་ལོགས་སུ་གྱེས་པའི་ཚོགས་སྤྱི་ཞིག་གི་སྐྱེ་འགག་གནས་གསུམ་ལ་རྟོག་དཔྱོད་བྱ་བར། འཕྲེད་དང་གཞུང་ལ་བལྟ་བའི“སྤྱན་རས་གཟིགས”ཤིག་མེད་ཚེ། འཕེལ་རྒྱས་དང་རྗེས་ལུས། དབུས་དང་མཐའ་འཁོབ། ཆོས་དང་ཀླ་ཀློ་སོགས་ནི་དགག་བཞག་སྤོང་གསུམ་གྱི་ཡུལ་ལས་འདས་པའི་ཐ་སྙད་ཟུངས་ཟད་དུ་འགྱུར་ཏེ། མཛུབ་མོ་ལྔ་པོ་དཔེར་བླངས་ན། གཞུང་ལ་དཔྱོད་པའི་རིགས་པ་ཁོ་ན་བདེན་པའི་ཚད་མར་བྱས་ཚེ། དཀྱིལ་མཛུབ་ཉིད་རབ་དང་མཆོག་དང“དབུས”སུ་འགྱུར་ཞིང་། མཐེ་བོང་ངམ་སོར་མོའི་ཐུ་བོ་རྗེས་ལུས་ཐ་ཤལ“མཐའ་འཁོབ”ཏུ་འགྱུར་བ་ཡིན་མོད། འཕྲེད་ལ་དཔྱོད་པའི་རིགས་པ་བདེན་པའི་ཚད་མར་བཟུང་གཤིས། མཐེ་བོང་ཉིད་རབ་དང་མཆོག་དང་ “དབུས”སུ་འགྱུར་བ་ལྟར། མིའི་རིགས་ཀྱི་ལོ་རྒྱུས་ཀྱང་དེ་བཞིན་ཡིན་ཏེ། གདོད་མའི་སྤྱི་ཚོགས་དང་། བྲན་གཡོག་སྤྱི་ཚོགས། བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས། མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སམ། ཡང་ན། ཀླ་ཀློའི་དུས་སྐབས(蒙昧时期)དང་། དམུ་རྒོད་ཀྱི་དུས་སྐབས།(野蛮时期) ཤེས་དཔལ་གྱི་དུས་སྐབས(文明时期)སོགས་ལོ་རྒྱུས་དང་རིག་གནས་ཀྱི་འཕེལ་རིམ་མ་ལག་གང་ཞིག་ཡིན་རུང་། ཡུལ་དུས་གཉིས་ཀྱིས་ཅུང་ཟད་བསྐལ་བ་ཙམ་ལས། མིའི་རིགས་ཀྱི་ཚོགས་སྤྱི་ཐམས་ཅད་སྔ་ཕྱི་ཐར་ཆགས་ཀྱིས་དུས་སྐབས་དེ་དག་བརྒྱུད་མྱོང་བ་དང་བརྒྱུད་ངེས་པ་ཁོ་ན་ལགས། གཞི་ལ་བསམས་ན། དེ་ཡང་རིག་གནས་འཕེལ་འགྱུར་སྨྲ་བ་རྣམས་ཀྱིས་བཤད་པའི“ཐུན་མོང་གི་སེམས་ཁམས”(心理上的一致)ཡིན་གྲང་། དེས་ན། ནམ་ཉི་མ་རིང་རེས་ཐུང་རེས་དང་། ཆུའི་གད་པ་དམའ་རེས་མཐོ་རེས་ཙམ་ལས། སུ་ཞིག་གདོད་ནས“སྐྱོན་ཀུན་ཟད་ཡོན་ཏན་ཀུན་འཛོམས”སུ་མ་གྱུར་ལ། སུ་ཡང་དང་པོ་ཉིད་ནས“སྐྱོན་ཀུན་འཛོམས་ཡོན་ཏན་ཀུན་ཟད”དུ་མ་གྱུར་ཏོ། །

དྲུག

རང་བྱུང་ཁམས་ཆེན་མོ་ནི། མི་རྣམས་གདོད་ནས་གང་ནས་གང་དུ་ཇི་ལྟར་ཅི་ཕྱིར་བསྐྱོད་པའི“ལས་མཁན”ཞིག་ཡིན་ཏེ། དབྱར་དགུན་གཉིས་ཀྱི་དྲོ་གྲང་དང་། ཉིན་མཚན་གཉིས་ཀྱི་རིང་ཐུང་། ས་ཆུ་གཉིས་ཀྱི་འཇམ་རྩུབ་སོགས་ཀྱི་རྐྱེན་པས། སྣོད་ཀྱི་འཇིག་རྟེན་འདི་ཡང་སྒང་གཤོང་མང་པོས་བསླེས་པའི་སླེ་བོ་ཞིག་དང་མཚུངས་པར་གྲུབ་གཤིས། “བྱང་གཡག་ཚ་བ་རོང་ཁོང་དུ་ཕེབས་ན། སྙིང་རུལ་ཏེ་འཆི་བ་དང་། མོན་ཡུལ་གྱི་བོང་བུ་བྱང་གོང་ཕྱུང་ན་འཁྱགས་ཏེ་ཤི། རྒྱ་ཤོད་ཀྱི་འབྲས་དྲུག་བྱང་ཐང་དུ་བཏབ་ན་ལྷགས་པས་སྐམ། བྱང་འབྲོག་གི་སྤང་རྩི་མོན་ཡུལ་དུ་བཏབ་ན་རུལ།”(འདིར་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་ལུང་དུ་དྲངས་ཡོད།) བའི་ཆོས་ཉིད་ཀྱིས། “ལ་རེ་རྒྱབ་ན་མི་མཐུན་ཆོས་ལུགས་རེ། །དེ་ཡི་རྗེས་འབྲངས་མཁས་བླུན་སྟོང་ཕྲག་རེ། །”བྱུང་སྟེ། འབྲོག་པ་དང་ཞིང་པ། རོང་པ་དང་མཚོ་པ་སོགས་ཀྱི་རྣམ་དབྱེ་དོད་ལ། བཅུད་ཀྱི་སེམས་ཅན་རྣམས་ཀྱང་རང་རང་གི་ས་ན“སྐྱིད་སྡུག་རིང་ཐུང་སྦོམ་ཕྲ་གྲངས་མེད” ཀྱིས་འཚོས་དང་འཚོ་བཞིན་ཡོད།

དེ་ལྟར“འཛམ་གླིང་མེ་ལོང་ཕར་ལྟ་ཚུར་ལྟ”ཡིན་པས། “ལེགས་པ་ལ་ནི་དགྲ་ལ་ཡོད་ཀྱང་ལེན། ཉེས་པ་ལ་ནི་རང་ལ་ཡོད་ཀྱང་འདོར”བའི“མཛངས་མི”རྣམས་ཀྱི་གཉོམ་ལག་ལེགས་པར་རྒྱས་ཏེ། ལྷ་ཆོས་དར་གྱི་མདུད་པ་བསྒྲིམས། མི་ཆོས་སོག་མའི་ཕོན་པོ་བཅིངས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སྦྲེལ་ནས། གནའ་སྲོལ་བཟང་པོ་ཀུན་བཙུགས་པས། “དབུས་ཀྱི་འདུན་ས”སྲ་ཞིང་བརྟན་པ་དང་། “མཐའི་སོ་ཁ” བཙན་ཞིང་བརྗིད་ཆགས་པར་གྱུར་ཏེ། སྐལ་མཉམ་གྱི་ཁྱུ་ཚོགས་རྣམས་ལས་ལོགས་སུ་བུད་ཅིང་མངོན་པར་འཕགས་ཏེ་སུས་ཀྱང་བསྒྲུན་མི་བཟོད་པའི“ཡུལ་དབུས” སུ་སྐྱེ་བ་བླངས་མོད། གཞན་གྱི་ཇ་ཆང་ལོངས་སྤྱོད་ཡིད་ལ་བརྣབས་ཀྱང་། རང་གི་རྩྭ་རྐྱང་ཆུ་རྐྱང“མཆོག་དང་ཐུན་མོང་དངོས་གྲུབ”ཏུ་སྒོམ་པའི “ཀླ་ཀློ” རྣམས་ནི། ས་སྐྱ་པཎྜི་ཏ་ན་རེ། “གཙོ་བོ་གྲོས་ཀྱི་རྒྱ་མཚོ་བསྐམས། དཔའ་བོ་སྟག་གི་རི་མོ་ཡལ། མོ་བཙུན་ངོ་ཚའི་གཡང་ལུག་བུད། ཡ་རབས་ཀྱི་སྲོལ་མི་བསྲུང་། མ་རབས་ཀྱི་སྤྱོད་པ་བསྐྱངས། ཕུགས་ཀྱི་ཁེ་མི་བརྩི། འཕྲལ་གྱི་རྩིས་བཏང་། ལེགས་པའི་སྲོལ་མི་འཛིན། ཉེས་པའི་དཔེ་འདྲེན། མཁས་པའི་གཞུང་མི་བསྲུང་། རྨོངས་པའི་རྗེས་སུ་འཇུག །བཟང་པོའི་དོ་མི་བྱེད། ངན་པའི་ཡ་བ་བྱེད”ཅེས་གསུངས་པ་ལྟར། དུས་ངན་སྙིགས་མའི་ལམ་དུ་འཕྱན་དྲགས་པས། “མཐའ་འཁོབ”ཡུལ་དུ“ཡང་ཤི་ཡང་སོས”ཀྱིས་འདའ་དགོས་པར་གྱུར་ཏོ། །

བདུན།

“གཞོན་པའི་ཤེད་ལས་རྒད་པོའི་ཇུས་བྱ་བཟང་།”ཞེས་པ་ལྟར། “མཐའ་འཁོབ”ཀྱི་མུན་དོང་ན“ཡང་ཤི་ཡང་སོས”ཀྱིས་འཚོ་བཞིན་པའི“ཀླ་ཀློ”རྣམས། “མཛངས་མིའི”གནས་སྐབས་ལ“མྱུར་སྐྱོབ”བགྱི་དགོས་ཚེ། ལམ་གྱི་རིམ་པ “སྐྱེས་བུ་ཆེ་འབྲིང་ཆུང”གསུམ་གྱི་རྣམ་གཞག་རེ་རེ་ནས་ཤེད་ཀྱིས་གཞུག་པར་ཚེ་ཡིས་མི་ཟིན་ཕྱོད་ཆུང་བས། ངེས་པར་དུ། “ཚེ་གཅིག་ལུས་གཅིག་གིས་འཚང་རྒྱ”དགོས་པའི་ཇུས་བྱ་ལག་ཏུ་བསྟར་དགོས་ཏེ། དེ་ཡང་བཀླག་བྱའི་གཞུང་གི་མགོ་རྔ་བསྒྲིལ་ཏེ་བསམས་ན། “མཐའ་འཁོབ”པ་རྣམས “དབུས”སུ་བསྐྱོད་པའི་ཐབས་དམ་པ་གསུམ་སྟེ། “མཛངས་མི”རྣམས་ཀྱིས་བསྐྱོད་ཟིན་པའི་ལམ་གྱི་ལེགས་ཉེས་བརྟགས་ནས། ལེགས་སྤེལ་ཉེས་འགོག་བྱ་བ་དང་། “མཛངས་མི”ཡི་ གཞུང་ལུགས་མར་ཁུ་འདྲ་བ་རྣམས་དོན་དུ་གཉེར་ཏེ་རང་རྒྱུད་ལ་འགེལ་བ། རང་གི“སྲོལ་རྒྱུན”དགེ་ཐོན་པ་རྣམས་གཞན་ལ་བསྒྲགས་ཏེ་ཤེས་སུ་གཞུག་དགོས་ལ། མཐར་ཡང་ཤེས་འཁོས་གཉིས་ལྡན་གྱིས་གཞུང་ལུགས་སྣ་མང་ཅན་དང་། ཐབས་ཤེས་མ་ལག་ཅན། ལག་རྩལ་རྒྱལ་སྤྱི་ཅན་ལ་མངོན་པར་ཕྱོགས་དགོས་སོ། །ལས་སྒོ་དེའི་ལྷན་ཅིག་བྱེད་རྐྱེན་གྱི་གྲོགས་སུ་གྱུར་པའི “མགོན་པོ” ནི། ཤེས་རིག་ཡུན་གནས་སྡེ་ཚོགས (Cultural Survival Inc) ཡིན་པར་བཤད། དེ་ཡང་སྤྱི་ལོ1972ཙམ་ལ། འཛམ་གླིང་ཤེས་རིག་སྨྲ་བའི་གྲྭའི་གཙུག་རྒྱན་དུ་གྱུར་པ། ཧ་ཝེར་ཊི་གཙུག་ལག་སློབ་ཆེན(Harvard University)དུ། སྤྱི་ཚོགས་ཚན་རིག་སྨྲ་བའི་མཁས་དབང་དུ་མས་སྡེ་ཚོགས་དེ་ཉིད་གསར་དུ་བསྐྲུན་ཏེ། “མཐའ་འཁོབ”མི་རིགས་རྣམས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གེགས་སུ་འདོད་པའི“ལོག་སྨྲ”རྣམས་ཚར་གཅད་རྒྱུའི་དམ་བཅས་ལ། དེ་དག་ཀྱང་སྔོན་ནས་མྱུར་དུ་མི་རྟག་པའི་རྗེས་སུ་བསྐྱོད་དགོས་པའི་གཏན་ཚིགས་ལ་རྒོལ་བ་བརྩམས་ཤིང་། ལས་དང་བསྐལ་པ་སྨིན་ཚེ། “ཀླ་ཀློ”རྣམས་ཀྱང་ཐོན་སྐྱེད་ནུས་ཤུགས་འདོན་མཁན་ཡིན་གྱི། འགོག་རྐྱེན་སྐྲུན་མཁན་མ་ཡིན་པའི་བདེན་དཔང་བྱས་མཐར།དཔལ་འབྱོར་འཕེལ་རྒྱས་དང་སྲོལ་རྒྱུན་རིག་གནས་གཉིས་མཉམ་གནས་མཉམ་སྐྱོད་ཡོང་རྒྱུ་ནི། ཤེས་རིག་ཡུན་གནས་སྡེ་ཚོགས་ཀྱི “འཇིགས་མེད་སེང་གེའི་ང་རོར”གྱུར་ཏོ། །

བརྒྱད།

དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པ་གཉིས་ལ་བརྩམས་པའི་གཏམ་ཚོགས་ཏེ། ཕ་ཡུལ་ཐེ་ཝན་ནས་ཡིན་ཡང་། ལང་ཚོའི་གཉོམ་ལག་པེ་ཅིན་ནས་རྫོགས་ཤིང་། རིག་པའི་གཤོག་རྩལ་ཨ་རི་ནས་རྒྱས་ལ། ཤེས་བྱའི་ཟེགས་མ་འཛམ་གླིང་ལ་གཏོར་ནུས་པའི་གནའ་དཔྱོད་རིག་པ་སྨྲ་བ་ཀྲང་ཀོང་ཀྲི(张光直,1931–2001)ཡིས་མཛད་པའི《གནའ་དཔྱོད་མིའི་རིགས་རིག་པའི་གཏམ་ཚོགས》(考古人类学随笔 འཚོ་བ། དཔེ་ཀློག གསར་རྟོགས། སུམ་སྦྲེལ་དཔེ་མཛོད་ནས། སྤྱི་ལོ2017ལོའི་ཟླ9 པ།པེ་ཅིན་ནས་པར་ཐེངས་གཉིས་པ་དཔར)ནི། རྗོད་བྱེད་ཚིག་རྣམས་བྱུང་ཟིན་འདས་པ་ཡིན་རུང་། བརྗོད་བྱ་དོན་གྱི་ཆ་ནས་འདས་པ་ཙམ་དུ་མ་ཟད། བྱེད་བཞིན་ད་ལྟ་དང་། བྱ་འགྱུར་མ་འོངས་པའང་ཡིན་ངེས་གཤིས། མིའི་རིགས་ཀྱི་ཤེས་རིག་ལ་འཇུག་པ་ཡངས་པོས་ཉམས་སུ་ལེན་འདོད་པའི་སྐལ་མཉམ་རྣམས་ལ། གཞུང་དེའི་མདོ་དང་རྩ་བ་དཀྱུས་སུ་བཟུང་བའི་འོས་སྦྱོར་གྱི་གཏམ་ཐ་རེ་ཐོ་རེ་ཙམ་བཀོད་པ་རྫོགས་སོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།