ཀྲུང་གོ་བོད་ཀྱི་དྲ་བ།

གངས་ཚ་འཇོམས་ཀྱི་གྲོགས་དྲན་པའི་འཕྲིན་ཡིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གངས་ཚ་འཇོམས།མགོ་ལོག   སྤེལ་དུས། : 2020-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

80001.jpg

གངས་ཚ་འཇོམས། དངོས་མིང་ལ་སྐལ་བཟང་འཇིགས་མེད་དུ་འབོད།1997ལོར་མགོ་ལོག་གཉན་སྐོར་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། སློབ་ཆུང་འགྲིམས་རྗེས་གྲྭ་བ་བྱས་ཏེ་རང་དགོན་དང་རེབ་གོང་རོང་བོ་དགོན་ཆེན་སོགས་སུ་སློབ་གཉེར་བྱས། 2015ལོར་གསར་རྩོམ་གྱི་ལས་ཀར་ཞུགས་ནས་ད་ལྟའི་བར་སྙན་ངག་ཡིན་ནོ་ལོ་སྙམ་པ་རེ་བྲིས་ཤིང་སྙན་ངག་འགའ་རེ་ཁམས་ཀྱི་སྒྱུ་རྩལ་ལོ་དེབ་《ནང་ཆེན》དངཤྭ་སྐྱརི་བོ་ཉི་ཟླའོད་ཐིགཕུགས་བསམམཚོ་མཐའི་གླུ་སྐདབྱ་ཁྱུངརིག་མཛོདཁམས་པའི་ཚགས་པར། རྔ་བའི་གསར་འགྱུར་ཚགས་པར། གཞིས་ཀ་རྩེའི་ཚགས་པར། ཀྲུང་གོ་བོད་ཀྱི་དྲ་བ། བཙན་པོ་མགར་གྱི་དྲ་བ། གཙོའི་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་དྲ་བ་ཁ་ཤས་སུ་སྤེལ་མྱོང་། སྙན་ངག་དང་ལྷུག་རྩོམ་འགའ་ལ2017ལོའི་སྲང་ལམ་སྙན་རྩོམ་འགྲན་བསྡུར་ཁྲོད་(སྲང་ལམ་མཚན་སྙན)བྱ་དགའ་དང་དཀར་མཛེས་བོད་ཡིག་ཚགས་པར་ཁང་གིས་སྤེལ་བའི་ལྷུག་རྩོམ་འགྲན་བསྡུར་ཁྲོད(ཕུལ་བྱུང་)བྱ་དགའ་ཐོབ། ད་ལྟ་གངས་ལུང་རྩོམ་རིག་ལོ་དེབ་ཀྱི་རྩོམ་སྒྲིག་པའི་འགན་ཁུར་ཡོད།        


           

                གྲོགས་པོ།   ད་སྐབས་ཀྱི་འཚོ་བ་ག་འདྲ་འདུག      

ཧ་ཅང་སྙིང་ཉེ་བའི་མི་ཞིག་རྟག་པར་ཡིད་ལ་ཡང་ཡང་དྲན།  དོ་དགོང་ཁོ་ག་ལེར་ངའི་སྙན་ངག་གི་ནང་དུ་འཛུལ་ནས་འདས་སོང་གི་གཏམ་རྒྱུད་མང་བོ་ཞིག་འཆད་ཀྱིན་འདུག  ལོ་དེའི་དབྱར་ཁར་ལོ་བདུན་བརྒྱད་ལོན་པའི་བྱིས་པ་དྲུག་ཅུ་ཡས་མས་ཤིག་ཕྱོགས་བཞི་མཚམས་བརྒྱད་ནས་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་གངས་ལུང་སློབ་ཆུང་དུ་འཛོམས་ཤིང་། སྐབས་དེར་གྲོགས་པོ་རྡོ་རྗེ་བཀྲ་ཤིས་དང་ངེད་གཉིས་འཛིན་གྲྭ་གཅིག་ཏུ་བགོས་འདུག་ནའང་ཕན་ཚུན་ངོ་མ་ཤེས་པས་རང་རང་ས་ནས་སློབ་སྦྱོང་བྱས་ཏེ་ལོ་ངོ་བཞི་ཡས་མས་ཤིག་ལ་སློབ་གྲོགས་གི་འབྲེལ་བ་ལས་གཞན་གང་ཡང་མེད། མིག་རྡེབ་དབང་ཙམ་གྱིས་སློབ་ཆུང་མཐར་ཕྱིན་ལ་ཉེ་ནའང་དགེ་རྒན་ཚོའི་དབྱུག་པས་བརྡ་མ་སྤྲད་ན་ངེད་གཉིས་ལ་སློབ་སྦྱོང་གི་འདུ་ཤེས་ཅང་མེད། དུས་རྒྱུན་ངེད་གཉིས་འགྲོགས་འདྲིས་རིང་བས་ཟས་ཁམ་གང་ཡོད་ན་མཉམ་ཟ་བྱས་པ་དང་། སྐབས་རེར་སློབ་གྲྭའི་ཟ་མས་ལྟོ་བ་མ་འགྲངས་བར་མལ་ཁང་ནང་དུ་འོང་ནས་སློབ་གྲོགས་གཞན་དག་དང་མཉམ་དུ་རྩམ་སྐྱ་འང་འགམ་མྱོང་། 

སློབ་འབྲིང་དུ་འབྱོར་ནས་དུས་ཡུན་ཅུང་ཙམ་འགོར་རྗེས་སློབ་མ་མང་པོ་ཞིག་རྒྱུ་མཚན་གསལ་བོ་མི་ཤེས་པར་སློབ་གྲྭ་ནས་བྲོས་བྱོལ་བྱེད་ཀྱིན་འདུག་ནའང་དེ་དུས་འདྲི་རྟོག་དང་རྗེས་སྙེག་མཁན་ཅི་ཡང་མི་འདུག   དེ་བས་ངའི་གྲོགས་པོ་རྡོ་རྗེ་བཀྲ་ཤིས་དང་འཛིན་གྲྭ་དང་པོའི་སློབ་གྲོགས་འགའ་ཡང་མཉམ་དུ་མུན་མ་རུབ་པའི་ས་སྲོས་ཤིག་ལ་ལྐོག་ལྐོག་སུད་སུད་ཀྱིས་རྒྱང་རིང་གི་ཕ་ཡུལ་དུ་བྲོས་སོང་། ཁོ་འགྲོ་ཁར་ང་ལ་བདེ་མོ་ཙམ་ཡང་འཇོག་ཁོམ་མ་བྱུང་བར་བུད་སོང་། དེ་ནས་བཟུང་ང་རང་ཁེར་རྐྱང་དུ་ལུས་ཏེ་བར་ཐག་གིས་བཅད་པའི་ཞེ་འདང་ལ་ཡིད་འོང་གི་ཐ་སྙད་སྤྱད་དེ་ཁོའི་ཕྱོགས་སུ་བརྩེ་གདུང་གི་ཀོ་གྲུ་ཡང་ཡང་བཏང་མྱོང་། སྙིང་ཉེ་བའི་གྲོགས་པོ་ལགས། ཁྱེད་ཀྱི་ད་སྐབས་ཀྱི་འཚོ་བ་ག་འདྲ་འདུག

འཁྱག་ཤུར་ཤུར་གྱི་དགུན་ཟླ་བཅུ་གཅིག་པའི་མཚན་མོ་འདིར། ཁ་བ་ལྷབ་ལྷུབ་ཏུ་བབས་པ་དང་རླུང་བུ་ཡང་སྒོ་དང་སྒེའུ་ཁུང་གི་ཧྲག་བར་ནས་ག་ལེར་ནང་དུ་གཡུགས་བྱུང་། ཡིན་ནའང་། ཁྱེད་ཀྱི་བཅོས་མིན་གྱི་འཛུམ་མདངས་དང་ལྷད་མེད་ཀྱི་རང་གཤིས་དེ་མདངས་མ་ཉམས་པའི་གསར་བཞད་ཀྱི་མེ་ཏོག་ལྟར་ངའི་བྱིས་དུས་ཀྱི་དྲན་ཤེས་ལས་ཡལ་ཐབས་བྲལ། ཐག་རིང་ན་བདེ་སྡུག་གི་འཁོར་བའི་གཤོག་སྣེར་འཇུས་པའི་སྙིང་ཉེ་བའི་མི་ལགས། དོ་ཞག་ང་ཡོད་སར་གནམ་གཤིས་ཀྱི་འཁྱག་གྲང་གོར་ཐིག་མན་ནས་ཏུའུ་སུམ་ཅུར་སླེབས་པས་ངས་སྒེའུ་ཁུང་གི་ཁ་གཏད་ནས་ཁྱེད་ཕྱོགས་སུ་བལྟས་ཏེ་རང་ཉིད་ཁྱོད་ལ་ཐེངས་གཅིག་ལྟ་རུ་ཡོང་ཐུབ་ན་སྙམ། 

དོ་ནུབ། ཕ་ཡུལ་གྱི་ཀྱ་ཀྱུར་འཐེན་པའི་ལམ་ཕྲན་རེ་རེར་མགོ་བོ་སྒུར་ནས་གཟབ་ནན་གྱིས་བལྟས་ན་གསལ་ལ་མི་གསལ་བའི་ངང་ཁྱོད་ཀྱི་གྲིབ་གཟུགས་དག་མངོན་ཡོང་བའི་མུར། གཞེས་ནིང་ལོར་དགོན་འདབས་ཀྱི་ཇ་ཁང་ཆུང་ཆུང་ཞིག་ནས་འུ་གཉིས་ཀྱི་ཐུག་འཕྲད་བྱུང་བ་དེ་ཡིད་ལ་དྲན་འོང་། སྐབས་དེར། འུ་གཉིས་མདུན་ཅོག་གཅིག་གི་གཞོགས་གཉིས་སུ་བསྡད་དེ་འདས་སོང་གི་གཏམ་རྒྱུད་མང་པོ་གླེང་ཞིང་ཡུན་རིང་ལ་ཐུག་འཕྲད་མ་བྱུང་བས་ཧ་ཅང་དགའ་བས་དགོད་སྒྲ་དང་སྐྱོ་བའི་ཉམས་འགྱུར་སྣ་ཚོགས་ཤིག་སྟོན་དུས་ཉེ་འཁོར་གྱི་མི་དག་གིས་སུན་པའི་རྣམ་འགྱུར་བསྟན་མྱོང་། མཚན་ལམ་རིང་མོ་ཞིག་མཇུག་རྫོགས་རྗེས་འུ་གཉིས་སླར་ཡང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་སྐད་ཆ་དག་ཅི་དགར་བྱོ་ཆོག་པའི་སོ་སོའི་གནས་མལ་དུ་ལོག་དགོས་བྱུང་། སྙིང་ཉེ་བའི་གྲོགས་པོ། ཁྱེད་ཀྱི་ད་སྐབས་ཀྱི་འཚོ་བ་ག་འདྲ་འདུག 

དེ་རིང་ངས་ཁྱོད་ལ་གློ་བུར་དུ་འཕྲིན་ཡིག་ཅིག་བྲིས་ཏེ་བསྐུར་ན་ཁྱོད་ལ་རྒྱུན་ལྡན་མིན་པའི་ཚོར་བ་ཞིག་སྐྱེ་སྲིད་མོད་དེའང་ཁག་ཅི་ཡོད། རྒྱུ་མཚན་ད་ལྟའི་བར་དུ་འུ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་གཅིག་ཀྱང་བྲིས་མ་མྱོང་ལ་སྙན་ངག་ནི་དེ་བས་ཀྱང་། དེར་མ་ཟད་འུ་ཅག་སློབ་ཆུང་སྐབས་སུ་ཁ་བྱང་ལ"འཕྲིན་ཡིག་གསེར་གྱི་ཕོ་ཉ"ཟེར་ནས་བུ་མོ་དག་ལ་འཕྲིན་ཡིག་རེ་ཟུང་འབྲི་བ་མ་གཏོགས་གྲོགས་པོའི་བར་ལ་དེ་འདྲའི་སྲོལ་མེད་པས་ཁྱོད་ཀྱང་ཁག་ཅི་ཡོད།  དེ་ལྟར་ངས་སེམས་སུ་ཡུན་རིང་ཉར་བའི་སྐད་ཆ་དག་ལྷུག་པར་བརྗོད་དེ་མཚམས་འདིར་སླེབས་དུས་ཅི་ཞིག་ལྷག་སོང་བ་ལྟ་བུའི་སེམས་ཁྲལ་ཞིག་གིས་ངས་ཁྱོད་ལ་སྐད་ཆ་ཞིག་འདི་ལྟར་འདྲི་འདོད་དེ། དེང་སང་ཁྱེད་རང་གང་དུ་ཡོད་འབྲོག་ན་ཡོད་དམ། སློབ་གྲྭ་ག་གེ་མོ་ཞིག་ན་ཡོད། ཡང་ན་དུས་རྒྱུན་བློས་མི་ཐོངས་བའི་དྲན་སླ་ལ་བརྗེད་དཀའ་བའི་རང་གི་ཨ་ཕྱིའི་གམ་ན་ཇ་སྐོལ་བ་དང་ཨོང་བ་ལེན་པ། ད་དུང་ཆུང་དུས་རང་ཉིད་ཨ་ཕྱིས་ལག་མགོར་ཁྲིད་ནས་དགོན་པར་བསྐོར་བ་འགྲོ་བ་ནང་བཞིན་རྟག་པར་གཅེས་གཅེས་ལོ་ལོ་བྱེད་པའི་ཨ་ཕྱིའི་ལག་མགོར་འཇུས་ནས་དགོན་པར་བསྐོར་བ་འགྲོ་བཞིན་ཡོད།

འུ་གཉིས་ཐུག་པའི་ལོ་དེར་ཁྱོད་ཀྱིས་བཤད་རྒྱུར།  ཁོ་བོ་སྒེར་བཙུགས་སློབ་གྲྭ་འདི་ནས་མཐར་ཕྱིན་རྗེས་མུ་མཐུད་དུ་སློབ་གྲྭར་འགྲོ་འདོད་མེད་ལ། རང་ཉིད་ལས་ཀྱང་གལ་ཆེ་བའི་ཨ་ཕྱི་དྲིན་མོ་ཆེའི་གམ་དུ་ལོག་ནས་ཁོ་མོའི་ཚེ་མཇུག་ལ་འདུག་རོགས་བྱེད་རྒྱུ་ཡིན། དེ་ནི་ངའི་ཕུགས་བསམ་ཡིན་ལ་མཐར་ཐུག་གི་རེ་བའང་ཡིན་ཟེར། སྐབས་དེར་ངས་ཁྱོད་ལ་བཟང་ངན་གྱི་སྐད་ཆ་ཅི་ཡང་བཤད་མ་ཐུབ་ནའང་སེམས་སུ་ཁྱོད་ནི་ཅི་འདྲའི་མི་གཞུང་དྲང་ཞིག་དང་ཁྲེལ་ཡོད་ཅིག་རེད་ཅེས་བསམ་བཞིན་ཡོད། སྙིང་ཉེ་བའི་གྲོགས་པོ་ལགས། ཁྱེད་ཀྱི་ད་སྐབས་ཀྱི་འཚོ་བ་ག་འདྲ་འདུག   རང་ཉིད་ཁོ་ན་ལས་གཞན་གྱི་བདེ་སྡུག་ལ་བསམ་བློ་གཏོང་མི་ཤེས་པའི་དུས་རབས་འདིར་དཔའ་བོའི་གདེང་དང་ལྡན་པའི་སྒོ་ནས་ཁྱེད་ནི་ང་ཡི་རྒྱལ་ཁ་དང་གཟི་བརྗིད་ཅིག་ཏུ་བརྩི་ངེས། སྙིང་ཉེ་བའི་གྲོགས་པོ་རྡོ་རྗེ་བཀྲ་ཤིས།

2019-12-7ཉིན་གྱི་མཚན་སྨད་ནས་བྲིས།                       

2020ལོའི《གངས་དཀར་རི་བོའིདེབ་གསུམ་པའི་སྟེང་བཀོད།

                         

                             འཕྲིན་ཡིག

སྨུག་སྤྲིན་གྱི་རྫོང་ནས་ཁྱོད་རང་ག་ལེར་ཕ་ཡུལ་དང་བཀྱེད་དེ་འགྲོ་དུས། ངས་ཁྱོད་ཀྱི་རྒྱབ་གཟུགས་ཁོ་ན་མིག་གིས་སྐྱེལ་མ་བྱས་ཤིང་ཁ་པར་ལས་ཁྱོད་ཀྱི་སྙན་ངག"ཞོགས་པ་འདིའི་ཕ་ཡུལ"ཞེས་པ་བཀླགས་རྗེས་ཁུ་ནག་དམ་བེ་ཞིག་མགོ་ལ་སྐྱོར་ནས་སྙན་ངག་འདིའི་སྐྱ་ཐིང་ཐིང་གི་རྒྱབ་ལྗོངས་བཙལ་བ་ཡིན། ངས་ཅི་ཡང་མ་རྙེད་པར་ཁྱོད་ལ་སྐད་ཆ་ཡ་མ་བརླ་ཞིག་གིས་གླེང་སློང་བྱས་ཏེ་འུ་གཉིས་ཁོ་ན་ལས་མི་ཤོང་བའི་འཇིག་རྟེན་ཞིག་གསར་ཏུ་བསྐྲུན་ནས་རང་གཉིས་ཀྱི་གཅེས་པའི་སྲོག་ལྟར་འཚོས་པའི་རྩོམ་ཡིག་འཁྱ་གེ་འཁྱོག་གེ་དེ་དག་ལ་སྙན་ངག་ཅེས་མིང་ཡག་པོ་རེ་བཏགས་ནས་ཕན་ཚུན་ལ་སྙན་ངག་འདི་ནི་ངས་དེ་རིང་བྲིས་པ་དང་དེ་ནི་ཁ་སང་བྲིས་ནི་ཞེས་བསམ་པའི་རྗེས་སུ་འབྲང་ནས་གཞན་དགོད་ཁ་འཆོར་བའི་བྱ་སྤྱོད་མང་དུ་བྱས།

ཧ་ཅང་ཐག་རིང་ཐག་རིང་གི་གྲོང་ཁྱེར་དེ་ནས་ཁྱོད་ཀྱིས་ཁེར་རྐྱང་དུ་རང་ཉིད་ཀྱི་གྲིབ་མ་ཁོ་ནར་བལྟས་ཏེ་འཚོ་བ་ཡིན་ནམ། ཁྱོད་ཀྱིས་ས་མཐའི་བདེ་སྡུག་དང་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ཆགས་སྡང་གི་ཚོར་བ་མང་པོ་ཞིག་ཡི་གེའི་སྲད་བུར་བརྒྱུས་ཏེ་བདག་གི་མིག་མདུན་དུ་བསྟར་བྱུང་། འུ་གཉིས་ལ་མཚོན་ན་དེ་དག་ནི་ཧ་ཅང་ཉམ་ཐག་པའི་ནང་སེམས་ཀྱི་ཚོར་བ་མཚོན་བྱེད་ཅིག་རེད། འུ་གཉིས་ལ་ཐུན་མོང་གི་དགའ་ཕྱོགས་ཤིག་ཡོད་པ་ནི་དུས་ཚོད་དང་གནས་བབས་ལ་མི་བསྟུན་པར་སྐྱ་ཆད་སྔོ་སྡུག་གི་ཡུལ་ཁམས་འདི་ནས་སྙན་ངག་བྲི་རྒྱུ་དེའོ། །

9•8ཉིན་འདི་ཁྱོད་ལ་མཚོན་ན་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་པས་ངས་ཀྱང་ཁྱོད་ལ་ཡི་གེ་འབྲི་བ་དང་རྟེན་འབྲེལ་སོགས་ཞུས་ན་འགྲིག་མོད། དུས་ཚོད་ཀྱིས་མདུན་རྒྱབ་གཉིས་ཀ་ནས་བཙུར་ཏེ་བྱ་བ་འགའ་རེའི་དབང་གིས་སྐད་ཆ་ཞིག་ཀྱང་བཤད་ཁོམ་མ་བྱུང་བར་ཁ་རོག་གེར་བསྡད་པས་རང་ཉིད་ཤིན་ཏུ་ངོ་གནོང་ནའང་ཉིན་དེ་དེ་ལྟར་རྫོགས་སོང་། ཤ་ཁྲག་གི་འབྲེལ་བ་ཡོད་པའི་གཉེན་ཉེ་ཚོའི་གྲལ་ནས་ཁྱོད་ཁོ་ནར་ཁེར་རྐྱང་གི་མྱ་ངམ་ཐང་ནས་གདུང་གླུ་ལེན་རོགས་དང་མུན་ནག་གི་མཚན་མོར་སྙན་ངག་གི་དགའ་མར་འཁྱུད་ནས་སོ་སོའི་སེམས་ཀྱི་བརྩེ་བ་དང་སྡུག་ཡུས་དག་སྦ་གསང་མེད་པར་བགྲོ་བ་ཡིན།

དེ་ལྟར་དེ་རིང་ངས་ཁྱོད་ཤིན་ཏུ་དྲན་ཞིང་མཚམས་སྤྲིན་གྱིས་ག་ལེར་ང་ཚོར་བདེ་མོ་འཇོག་པའི་ས་སྲོད་ཤིག་ཀྱང་དྲན་པར་བྱས།  དུས་ཚིགས་དེ་ནི་དགུན་ཁ་ཞིག་རེད།  གནས་དེའི་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ང་ལས་ཁྱོད་ལ་གསལ་ཆ་ཆེན་པོ་ཡོད། དགོང་མོ་དེར་རླུང་དམར་གཡུགས་ཏེ་དགོན་པའི་འདུ་ཁང་གི་རྒྱ་ཕིབས་དང་བདག་གི་མགོ་བོའི་ཞྭ་མོ་ཡང་ཁུར་ལ་ཉེ། དེ་བས་སྒོའི་ཕྱི་རོལ་ཏུ་ང་རང་འཁྱམ་འཁྱམ་དུ་འགྲོ་མ་ཕོད་པར་རང་ཤག་ཏུ་ཉལ་ནས་བསྡད་པ་ཡིན། སྐབས་ཤིག་ལ། སྐད་འཕྲིན་ནང་ཁྱོད་ཀྱིས་ཁོ་རང་ཕ་ཡུལ་དུ་སླེབས་ཡོད་ཚུལ་དང་དོ་དགོང་ཡུན་རིང་ལ་ངོ་མ་འཕྲད་པའི་ནང་སེམས་མཐུན་པའི་གྲོགས་འགའ་དང་མཉམ་དུ་འཛོམས་ཏེ་འདས་མ་ད་གསུམ་གྱི་རང་ཉིད་དང་ཕ་ཡུལ་གླེང་ཟེར། མཚན་མོ་དེར་སྙན་ངག་དང་སྙན་ངག་མ་ཡིན་པའི་བགྲོ་གླེང་སྣ་ཚོགས་བྱས་ནས་མཐའ་འཁོར་གྱི་མི་ལ་ལའི་གཉིད་དཀྲོགས་ཏེ་ཕོག་ཐུག་བཟོས་ལ་ཁ་ཤས་ཀྱིས་ང་ཚོ་དང་ཉེ་བར་བཅར་ཏེ་མཉམ་དུ་སོ་སོའི་ལྟ་ཚུལ་བཤད། ནམ་སྨད་ལ་སླེབས་དུས་ཆང་རག་གིས་མ་བཟི་ནའང་གཉིད་ཀྱིས་ར་བཟི་བ་ལྟར་རང་རང་གི་གནས་མལ་ལ་འཁྱར་འཁྱོར་ངང་ལོག

དེ་ལྟར་འདས་དོན་གྱི་གཏམ་རྒྱུད་འགའ་རེ་ཕྱིར་དྲན་པའི་ངོགས་སུ་འཁྲི་ནས་ཡུན་རིང་ལུས་སོང་བས་དོ་དགོང་མཚན་མོའི་ཟླ་འོད་ཀྱི་ངོགས་ནས་སྐར་ཕྲན་བཞིན་བདག་གི་མིག་མདུན་ནས་རྒྱང་རིང་དུ་བུད་སོང་བའི་ཁྱེད་ལ་འཕྲིན་ཡིག་ཅིག་བྲིས་ཏེ་གཟུགས་མེད་ཀྱི་སྐུད་ལམ་ནས་གཟུགས་ཅན་གྱི་ཁྱོད་དང་ཉེ་བར་བཅར་འདོད། ད་ལྟ་ཕ་ཡུལ་དུ་སྟོན་འགོ་མའི་ལྷགས་རླུང་ངེས་མེད་དུ་ལྡང་ཞིང་ཡུལ་མི་ཚོས་དབྱར་ཕ་མ་འདྲ་བོ་འདི་དུས་ཡུན་ཐུང་ངུའི་ནང་རྫོགས་སོང་བ་ཨེ་རེད། རྩྭ་ཐང་གོས་འདྲ་བོའི་སྟེང་ནས་སྐྱིད་པོ་ཞིག་བྱེད་མ་ཐུབ་ཅེས་འགྱོད་གདུང་གི་རྣམ་པ་ཞིག་རྒས་གཉེར་གྱི་བར་གསེང་ན་ལམ་ལམ་དུ་འཚེར་གྱིན་འདུག སྟོན་ཁའི་སྡོང་ལོ་ས་རུ་འཐོར་བའི་ཤག་སྒྲ་ལ་ཉན་གྱིན་ཁེར་རྐྱང་དུ་སྙན་ངག་གི་དགའ་མར་འཁྱུད་ནས་ཁྱེད་ལ་བྲིས་པའི་འཕྲིན་ཡིག་དེའི་མཇུག་བསྐྱངས། ད་ནི་ངས་ཁྱེད་ལ་ཁ་གཡང་ཞིག་གིས་འཕྲིན་ཡིག་འདི་རྫོགས་པར་བྱས་ན་ཁྱོད་ཀྱིས་སྙན་ངག་གི་ས་ལམ་སྔར་ཡངས་ཤིང་དཔེ་ཀློག་གི་ལམ་ཁ་རྨ་ཆུའི་རྒྱུན་བཞིན་རིང་བར་སྨོན།

                            ཀན་ལྷོའི་གསར་འགྱུར་ཚགས་པར་སྟེང་བཀོད།

                        

                              ཕྱིར་མི་ལྡོག་པ།

ས་སྲོད་དེར། གཅིག་པུར་ཁང་མིག་གི་གྲུ་ཟུར་དུ་བསྡད་དེ་ཡུན་རིང་ཞིག་ལ་སྒོ་ཕྱིར་འབུད་མ་ཐུབ་པར་ལུས་སོང་། ངས་ཁེར་རྐྱང་གི་གྲིབ་གཟུགས་ཁོ་ནར་ཅེར་ཏེ་འཇིག་རྟེན་འདིའི་སྟེང་གི་བདེ་སྐྱིད་ཕྲན་བུ་རེ་ཐོབ་ཕྱིར་རང་ཉིད་ལ་ཨུ་ཚུགས་མཐའ་སྐྱེལ་གྱིས་བསྡད་པ་ཡིན། སེམས་ཀྱི་ལོངས་སྤྱོད་དུ་གྱུར་བའི་ཁྱོད་དང་གཏན་ཏུ་བྲལ་རྗེས་རྡོ་ལ་གས་ཆག་ཤོར་བ་ལྟར་ངའི་འཚོ་བ་ལ་ཡང་སྔར་དང་མ་འདྲ་བའི་འགྱུར་ལྡོག་ཅིག་བྱུང་།

རླུང་བུ་ལྡོམ་པོ་ཞིག་དལ་བུར་སྒེའུ་ཁུང་ལས་ལྡང་འོང་དུས་ངས་ད་དུང་ཟླ་འོད་ཀྱི་ཁ་གཏད་ནས་སུ་ཞིག་གི་མངགས་བཅོལ་བཞིན་འཕྲིན་ཡིག་ཚན་པ་རེ་གཉིས་ཤིག་འབྲི་བཞིན་ཡོད། ཚོར་བ་ཤིན་ཏུ་སྐྱེན་པའི་མཚན་མོ་དག་ཏུ་བག་ཟོན་དང་བྲལ་ཏེ"ནད་པ་རོལ་ཚོགས"ཀྱི་གཞས་ལ་ཉན་གྱིན་སྐབས་རེར་དཔེ་དེབ་རེ་ཟུང་ཀློག་པ་དང་ལན་རེར་སྙན་ངག་ཐར་ཐོར་རེ་བྲིས་ཏེ་མཚན་ཞག་རིང་མོ་དག་དེ་ལྟར་བསྐྱལ་བ་ཡིན། 

ང་རང་གནས་འདིར་བསྡད་ནས་ཡུན་རིང་འགོར་ནའང་དྲན་ཡུལ་ནས་གསུབ་ཐབས་མེད་པ་ནི་ཁྱེད་དང་འབྲེལ་བའི་སྐད་ཆ་དང་འདྲ་གཟུགས་འདི་དག་རེད་འདུག   ངས་རང་ཉིད་ལ་ཡང་ནས་ཡང་དུ་གནས་འདི་ནས་མི་ཚེ་སྐྱེལ་འདོད་ན་ཁྱོད་རང་དྲན་པ་ནི་ཉེས་པ་དང་སྡུག་བསྔལ་འབའ་ཞིག་ལས་ཅི་ཡང་མིན་པས་ཆུ་ཡི་ངོས་ཀྱི་རི་མོ་ཡལ་བ་བཞིན་བརྗེད་པར་གྱིས་ཞེས་བསྐུལ་ནའང་། ད་དུང་ཁྱེད་རང་སེམས་ངོགས་སུ་འཁྲི་ནས་སྙན་ངག་དང་འཕྲིན་ཡིག་བྲིས་ཏེ་ཁྱོད་ཀྱི་འཕྲིན་ལན་ལ་ངང་སྒུག་བྱས།

དུས་ཚོད་དང་ལོ་ཟླ་དེ་ལྟར་རྫོགས་ནའང་ཁྱོད་ནི་ང་ཡིས་སྐྱེད་ཚལ་དུ་བཏབ་པའི་མེ་ཏོག་ཞིག་ལྟར་སྙིམ་པར་བཟུང་ནས་ཁོ་བོ་མ་འཆི་བར་དུ་ཁྱོད་ཀྱི་བསུང་ངད་ཁོ་ནས་རང་ཉིད་ལ་དོན་དམ་པར་བདེ་སྐྱིད་ཅེས་པ་ཅི་འདྲ་ཞིག་ཡིན་པ་ཤེས་སུ་འཇུག་འདོད། རྟག་པར་མཚན་མོ་ཧྲིལ་བོ་ཁེར་རྐྱང་དུ་མུན་པའི་ནང་ནས་ཟླ་འོད་ལ་ལྟ་བཞིན་རང་ཉིད་ཀྱིས་ཆེས་བློས་མི་ཐོངས་བ་དེ་དག་དང་རིང་དུ་ཅི་ལྟར་གྱེས་དགོས་པ་ལ་བསམ་གཞིག་བཏང་བ་ཡིན།ང་ནི་ད་ལྟའི་རང་ཉིད་ལ་དགའ་སྐྱོ་གདུང་གི་ཀློང་ན་ཁེར་རྐྱང་དུ་འཚོ་བའི་རུས་པ་སྲ་མཁྲེགས་ཅན་གྱི་རང་ཉིད་ལ་དགའ།

གྲང་ལྷག་རྒོད་པའི་ཕ་ཡུལ་གྱི་རུམ་གོང་ནས་ངས་ཨ་ཆུ་ཆུ་ཟེར་ནས་སྡུག་སྨྲེ་མ་བཏོན་པར་རི་སྒང་གི་སྤོ་ནས་མགོ་སྐྲ་རླུང་ཁར་བསྐྱོན་བཞིན་ཅི་མི་སྙམ་པར།   ཁེར་རྐྱང་དུ་ནང་སེམས་ཀྱི་སྒེའུ་ཁུང་ཡངས་པོར་ཕྱེས་ཏེ་ཁྱེད་ཕྱོགས་སུ་ཅི་ཞིག་ལྷག་སོང་བ་ལྟར་མིག་མི་བཙུམ་པར་ལྟ་བཞིན་ཡོད།   ཡིན་ནའང་། ད་ནི་ང་རང་ཕྱིར་མི་ལྡོག་པར་མདུན་ཕྱོགས་ཀྱི་ལམ་ཕྲན་དེར་འཇུག་འདོད། སྙིང་ཉེ་བའི་མི་ལགས་ཁྱེད་རང་བདེ་བར་བཞུགས་མཛོད།

2019-11-20ཉིན་བྲིས།

                           མགོ་ལོག《ཤྭ་སྐྱ》དུས་དེབ་སྟེང་བཀོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།