མིང་དངོས་ལ་ཆོས་ཀྱི་དབང་ཕྱུག་ཅེས་འབོད། ཐ་སྙད་ཐར་ཐོར་རེ་རྒུམ་ནས་རྩོམ་ཞེས་པའི་ཡི་གེ་འདི་ཕབ་དུས་བྱང་རླུང་ཞེས་འབོད་ཀྱིན་འདུག
དགུན་ཁ།
བྱང་རླུང་། ༼རྟ་བོ།༽
དགུན་ཟླ་འདི། གཙང་པོ་དང་ཁ་བ་ཕྱོགས་གཅིག་ཏུ་སོ་སོར་གྱེས་པའི་ལོ་ཟླ་ཡིན་སོང་། རྩྭ་ཐང་དང་མེ་ཏོག་སད་ཀྱིས་བཅོམ་ཏེ་ལྷགས་རླུང་གི་ཁུད་དུ་འདྲེས། རྒྱང་རིང་ནམ་མཁའི་ཐང་དཀར་རྒོད་པོ། ལྡེམ་མྱུར་དང་གཤོག་ཟུང་གཉིས་ཀ་ལྷབ་ལྷུབ་དུ་དགུན་གཞུང་གི་ཙག་ཁ་མ་ཐུབ་པའི་སྐྱོ་ངལ་ལ་འཇུ་ཞོར་འཕུར་སོང་། རེ་སྒུག་གི་ཕྱིར་མིག་འཚོལ་བཞིན་ཟླ་བ་ག་དུས་ཤིག་འགོར།
དགུན་ཁ། རྨི་ལམ་ལས་རྨིས་པའི་རང་ཉིད་ཀྱི་ངོ་གདོང་མཐོང་བའི་དུས་ཚོད་ཅིག་སྤྲོད་མཁན་ཁྱོད་ལས་གཞན། ཉི་ཟེར་དབྱངས་ཅན་མའི་ཡི་གེའི་ངོ་བོར་འདྲེས་པའི་མ་ཎིའི་གསུང་སྐད་རྣ་བར་སྙན་ལྷང་ལྷང་། སུ་ཞིག་གི་རྣམ་ཤེས་ཕྲ་མོའི་ཀློང་དུ་བསྟིམས་ནས་དག་ཞིང་དུ་འཕོས་སམ།
གངས་དང་རི་བོའི་ངོས་སུ་འཇའ་ཡི་རི་མོ་བཀྲ་ཤིས་རྟགས་བརྒྱད་ཕབ་པ་ལོ་རྒྱུས་ཀྱི་སྣང་བརྙན་བཞེངས་བའི་ཉི་ཟླ་གཉིས་ཀྱི་མེ་ལོང་ཡིན། མཐོ་སྒང་གི་དར་ལྕོག་རེ་རེས་ཁྱོད་ལ་རླུང་རྟ་དང་དངོས་གྲུབ་སྩོལ་བའི་དགེ་མཚན་དགུང་ལ་འཐེན་མྱོང་།
རྒྱང་རིང་ན་འོད་ཐིག་ཅིག་གམ་ཚ་རླབས་འབར་བའི་མེ་ཕུང་འཕྱུར་ཡོད་པས། དགུན་ཟླ་འདི་ལ་ཁྱེད་ཀྱིས་གདོང་གཏོད་ཐུབ་དགོས། དེ་ནི་ཁྱེད་ལ་གཟི་དཔལ་ལྡན་པའི་ལམ་ཞིག་རྙེད་པའི་རེ་བའི་སྔ་ལྟས་ཡིན། ཁྱོད་ཀྱིས་བཟོད་བསྲན་ཐུབ་པ་ནི་རྒྱལ་ཁ་དང་མི་ཡུལ་ལ་ཞབས་རྗེས་འཁོད་པའི་མཆོད་སེམས་གཙང་མའི་རེ་སྐུལ་གྱི་རྨི་ལམ་དཀར་བོ་ཡིན།
དད་པའི་སྙིང་སྟོབས་ཀྱི་ཚན་ཁ་བརྒལ་བར་ཕོད་པའི་གླག་རྒོད། ཕུགས་བསམ་ལ་སྔར་བཞིན་ནང་ལྟར་འཐམ་ནས་འགྲོ་དགོས། སྨྱུ་གུ་དང་འབྲི་དེབ་ཀྱང་དུས་གཏན་ཏུ་ཁྱོད་ལ་མཁོ་བའི་དངོས་པོ་གལ་ཆེན་དག་ཡིན། མི་ཚེ་དོན་ཅན་དུ་འགྱུར་བའི་ཐབས་མཆོག་ནི་དཔེ་ཀློག་ལས་མ་འདས་བ་མེད།
ཁྲིམས་ལུགས་ཚགས་པར་སྟེང་དུ་བཀོད།
རྒོད།
ངའི་བསམ་གཞིག་གི་བློ་ཁ་དེས། ཁྱེད་ཀྱི་བྲག་ཐེམ་གཏོར་དགོས།
— ཁ་བྱང་གི་འགྲེལ།
གངས་རི་ལ་བསྐོར་བ་རྒྱག་པའི་བྱང་ལམ་རང་གི་བསྙེག་བཞིན་པའི་རྒོད། ཁྱེད་ལ་གཤོག་རྩལ་གྱི་འདབ་ལག་རྒྱས་པའི་མཚར་སྡུག་གི་གོ་རིམ་ཡོད། མཁའ་དབྱིངས་གི་བང་རིམ་བརྟོལ་བའི་སྤྲིན་པ་གཏོར་མྱོང་བའི་ཟོལ་མེད་ཀྱི་ལྷག་བསམ་འོག་ནས་དཀའ་སྡུག་གི་གནོད་ཤུགས་ལ་འཛུལ་ཐུབ་པའི་ཚེ་སྲོག་ལ་རླུང་བུའི་མར་མེ་བསྒྲོན་པ་ཁྱེད་ལ་ཐབས་ཤེས་ཡོད། རང་གི་འདོད་པ་ལྟར་གྱི་འཚོ་བ་སྣུམ་པོ་ཞིག་བསྐྱལ་བ་འདི་ཡང་ཁྱོད་ལ་རྣམ་དཔྱོད་ཀྱི་རྣོ་མིག་ལྡན་པས་ཡིན། རྒོད། ཁྱེད་འཕུར་ན་ས་ཆེན་པོ་འདོམ་ཀྱིས་གཞལ་ཐུབ་ལ། རི་དང་བྲག་མཐོན་པོ་ལ་སོགས་ཐོགས་པ་མེད་པས་རྩལ་དྲུག་ལྡེམ་ལྡེམ་གྱི་མཐོ་ལྷ་ཡུལ་གྱི་འཇིག་རྟེན་དང་དམའ་མི་ཡུལ་གྱི་འཇིག་རྟེན་མཐོང་བའི་ཡོ་ལང་ལ་བལྟ་ཐུབ།
འཁྱག་རོམ་གྱི་དར་དུ་བཟུང་བའི་མྱ་ངན་གྱི་འཕུལ་ཤུལ་དེ་མེ་ཕུང་གི་དྲོད་སྦས་ནས་བཞུ་རུ་འཇུག་དགོས། གནམ་གཤིས་ཀྱི་མཁའ་དབུགས་ཇི་ལྟར་རྩུབ་ན་ཡང་འཕུར་བསྐྱོད་ཀྱི་མཚམས་ཆད་མི་ཉན་མདུན་དུ་མཆོངས་དགོས། བར་སྣང་ཁྱེད་ཀྱི་ལོངས་སུ་སྤྱོད་དགོས། དེ་ནི་ཁྱེད་ལ་དབང་བའི་ཡུལ་མཐའ་ཞིག་ཡིན་པ་བརྗེད་མི་རུང་། བརྗེད་ཀྱང་ག་ལ་རུང་། ཁྱོད་ནར་སོན་པའི་ཡིད་འོང་གི་འཚོ་བ་དེ་ངོས་འཛིན་ཐོབ་པའི་གནས་ཡིན། ཁེར་རྐྱང་ནི་ཁྱེད་ཀྱི་གོམས་གཤིས་སུ་འགྱུར་བ་ཞིག་ཡིན། ཁྱེད་ལ་འགྱུར་མེད་རང་ཚུགས་ཐུབ་པའི་སྒེར་གཤིས་སྲ་མཁྲེགས་ཅན་ཞིག་ཡོད། གཡམ་རྒྱུགས་དང་རང་ཉིད་ཕོངས་བའི་ཙག་ཙིག་གི་ལས་སུ་མི་ཞུགས་པ་འདི་ལྷན་སྐྱེས་ཀྱི་ཡོན་ཏན་མངའ་བའི་རིན་ཐང་བྲལ། རྒོད། ཁྱེད་ལ་ང་ཚོས་སློབ་སྦྱོང་བྱེད་དགོས། ང་དང་། ཁོ། མདོར་ན་ཡོད་ཚད་ཀྱིས་ཁྱེད་ལྟ་བུའི་བློ་སེམས་བརྟན་པོ་ཡོད་པས་བསམ་གཞིག་རྣོན་པོ་ཞིག་ལྡན་པས་ཐབས་དགོས།
ཁྱོད་ཀྱི་མེ་ལོང་ངོས་སུ་ནག་ཐིག་བཟོས་མ་མྱོང་བའི་སྒྲུང་གཏམ་མང་པོ་བྲིས་ཡོད་པ་དག རེ་རེ་བཞིན་གསལ་གྱི་ལེར་མིག་ལམ་དུ་འཆར་འོང་གིན་འདུག ངས་ཁྱེད་ཀྱི་མིང་ཚིག་བསྡུ་བསོག་བྱས་ནས་མཐར་ཁྱོད་གཟིགས་སུ་གྲུབ་པ་ཡིན། རི་ཚོགས་ཀྱི་རྩེ་མོར་བུད་ཀྱང་། ང་ནི་ཆུང་དྲག་པའམ་ཡང་ན་ཅི་ཡང་མི་མཐོང་བའི་ཟུར་དེས། ཁྱོད་ལ་བར་ཐག་ཧ་ཅང་ཉེ་ཡང་ཁྱོད་ཀྱི་ཀུན་སྤྱོད་ཀྱིས་བག་ཆགས་འཇོག་མི་ཐུབ་པས་ཨ་འཐས་སུ་ཤོར་འགྲོ།
ཁྲི་ཀའི་རྩོམ་རིག་ལོ་དེབ་འཕྲེང་བ་དམར་བོའི་དེབ་ཕྲེང་གཉིས་པའི་སྟེང་དུ་བཀོད།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ན་གཞོན་རྩོམ་པ་པོ་བྱང་རླུང་གི་ལྷུག་རྩོམ་ཚན་པ་གཉིས།