ཀྲུང་གོ་བོད་ཀྱི་དྲ་བ།

རླུང་དང་དུས་ཚོད། ད་དུང་ལམ་གྱི་ཉི་འོད།

ཡོང་ཁུངས། : མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།     སྤེལ་དུས། : 2020-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནང་དོན་གནད་བསྡུས། རྩོམ་ཡིག་འདིར་སྒྲུང་གཏམ་གྱི་ཁ་བྱང་དང་བརྗོད་པ།  རྗོད་སྟངས། བརྗོད་སྙིང་།   ཉམས།  མཇུག་སྡུད་སྟངས་བཅས་པའི་ཤེས་བྱེད་རེ་གཉིས་དཔང་དུ་བཙུགས་ཐོག  རྩོམ་པ་པོ་ཁོང་དང་ཁོང་གི་བརྩམས་ཆོས་ཕལ་མོ་ཆེར་འདྲིས་ཤིང་གཤིབས་པའི་མྱོང་ཟིན་རྣལ་མ་ཁོལ་དུ་ཕྱུང་སྟེ།   མི་ལོ་ཉི་ཤུ་ཙམ་གྱི་གསར་རྩོམ་གྱི་གོ་རིམ་དང་ཁྱད་ཆོས་འགའ་བརྗོད་ཡོད།

གནད་ཚིག སྒྲུང་གཏམ་གྱི་བརྗོད་པ།  རྗོད་སྟངས།  བློས་བསླངས།  བརྗོད་སྙིང་།   ཉམས།

གལ་སྲིད་ལྷ་བྱམས་རྒྱལ་ལགས་ཀྱིས《སྦྲང་ཆར》དུ་སྤེལ་པའི་སྒྲུང་གཏམ《མ་ཡུམ》(1998ལོའི་དེབ་བཞི་པ)ཞེས་པ་ནས་བརྩིས་ཚེ།  ད་ལྟའི་བར་དུ་གསར་རྩོམ་གྱི་ལམ་བུར་ཞུགས་ནས་མི་ལོ་ཉི་ཤུ་ཟིན་གྲབས་འདུག    “དུས་ཚོད་ཅེས་པའི་གཟུགས་མེད་ཀྱི་སྟོབས་ཤུགས”(《རླུང་ལ་བཅོལ་བ》ཞེས་པར)འདི་ནི་ཅི་དང་ག་འདྲ་ཞིག་རེད་དམ།  གལ་སྲིད་བདག་གིས《སྦྲང་ཆར》དུ་སྤེལ་པའི་དཔྱད་བརྗོད《སྒོ་འགྲམ་གྱི་འགྲུལ་པ་གཏོལ་མེད》(2002ལོའི་དེབ་བཞི་པ)ཅེས་པ་ནས་བགྲངས་ཚེ།②ཁོང་གི་སྒྲུང་གཏམ་བཀླགས་མགོ་ཚུགས་ནས་ཀྱང་མི་ལོ་བཅུ་ཕྲག་གཅིག་ལྷག་བགོར།  དངོས་གནས།  “དུས་ཚོད་ཀྱི་གོམ་འགྲོས་ནི་རླུང་ལྟར་མགྱོགས་པ་ཞིག”(《བོད་ཀྱི་གཅེས་ཕྲུག》ཅེས་པར)རེད་ཨང་།

རེད་དེ།   སྒྲུང་གཏམ《མ་ཡུམ》ནས《རོང་གྲོང་གི་འགྲུལ་བཞུད》དང་།  《ལྷགས་རླུང》ནས《ལམ་གྱི་ཉི་འོད》《བོད་ཀྱི་གཅེས་ཕྲུག》ནས་ད་ལྟ་པར་དུ་བསྐྲུན་འགྱུར་གྱི《གཉིད་དུ་ཡུར་བའི་ཆུ》(ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང)ཞེས་པའི་བར།  ལྷ་བྱམས་རྒྱལ་གྱིས་ཆེས་མཐོ་རིམ་གྱི་ཞིབ་འཇུག་སྡེ་ཁག་ཅིག་ཏུ་ཞིབ་འཇུག་གི་ལས་ཀ“མི་གཉེར”བར།  མི་ཚེའི་དགའ་སྐྱོ་ཆགས་སྡང་མང་བོ་སྒྲུང་གཏམ་གསར་རྩོམ་གྱི་དུས་ཚོད་དུ་བསྟིམས་ཤིང་ཐིམ་པ་འདི་ནི་སེམས་བསྐྱེད་ཅི་འདྲ་ཞིག་གིས་བསྐུལ་ཅིང་འོངས་པ་ཡིན་ནམ། དེས་ལྷ་བྱམས་རྒྱལ་ལ་ཐོབ་ཤོར་གྱི་གོ་སྐབས་ཅི་དང་ག་འདྲ་སྩལ་ཡོད་དམ།  དེས་ལྷ་བྱམས་རྒྱལ་ལ་བསྟོད་པའི་ངག་དང་སྨད་པའི་ཚིག་ཅི་དང་ག་འདྲས་བསླུས་ཤིང་བསྣད་དམ། སྐྱེས་བུ་ཞིག་གི་མི་ཚེ་ནི་མི་ལོ་ཉི་ཤུ་ག་ཙམ་གྱིས་གྲུབ་ཡོད་དམ།  མི་ལོ་ཉི་ཤུ་ནི་སྐྱེས་བུ་ཞིག་ལ་མཚོན་ན་དོན་སྙིང་གང་གིས་མཚོན་ཐུབ་བམ། བདག་གིས་སྔོན་འགྲོར་བཅོལ་པའི་རྩོམ་ཡིག་འདི་བྲིས་དང་འབྲི་བཞིན་པའི་ཐོག་མཐའ་གང་རུང་དུ།  ཁོང་གི་གསར་རྩོམ་དང་མ་འབྲེལ་བའི་འདྲི་ཚིག་མང་བོ་བློ་ཡུལ་དུ་ཡང་ཡང་བཀོད་ཅིང་ཡང་ཡང་འཆར། 

དང་པོ།

ད་ལྟ། ལྷ་བྱམས་རྒྱལ་གྱིས《གཉིད་དུ་ཡུར་བའི་ཆུ》ཞེས་པའི་སྒྲུང་གཏམ་ཕྱོགས་བསྒྲིགས་འདི་པར་དུ་བསྐྲུན་པའི་བཀྲ་ཤིས་དུས་བཟང་གི་ཉིན་མོར།  བདག་གིས་ཀྱང་རྟེན་འབྲེལ་ཁྱད་པར་ཅན་གྱི་ཚུལ་དུ་སྒྲུང་གཏམ་གྱི་ཁ་བྱང་ནས་མགོ་བརྩམས་ཏེ།   ཁོང་གི་གསར་རྩོམ་གྱི་ཁྱད་ཆོས་རེ་གཉིས་ཀློག་པ་པོར་ཞུ་བར་སྤྲོ། 

ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ལ་མཚོན་ན། ཕལ་མོ་ཆེའི་ཁ་བྱང་ལ་བསྡུས་བརྗོད་དང་ཤུགས་བསྟན།  མངོན་ཆུང་དང་ལྡེམ་དགོངས་བཅས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་རེད།  སྒྲུང་གཏམ་ཞིག་བྲི་ཚེ་ཡི་གེར་མ་གྲུབ་པའི་བློས་བསླངས་ཀྱི་མཚམས་ནས་བཟུང་དོ་སྣང་འབྱུང་དགོས་པའི་གནད་མང་བོ་མཆིས་ཤིང་།  ཁ་བྱང་ནི་དོན་དུ་རྗེས་མ་རྗེས་མའི་ལས་རིམ་དུ་གཏོགས་པའི་རྩོལ་བ་གལ་ཆེན་ཞིག་རེད།  བདག་གིས་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་གྱི་ཁ་བྱང་དང་དེའི་ཁྱད་ཆོས་ལ་དུས་ཡུན་ངེས་ཅན་རིང་བརྟགས་པ་ན།  ཁོང་ནི་བྱེ་བྲག་གི་མི་སྣ་དང་བྱུང་རིམ།  དོན་རྐྱེན་བཅས་གཞིར་བྱས་ཀྱིས་ཁ་བྱང་གདགས་པར་མི་སྤྲོ་ཞིང་།  སྤྱི་མཚན་དང་རྟོག་བཏགས་ཀྱི་ལམ་ནས་ཁ་བྱང་བསྒྲིག་པར་མོས་པ་ཟབ།  དེར་ཁ་བྱང་གིས་མིག་དབང་འདྲེན་པའི་མཛེས་དཔྱོད་ཀྱི་ཁྱད་ཆོས་རྫོགས་པ་ལས་གཞན་ཡང་།  ཁ་བྱང་གིས་བརྗོད་བྱ་བརྗོད་སྙིང་འདྲེན་པ་དང་འབྲེལ་བ་སྟོན་པ།  བརྗོད་བྱ་བརྗོད་སྙིང་གིས་སླར་ཡང་ཁ་བྱང་གསལ་བར་བྱེད་པ་དང་ཟུར་བརྒྱན་པ་བཅས་ཀྱི་དགེ་མཚན་མཆིས་ཏེ།   《ལམ་གྱི་ཉི་འོད》དང《རྨ་འགྲམ་གྱི་ལྗོན་པ་ཁེར་སྐྱེས》《གཉིད་དུ་ཡུར་བའི་ཆུ》《དབུས་ལམ་རིང་མོ》《ནུབ་ཀྱི་སྐར་མ》《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》བཅས་པར་མཚོན་ན། དེ་དག་གི་ཁ་བྱང་ནི་ཕུན་སུམ་ཚོགས་པའི་སྙན་རོ་ཇི་བཞིན་ཡང་ཡང་ཉམས་སུ་མྱང་ཆོག་པ་ཞིག་ཏུ་འཁུམས། 

《ལམ་གྱི་ཉི་འོད》ལྟ་བུར་ཆ་བཞག་ནས་བཤད་ན།   དེ་ནི་བརྗོད་བྱ་དང་འབྲེལ་མི་ཆེ་ཡང་།  བརྗོད་སྙིང་གོ་ལྡོག་ཏུ་སྟོན་པའི་ནུས་པ་ཆེ།  བལྟས་ཚོད་དུ་འདི་ནི་ཕོ་མོའི་བརྩེ་འདང་བརྗོད་པའི་སྒྲུང་གཏམ་ཕལ་བ་ཞིག་རེད་ལ། རྩོམ་པ་པོས་སྔར་ནས་རང་ཆས་སུ་མངའ་བའི་ཐུན་མིན་གྱི་བརྗོད་པ་དེར་བརྟེན་ནས་ཡོད་ཚད་ལྟ་ན་སྡུག་པའི་རི་མོ་ཞིག་ཏུ་བྲིས་པར་མངོན། ལྷ་སའི་ཉི་འོད་དང་། ཞྭ་མོ་དམར་པོ། གསེར་མདོག་གི་རྒྱ་ཕིབས། རྒྱས་སྤྲོས་ཀྱི་ནང་མ་ཁང་། ད་དུང་ལྷ་ཀླུ་ཟམ་ཁ་བཅས་སྙན་ངག་ནང་བཞིན་གྱི“ཡིད་བརྙན”བག་བྲོ་བ་དང་ཡིད་འཕེར་བ་དག་གིས་གྲུབ་པར་བྱས་ནའང་།  ཤུགས་སུ་ལྷ་སའི་ཉི་འོད་ལས་ལྡོག་པའི་མུན་ནག་གི་འཇིག་རྟེན་ཞིག་བསྐུངས་ཤིང་།  མཐའ་དང་དབུས། གཙོ་བོ་དང་ཕལ་བ། འདོད་ཆགས་དང་ཞེ་སྡང་།  གཞན་འགྱུར་དང་ཉེན་ཁས་ཀུན་ནས་བསྐོར་པའི་ལྗིད་ཏིག་ཏིག་གི་བརྗོད་སྙིང་ཞིག་མངོན་ཆུང་དང་ལྡེམ་དགོངས་ཀྱི་ངང་ཚུལ་དུ་ཀློག་པ་པོའི་མདུན་སར་བསྟབས་ཡོད་དོ། །《རྨ་འགྲམ་གྱི་ལྗོན་པ་ཁེར་སྐྱེས》ལྟ་བུར་མཚོན་ན།  བྱིས་པ་ཞིག་འཚར་ལོངས་བྱུང་བའི་གོ་རིམ་དང་།  སྡར་མ་ནས་དཔའ་བོར་གྱུར་པའི་གཏམ་རྒྱུད་གཉིས་རྐྱ་གཅིག་ཏུ་འཐབ་པའི་སྒོ་ནས་བྲིས་ཤིང་།  གོ་རིམ་དེའི་ཁྲོད་དུ་ཁེར་རྐྱང་ནས་ཁེར་ཚུགས་སུ་བུད་པ་དང་།  འཇིགས་སྔངས་ལས་དཔའ་ཉམས་རྒྱས་པའི་སེམས་ཁམས་བཅས་ནི།  དོན་དུ་ང་ཚོ“བསྐལ་པའི་འཇིགས་སྔངས”ལས་ཐར་ཅིང་། དཔའ་སྤོབས་དང་ལང་ཚོའི་གཟི་ཉམས་རྒྱས་པའི་ཆོས་ཉིད་ཅིག་ཀྱང་རེད་སྙམ། དེ་བས། “རྨ་འགྲམ་གྱི་ལྗོན་པ་ཁེར་སྐྱེས”ཞེས་པ་སྒྲུང་གཏམ་གྱི་ཁ་བྱང་དུ་བཏགས་པ་དཔེར་འཚམ་ཞིང་དོན་ལའང་འབྱོར་འདུག་སྙམ།《གཉིད་དུ་ཡུར་བའི་ཆུ》ལྟ་བུར་མཚོན་ན།  འདི་ནི《ལམ་གྱི་ཉི་འོད》ཀྱི་ལྷན་ཐབས་སམ་མུ་འབྲེལ་སྒྲུང་གཏམ་དུ་སོང་བའི་ཆ་ནས།  བརྗོད་སྙིང་སྔར་བཞིན་འཇིག་རྟེན་ཆོས་བརྒྱད་ཀྱིས་བསླད་པའི་ཞིང་ཁམས་ཤིག་དང་འབྲེལ་ནའང་།  དེར་གཙང་མོ་ཆུ་ཡི་རང་གཤིས་སྐྱོང་བའི་མི་སྣ་རེ་གཉིས་ཀྱང་མཆིས་ལ།  ཟང་ཟིང་གི་འཇིག་རྟེན་དཀར་ངོགས་འདིར“གཉིད་དུ་ཡུར་བའི་གཙང་མོ་ཆུ”དེར་སླར་ཡང་ཧར་སད་ཐེབས་པ་དང་། མི་གཤིས་ཀྱི་སྒེག་པའི་ཆོས་དང་མཛེས་པའི་ས་བོན་གཉིས་ཆ་འདྲ་བའི་སྒོ་ནས་བསྟན་འདུག  

《དབུས་ལམ་རིང་མོ》ལྟ་བུར་མཚོན་ན།  འདི་ཡང་གཏམ་རྒྱུད་གཉིས་རྐྱ་འཐབ་པའི་སྒོ་ནས་གཙོ་ཕལ་ལྡོག་སྟེ་བྲིས་པ་ཞིག་རེད།  ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ཕལ་མོ་ཆེར་ཕ་ཡུལ་དང་གྲོང་ཁྱེར་ཞེས་པའི་མཐའ་གཉིས་ལྟག་སྤྲོད་ཀྱི་ཞིང་ཁམས་ཤིག་བྲིས་པ་ཤས་ཆེ་ཞིང་།  བྲོས་བྱོལ་དང་ཁ་བྲལ།  གཏོལ་མེད་དང་ཕྱིར་ལྡོག་པ་བཅས་ནི་བརྗོད་སྙིང་གལ་ཆེན་ཞིག་ཏུ་འཁུམས་ལ། ཕྱིར་ལྡོག་པ་དང་ལྡོག་འདུན་གྱི་སེམས་ཤུགས་ནི་ཚིག་གི་ཕྲེང་བའི་ག་ས་གང་དུ་ཁྱབ་འདུག  དེ་བས《དབུས་ལམ་རིང་མོ》ནི་དོན་དུ་མི་ཚེ་རིང་མོའི་བསྡུས་བརྗོད་ཡིན་ལ།  རྩོམ་པ་པོ་ཁོང་ཉིད་ཕྱིར“དབུས་ལམ་རིང་མོ”བརྒྱུད་དེ་འགྱོད་བཤགས་དང་བཅས་ཕ་ཡུལ་དུ་ལྡོག་པའི་སྟ་གོན་ནི་སྒྲུང་གཏམ་འདིའི་བརྗོད་སྙིང་དང་།  བརྗོད་སྙིང་དེ་ཉིད་སྒྲུང་གཏམ་གྱི་ཁ་བྱང་དུ་འོས་དང་ཤུགས་ཀྱིས་བསྟན་པའི་ཁྱད་ཆོས་མཆིས།   《ནུབ་ཀྱི་སྐར་མ》  ལྟ་བུར་མཚོན་ན།  དེ་ཡང་བྱིས་དུས་ཀྱི་གཏམ་རྒྱུད་དང་འཚར་ལོངས་ཀྱི་གོ་རིམ་བརྗོད་བྱར་བྱས་པ་ཞིག་ཡིན་ནའང་།  དེའི་ཁྲོད་དུ་ཨ་ཕའི་སྣང་བརྙན་དེ་སྐྱེས་པ་ཕོ་ཡི་སྟོབས་ཤུགས་ཀྱིས་ཁྱོགས་པ་ཞིག་ཏུ་སྣང་སྟེ། དཔེར་ན་སྤྱང་ཀི་བསད་པའི་སྐབས་ཀྱི་དཔའ་བོའི་སྣང་བརྙན་སོགས་བརྗོད་པ་ཐུང་ངུ་ཙམ་གྱིས་རྡོ་ལ་རི་མོ་བརྐོས་པ་བཞིན་འོད་དུ་འཚེར་བ།  བརྗེད་དུ་ཕངས་པ་ལྟ་བུ་ཞིག་ཏུ་བཞེངས་འདུག སྐྱེས་པ་ཕོ་ཡི་སྟོབས་ཤུགས་དེར་ནམ་ཡང་ཡིད་སྨོན་བྱེད་ཅིང་དེ་ཉིད་མཚོན་པར་སྤྲོ་བའི་རྩོམ་པ་པོ་ཁོང་ལ་མཚོན་ན།  དེ་ནི་ནུབ་ཀྱི་སྐར་མ་བཞིན་མི་ཚེའི་ཁ་ཕྱོགས་དང་ལམ་སྟོན་གྱི་འོད་གསལ་ལྟ་བུར་ཤུགས་ཀྱིས་བསྟན་པར་མངོན།  《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པར་མཚོན་ན།  ར་རིའི་དྲི་མས་མ་བསླད་པའི་ཡར་འབྲོག་གཡུ་མཚོའི་ནང་གི“དྭངས་གཙང་གི་ཉ་མོ”ཞིག་ལྗན་ལྗིན་གྱི་དྲི་མས་སྦགས་པའི་གྲོང་ཁྱེར་ཆེན་པོར་རྐྱེན་ངན་བར་ཆད་ཀྱི་ལམ་དུ་སོང་བའི་བརྗོད་སྙིང་ཞིག་བསྟན་པ་ནི།   བོད་ཀྱི་འབྲོག་ཁྱི་དག་ནང་ལོགས་སུ་དྲུད་པའི་དངོས་མཐོང་གི་སྐྱོ་གར་དང་ཆ་འདྲ་ཞིང་། མི་འདྲ་ས་ནི་སྔ་མ་མི་དང་ཕྱི་མ་ཁྱི་ཡིན་པ་ཙམ་རེད།  དེ་ལས“ས་ས་མལ་དང་རྡོ་རྡོ་མལ”གྱི་གནས་ལུགས་བཙན་པོ་ཞིག་བསྟན་འདུག་ལ། རྩོམ་པ་པོ་ཡར་འབྲོག་གཡུ་མཚོ་ལྟ་བུའི་དྭངས་གཙང་གི་ཕ་ཡུལ་ལ་དུངས་ཀྱང་ཕ་ཡུལ་དུ་ལྡོག་མི་ཐུབ་པ།  འདུ་འཛིའི་རྔམས་ཀ་མཐུག་པའི་གྲོང་ཁྱེར་ལ་སྨོན་ཡང་གྲོང་ཁྱེར་དུ་ཞུགས་མི་ཐུབ་པའི་འགལ་འདུའི་སེམས་ཁམས་ཤིག་ངང་ངམ་ཤུགས་ཀྱིས་བརྗོད་པ་ནི་ཁ་བྱང་དང་འབྲེལ་ཆེ་བར་འདུག་གོ།

གཉིས་པ།

དེ་ལྟར་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་གྱི་ཁ་བྱང་གི་ཁྱད་ཆོས་བརྗོད་པ་ནས་རྟེན་འབྲེལ་གྱི་མགོ་བསྒྲིགས་ཏེ།  ད་ནི་སྒྲུང་གཏམ་གྱི་སྟ་གོན་དུ་གྱུར་ཅིང་དངོས་གཞིར་ཡང་འབྲེལ་བ་དམ་ཟབ་མཆིས་པའི་བརྗོད་བྱའི་སྐོར་ཅུང་ཟད་གླེང་བ་ལ།  སྤྱིར་བཏང་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་གྱི་བརྗོད་བྱ་ནི་ཁ་ནང་དུ་གཏད་ཅིང“ཆུང་བྲིས་ཆེ་འགྱུར”གྱི་རིགས་སུ་གཏོགས་པར་མངོན། ཁོང་གི་སྒྲུང་གཏམ་ཕལ་མོ་ཆེར་ཡུལ་དུས་ཁོད་ཆེ་བ་ཞིག་དང་མི་སྣ་རླབས་ཆེ་བ་ཞིག  བརྗོད་བྱ་རྒྱ་ཆེ་བ་ཞིག་བྲིས་པ་ཉུང་ཚོད་རེད།  འདི་ནི་དེང་གི་སྒྲུང་གཏམ་གྱི་འཕེལ་ཕྱོགས་རིགས་ཤིག་དང་མཐུན་ཞིང་།  རང་རེའི་གནས་བབ་དང་ཡང་འཚམ་པར་འདོད།  ཉུང་མཐར་ཡང་ཁོ་བོ་རང་ཉིད་ལ་མཚོན་ན་དེ་ལྟ་བུའི་བརྗོད་བྱ་འདེམས་སྟངས་ལ་བློ་ཉེ་བར་ཕྱོགས་པ་ཡིན།

བརྗོད་བྱ་ཅི་ཞིག་འདེམས་པ་དང་ཟུར་གང་ཞིག་ནས་འདེམས་པ་འདི་མཐར་གཏུགས་ན་རྩོམ་པ་པོ་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་བ་དམ་ཟབ་མཆིས།  ལྷ་བྱམས་རྒྱལ་ཁོང་ཉིད་ལ་མཚོན་ན།   ཉམས་མྱོང་ཆེ་མ་ཆུང་གསུམ་དང་ཕྲ་ཞིབ་རགས་གསུམ་གྱི་ངོས་ཐད་ནས་འཚར་ལོངས་དང་ནར་སོན་པའི་གོ་རིམ་རིང་མོ་ཞིག་བརྒྱུད་ཅིང་།  བརྗོད་བྱ་འདེམས་སྟངས་ཀྱི་ཆ་ནས་ཀྱང་ཐག་རིང་ནས་ཉེ་བར་བཅར་པ་དང་།  ལོ་རྒྱུས་ནས་དངོས་ཡོད་དུ་བབས་པ་དང་།   གཞན་སྡེ་ནས་རང་སྡེར་ཕྱོགས་པའི་ལོ་དང་ཟླ་བ་གང་མང་ཞིག་འགྲིམས་པར་གདོན་མི་ཟ་སྟེ།  སྔ་དུས་ཀྱི《ལྷགས་རླུང》ནས་མིག་སྔའི《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པའི་བར།   ལྷ་བྱམས་རྒྱལ་ཁོང་ལ་སྔ་ཕྱི་མི་འདྲ་བའི་འགྱུར་ལྡོག་ཆེན་པོ་བྱུང་འདུག་པ་དེས་ངང་གིས་མཚོན་ཐུབ་སྙམ།

བདག་གིས་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ《ལྷགས་རླུང》ལ་བྲིས་པའི་དཔྱད་བརྗོད《སྒོ་འགྲམ་གྱི་འགྲུལ་པ་གཏོལ་མེད》ཅེས་པ་ནི་ཉམས་མྱོང་གི་སྐོར་ནས་གླེངས་པའི་རྩོམ་ཡིག་ཅིག་སྟེ། ཁོང་གི་སྔ་དུས་ཀྱི་སྒྲུང་གཏམ《ལྷགས་རླུང》ལ་མཚོན་ན།   ཉམས་མྱོང་གི་དབང་དུ་བྱས་ཚེ།  རྩོམ་པ་པོ་རང་ཉིད་དང་ཁ་ཐག་ཅུང་རིང་བར་ཕྱིན་པའི“རིག་གསར”སྐབས་ཀྱི་བརྗོད་བྱ་ཞིག་དང་འབྲེལ་ཞིང་།  དངོས་བརྒྱུད་ཀྱི་ཉམས་མྱོང་ཅུང་ཟད་དབུལ་བའི་རྐྱེན་གྱིས་ཁོང་གི་སྒྲུང་གཏམ་དེར་མ་འདང་ས་རེ་གཉིས་མཆིས་པར་འདོད།  ཕྱིས་ཀྱི་སྒྲུང་གཏམ《ལོ་དེ་ལ》ཞེས་པ་ལྟ་བུ་དང་སྒྲུང་རིང《བོད་ཀྱི་གཅེས་ཕྲུག》ལ་མཚོན་ནའང་།   བརྗོད་བྱ་གཅིག་ལ་སྟོད་སྨད་མི་གཅིག་པའི་ཁྱད་པར་བྱུང་དོན་ཡང་།  མཐར་གཏུགས་ན་ཉམས་མྱོང་གི་དབང་དུ་ཕྱིན་པས་ལོས་ཡིན་སྙམ།《ལོ་དེ་ལ》ཞེས་པར་མི་སྣ“ཁོ”ཕ་ཡུལ་དང་ཁ་བྲལ་ཏེ་ཕྱི་རྒྱལ་དུ་སོང་བའི་མཚམས་ནས་སྒྲུང་གཏམ་གྱི་འགྲོས་ཚབ་ཚུབ་དང་བྱུང་རིམ་རྩིང་རགས་སུ་གྱུར་པ་དང་། 《བོད་ཀྱི་གཅེས་ཕྲུག》ཅེས་པར་མི་སྣ་ཐར་འཕེལ་ཕུད། ང་དང་ཉི་མ་དོན་གྲུབ།  གསལ་སྒྲོན་བཅས་གསུམ་པོ་མར་ནང་གྲོང་ཚོ་དང་ཁ་བྲལ་ཏེ་གནས་ཡུལ་བརྗེས་པའམ་ལང་ཚོ་དར་ལ་བབ་པའི་གནས་སྐབས་ནས་བཟུང་།  སྒྲུང་གཏམ་དེའི་གསོན་ཉམས་དང་འགུགས་ཤུགས། བདེན་སྟོབས་བཅས་ཀྱི་ཆ་དེ་སྟོད་ཆ་དང་ཅུང་མི་འདྲ་བའི་སྣང་བ་སྟེར།  དེའི་སྐོར་ནས་རྩོམ་པ་པོ་ཁོང་དང་ཁ་བརྡ་བྱས་པའི་གོ་རིམ་ཁྲོད།  ངས་རྩོམ་པ་པོ་ཁོང་ལ།  ཁྱེད་ནི་ནམ་ཡང་བྱིས་དུས་དང་ཕ་ཡུལ་གྱི་ནང་དུ་མགོ་འཁོར་ཏེ།  དར་མ་དང་ཕྱི་རོལ་གྱི་འཇིག་རྟེན་དུ་སྙེག་ཐུབ་ཀྱིན་མེད་པ་འདྲ་ཞེས་རྩེད་མཚར་བྱས་མྱོང་། ཕལ་ཆེར་བདེན་ཡང་སྲིད་དེ།    ཁོང་གི་སྒྲུང་གཏམ་ལེགས་ཤོས་ཐམས་ཅད་བྱིས་དུས་ཀྱི་འཚོ་བ་དང་གཞོན་ནུའི་དུས་སྐབས་ཀྱི་བརྩེ་དུངས་བརྗོད་བྱར་བྱས་པ་རྐྱང་རྐྱང་རེད།

ཡིན་ནའང་།  ལྷ་བྱམས་རྒྱལ་ནི་བོད་ཀྱི་སྒྲུང་གཏམ་པའི་ཁྲོད་དུ་སྒྲུང་གཏམ་འབྲི་བའི་ཐད་འཇོན་ཐང་ཆེས་ལྡན་པའི་གྲས་སུ་འཁོད་པའི་དབང་གིས།  ཁོང་གིས་དུས་ནམ་ཡང་རང་ཉིད་རང་ལ་དག་ཐེར་དང་སྐྱོན་སེལ་གནང་བའི་མཚུངས་སུ།  དུས་ནམ་ཡང་རང་ཉིད་ལེགས་ལམ་དུ་བཀྲི་བའི་ཐབས་ལ་འབད་ཅིང་འབུངས་བཞིན་མཆིས།  སྒྲུང་གཏམ་གྱི་འཇོན་ཐང་ཞེས་པ་གོང་སྨྲས་ཀྱི་དེ་ལྟ་བུ་ཞིག་ལ་གོ་ན་ཁྱབ་ཆུང་སྟེ།  གཙོ་བོའི་གཙོ་བོ་ནི་སྒྲུང་གཏམ་གྱི་བརྗོད་བྱ་དང་འབྲེལ་བ་ལྡན་ཞིང་།  བརྗོད་བྱ་གང་ཞིག་སྒྲུང་གཏམ་དུ་རུང་བ་དང་བརྗོད་བྱ་གང་ཞིག་སྒྲུང་གཏམ་དུ་མི་རུང་བའི་གནད་དོན་དེར་ཐུག་ཡོད།  བརྗོད་བྱ་དེ་ཉིད་ཡུལ་དུས་སེམས་གསུམ་ནས་རང་ཉིད་དང་ཉེ་བར་བཅར་བ་ཞིག་དང་།  བརྗོད་བྱ་དེས་རང་ཉིད་ཀྱི་བསམ་བློ་ཕུན་སུམ་ཚོགས་པ་ཞིག་སྟོན་པའི་རྒྱུ་རུ་བསྔོ་ཐུབ་པ་བྱུང་ཚེ།  དེར་ད་གཟོད་སྒྲུང་གཏམ་གྱི་འཇོན་ཐང་འཛོམས་པར་སྨྲས་ཆོག 

དེ་བས།  ལྷ་བྱམས་རྒྱལ་གྱིས《ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པའི་སྒྲུང་འབྲིང་གི་ཚད་ལ་སླེབས་པ་ཞིག་ཀློག་པ་པོའི་སྤྱན་ལམ་དུ་བསྟབས་པ་ནི།  སྒྲུང་གཏམ་གྱི་འཇོན་ནུས་མངོན་སྟངས་ཤིག་དང་།  རང་ཉིད་རང་ལ་ནམ་ཡང་ཡིད་མི་ཚིམ་པ་དང་མགུ་མི་གང་བའི་རྣམ་འགྱུར་དཔེ་ལེགས་ཅན་ཞིག་ཀྱང་རེད། སྒྲུང་གཏམ་དེ《སྦྲང་ཆར》(2016ལོའི་དེབ་དང་པོ)དུ་སྤེལ་རྗེས།  བོད་ཀྱི་རྩོམ་སྟེགས་ནས་གདེང་འཇོག་མི་དམན་པ་ཐོབ་ཅིང་།  ཀློག་པ་པོ་རབ་འབྲིང་ཐ་གསུམ་གྱིས་དགའ་བསུ་ཚད་མེད་བྱེད་བཞིན་མཆིས།  ཁོ་བོ་རང་ཉིད་ལ་མཚོན་ན།  སྒྲུང་གཏམ་དེ་ལེགས་འགྲུབ་བྱུང་བའི་རྒྱུ་མཚན་ནི་ཉམས་མྱོང་དང་བརྗོད་བྱའི་དབང་གིས་རེད་ལ།  རྩོམ་པ་པོ་ཁོང་གི་སྒྲུང་གཏམ་གྱི་འཇོན་ཐང་དང་ཡང་རག་ཆེན་པོ་ལས་འདུག་སྙམ།སྒྲུང་གཏམ་དེ་བཀླགས་རྗེས། དེ་ནི《བོད་ཀྱི་གཅེས་ཕྲུག》གི་ལྷན་ཐབས་གང་རུང་ཞིག་མིན་ནམ་སྙམ་པའི་མུར།  ལྷ་བྱམས་རྒྱལ་ཁོང་ལ་སླར་ཡང་ཐོད་རྒལ་ཐེངས་ཤིག་བྱུང་སོང་ཞེས་དགའ་བ་ཚད་མེད་སྐྱེས།  ལོས་ཀྱང་ཡིན་ཏེ།  རྩོམ་པ་པོ་ཕུལ་དུ་བྱུང་བ་ཞིག་ཡིན་ཚེ།     དུས་ནམ་ཡང“རང་རྩོམ་གྱི་ཕ་རྒན”དེའི་གོང་དུ་འཕགས་ཅི་ཐུབ་བྱེད་པ་ལས་སོ་ན་གནས་པ་ཅན་ཞིག་གཏན་ནས་བྱར་མི་རུང་ངོ་།  །མདོར་ན། 《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པ་ནི་ལྷ་བྱམས་རྒྱལ་ཁོང་ཉིད་འཚར་ལོངས་བྱུང་བའི་དན་རྟགས་ཤིག་དང་ཁོང་གི་སྒྲུང་གཏམ་ནར་སོན་པའི་ལམ་ཚད་རྡོ་རིང་ཞིག་ཏུ་བལྟས་ཆོག་ཆོག་རེད།

གསུམ་པ།

བརྗོད་བྱ་ནི་ཉམས་མྱོང་དང་འབྲེལ་ཞིང་ཉམས་མྱོང་ནི་བདེན་སྟོབས་དང་འབྲེལ།   ཉམས་མྱོང་དང་བདེན་སྟོབས་གཉིས་ཀའང་རྗོད་སྟངས་དང་འབྲེལ་བར་གྲུབ་ཅིང་། ཐ་ན་དེའི་དབང་གིས་ལེགས་ཉེས་སྐྱོན་ཡོན་གྱི་ཁྱད་པར་འབྱེད་པའི་དགེ་མཚན་ཆེ་བར་མངོན།

དཔེར་ན། 《རླུང་ལ་བཅོལ་བ》ཞེས་པའི་བརྗོད་བྱའང“ང་བརྒྱད”དང“རིག་གསར”སོགས་རྒྱབ་ལྗོངས་སུ་དྲངས་པ་ཞིག་ཡིན་ནའང་།  སྒྲུང་གཏམ་འདི《ལྷགས་རླུང》ལས་ཁྱད་དུ་འཕགས་པའི་རྒྱུ་མཚན་ནི།  སྐབས་འདིར།  རྩོམ་པ་པོ་ཁོང་གིས་རྗོད་སྟངས་གསར་བ་ཞིག་རྙེད་པ་དང་འབྲེལ་བ་མཆིས་པས་རེད།  དེ་ནི་གྲྭ་རྒན་བློ་བཟང་གི་ངག་བཞིན་དེ་འབྲེལ་གྱི་བརྗོད་བྱ་སྒྲུང་གཏམ་དུ་བྲིས་པ་ལས།  མི་སྣ“ངའི”མཐོང་སྣང་དང་བརྗོད་བྱ་གཉིས་གཅིག་ཏུ་མ་འདྲེས་ཤིང་སོ་སོར་ཕྱེ་བའི་དབང་གིས།  གྲྭ་རྒན་བློ་བཟང་གི་ངག་ལས་ཕྱུང་བའི“ང་བརྒྱད”དང“རིག་གསར”ལ་བདེན་སྟོབས་ཀྱིས་ཕྱུག་འདུག   ཡང་དཔེར་ན།  ཁོང་གི་པར་དུ་བསྐྲུན་འགྱུར་གྱི《དབུས་ལམ་རིང་མོ》ཞེས་པ་ལྟ་བུར་མཚོན་ན། དེ་ཡང་སྤྱི་ཚོགས་རྙིང་བའི་སྐབས་ཀྱི་ལོ་རྒྱུས་ཤིག་རེད་དེ། སྒྲུང་གཏམ་འདིར་བྱུང་རིམ་གྱི་གཙོ་ཕལ་གོ་ལྡོག་ནས་བྲིས་དོན་ཡང་།  རྗོད་སྟངས་དང་ཐབས་རྩལ་གྱིས་བརྗོད་བྱ་དང་ཉམས་མྱོང་གི་ཞན་ཆ་བསྒྲིབས་པའམ་ཡང་ན་བདེན་སྟོབས་གསོ་བྱེད་ཀྱི་རྒྱུ་རུ་བསྔོས་འདུག་པར་མཐོང་།  སྤྱིར་ཡིན་ན་དགེ་བཤེས་ཡོན་ཏན་བཟང་བོའི་དབུས་ལམ་རིང་མོ་དང་འབྲེལ་བའི་མི་ཚེའི་ལོ་རྒྱུས་གཙོ་བོ་དང་།  མི་སྣ་ང་དང་སུང་སྒྲོལ་མ་བཅས་པའི་གཏམ་རྒྱུད་ཕལ་བར་འདྲེན་དགོས་པའི་གནས་ལུགས་མཆིས་པའམ་བཀླག་འདུན་གྱི་རེ་བ་ཆེ་ནའང་།  སྒྲུང་གཏམ་དངོས་གཞིར་དེ་ལས་ལྡོག་པའི་གནས་ཚུལ་བྱུང་བ་ནི།  རྩོམ་པ་པོས་གཏམ་རྒྱུད་ཀྱི་སྐུད་སྣེ་གཙོ་བོ་ཡོངས་སུ་བསྐུངས་པའི་ཚུལ་གྱིས་སམ་ཡང་ན་དེ་ཉིད་རྒྱབ་ལྗོངས་ཙམ་དུ་བྱས་ཤིང་། སྐྱོན་སེལ་དེ་འདྲ་གནང་བའི་དགེ་མཚན་མཆིས་སྙམ།  གཞན་ཡང་།《ལམ་གྱི་ཉི་འོད》ལྟ་བུའི་སྒྲུང་གཏམ་ལ་མཚོན་ནའང་། བརྗོད་བྱ་དང་ཉམས་མྱོང་གི་ཐད་ནས་དེ་ལྟའི་སྐྱོན་སེལ་ཆེན་པོ་ཐོབ་པའི་དབང་གིས་ཤིན་ཏུ་ལེགས་འགྲུབ་བྱུང་བའི་ཚད་དུ་བརྩིས་རུང་།  སྐབས་དེར་ལྷོ་ཁར་བསྐྱོད་ཐེངས་ཤིག་ལ།  ལྷོ་ཁ་ས་ཁུལ་གྱི་རྩོམ་རིག་གི་ལས་ཀ་གཉེར་མཁན་སྐོར་ཞིག་དང་ཁ་བརྡ་བྱས་པའི་གོ་རིམ་ཁྲོད།  ང་ཚོས《ལམ་གྱི་ཉི་འོད》སྐབས་དོན་དུ་ལྷགས་ཏེ་བརྗོད་པར།  ཁོང་ཚོས《ལམ་གྱི་ཉི་འོད》ཁྲོད་དུ་བྲིས་པའི་ལྷ་ཀླུ་ཟམ་ཁ་དང་ལྷ་ཀླུ་འདམ་རའི་རྣམ་པ་མ་ལུས་ཧ་ཅང་འདྲ་བོ་འདུག་པར་མ་ཟད།  ལྷ་སའི་སྐད་ཀྱང་ཧ་ཅང་བྱིན་ཆགས་སུ་མཆིས་ཞེས་མཚར་མཚར་དུ་འཛིན།  ངས་དེར་ལྷ་བྱམས་རྒྱལ་ཁོང་ལྷ་སའི་མག་པ་རེད་ཅེས་ལབས་པ་ཡིན།  གང་ལྟར།  ཤུགས་བསྟན་དུ་གོ་རྒྱུ་ཅན་ནི།  བརྗོད་བྱ་འདེམས་སྟངས་ཀྱི་ཆ་ནས་རང་ཉིད་དང་ཉེ་བར་བཅར་བའམ།  ཉམས་མྱོང་སྲེ་སྦྱོར་གྱི་ཆ་ནས་ཕྲ་ཞིབ་ཏུ་བརྡར་པའི་བརྩམས་ཆོས་ལ་བདེན་སྟོབས་ཁྱད་པར་བ་ཞིག་མཆིས་པ་ནི་དོན་གྱིས་གྲུབ་བོ།།

བཞི་པ།

གོང་ནས་བརྗོད་བྱ་དང་ཉམས་མྱོང་གི་སྐོར་ནས་ཅུང་ཟད་གླེང་བའི་ཞོར་དུ།  ཁོང་གི་རྗོད་སྟངས་ཀྱི་ཁྱད་ཆོས་ཀྱང་ཟུར་དུ་བརྗོད་པ་བཞིན།  ད་ནི་སྒྲུང་གཏམ་གྱི་ཐབས་རྩལ་གྱི་དབང་དུ་སོང་ཞིང་།  དངོས་གཞིའི་སྐབས་ཀྱི་རྗོད་སྟངས་ཅི་དང་ག་འདྲ་ཡིན་པའི་ཐད་རེ་གཉིས་བྲི་འདོད་པ་ལ།  རྗོད་སྟངས་ནི་མིང་གང་གིས་བརྗོད་པ་དང་འབྲེལ་བ་ཡོད་ལ། སྒྲུང་གཏམ་གྱི་འགྲོས་དང་ཉམས། རྗོད་བྱེད་དང་ཁ་བརྡ།  གནས་ཡུལ་དང་སྣང་བརྙན་བཅས་པར་ཡང་འབྲེལ་བ་དམ་ཟབ་མཆིས།

ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ལ་མཚོན་ན། 《ལམ་གྱི་ཉི་འོད》དུ་འཁོད་པའི་སྒྲུང་གཏམ་བཅུ་གཉིས་པོ་ཡིན་ནའང་རུང་། 《སྒྲུང་འབྲིང་ཕྱོགས་བསྒྲིགས》སུ་འཁོད་པའི་སྒྲུང་གཏམ་གསུམ་པོ་ཡིན་ནའང་འདྲ།   པར་དུ་བསྐྲུན་འགྱུར་གྱི《གཉིད་དུ་ཡུར་བའི་ཆུ》ཞེས་པར་འཁོད་པའི་སྒྲུང་གཏམ་བཞི་པོ་ཡིན་ནའང་འདྲ། བསྡོམས་པས་སྒྲུང་གཏམ་རིང་ཐུང་བཅོ་བརྒྱད་མཆིས་པ་ལས།  རང་མིང་གི་ལམ་ནས་བརྗོད་པའི་སྒྲུང་གཏམ་བརྒྱད་མཆིས་ཤིང་།   དེས་སྤྱིའི་གྲངས་ཀའི་བརྒྱ་ཆའི་ལྔ་བཅུ་ཙམ་ཟིན་མི་ཟིན་གྱི་ཚད་ལ་སླེབས་ཡོད། ཁོ་བོ་རང་གི་བསམ་ཚོད་ཀྱི་དབང་དུ་བྱས་ན། ལེགས་འགྲུབ་བྱུང་བའི་སྒྲུང་གཏམ་ཕལ་མོ་ཆེ་ནི་རང་མིང་གི་ལམ་ནས་བརྗོད་པའི་རིགས་སུ་སྣང་།  ཡིན་ནའང་།  ཁོང་གིས“ཁོ་དང་གཞན”གྱི་ལམ་ནས་བརྗོད་པའི་རིགས་ལའང《ལམ་གྱི་ཉི་འོད》དང《གཉིད་དུ་ཡུར་བའི་ཆུ》ལྟ་བུ་ལེགས་འགྲུབ་བྱུང་བའི་སྒྲུང་གཏམ་རེ་གཉིས་ཀྱང་མཆིས་ཏེ།  ངས་འདིར་བཤད་འདོད་པ་ནི། ལྷ་བྱམས་རྒྱལ་ཁོང་སྒྲུང་གཏམ་གྱི་རྗོད་སྟངས་ལས་མིང་གང་ཞིག་གིས་ཇི་ལྟར་བརྗོད་པའི་ཐད་བྱང་ཆ་ཆེ་ཞིང་འཇོན་ནུས་ལྡན་པར་མངོན་པ་དེའོ།།

སྤྱིར་བཏང་ཁོང་གི་སྒྲུང་གཏམ་དུ་རླུང་དང་ཉི་འོད། ཁ་བ། དུས་ཚོད་བཅས་ནི་སྙན་ངག་གི་ཡིད་བརྙན་བཞིན་དུ་ཐེངས་མང་བོར་འབྱུང་ཞིང་།  དེས་ཁོང་གི་སྒྲུང་གཏམ་ལ་གཟུགས་མེད་ཀྱི་ཁ་དོག་ཅིག་དང་སྒྱུ་རྩལ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་བསྒོས་འདུག ལྷག་པར་དུ། དུས་ཚོད་ཅེས་པ་ནི་ཁོང་གི་སྒྲུང་གཏམ་གྱི་བརྗོད་བྱ་བརྗོད་སྙིང་དང་འབྲེལ་ཆེ་ལ།  ཁོང་གི་སྒྲུང་གཏམ་གྱི་བརྗོད་པ་དང་ཞིབ་འབྲི།  ཉམས་འདོན་སྟངས་བཅས་པར་ཡང་རག་ལས་ནས་ཡོད།   ཁོང་གིས་དུས་ཚོད་ཀྱི་སྐོར་ནས་ཞིབ་འབྲི་བྱས་པའི་རིགས་ཤིན་ཏུ་མང་བ་དཔེར་ན་རྩོམ་འདིའི་ཚན་པ་དང་པོར་དྲངས་ཡོད་པ་ཕུད། 《བོད་ཀྱི་གཅེས་ཕྲུག》ཏུ།  “རེད་ཨང་། གྲོང་ཁྱེར་དུ་དུས་ཚོད་ཀྱི་གོམ་འགྲོས་ནི་རླུང་ལྟར་མགྱོགས།  རླུང་གཡུགས་ཤུལ་ཏུ་ཕར་བལྟས་ཚོད་ཀྱིས་གང་ལའང་འགྱུར་བ་ཅི་ཡང་བཏང་མེད་པ་འདྲ་ཡང་།  ཞིབ་ཏུ་དཔྱད་ན་དེས་ཅི་ཞིག་ཁུར་སོང་བ་ངེས་གཏན་ཡིན་ཏེ། མ་མཐའ་ཡིན་ཡང་རྡུལ་ཕྲ་རབ་ཅིག་འཁུར་ཡོད་ངེས”ལྟ་བུ་དང་། 《དབུས་ལམ་རིང་མོ》ཞེས་པར།   “དེ་དུས་དུས་ཚོད་ནི་ད་ལྟ་ནང་བཞིན་གཤོག་པ་ཐོགས་པ་ལྟར་འཕུར་འགྲོ་བ་ཞིག་མ་རེད།  དེ་དུས་དུས་ཚོད་ཀྱི་རྐང་པ་རྡོ་ལ་ཐོགས་ནས་ཁ་སྦུབ་ཡང་ཡང་བརྒྱབ་ཡོང་སྟེ།  ཡར་ལངས་ནས་ལམ་དུ་མགྱོགས་མོར་བསྐྱོད་མ་ཐུབ་པའི་དུས་ཚོད་ནི་ངེད་ཅག་དང་ལྷན་དུ་མཚན་གྱི་མེ་ཏོག་ལྡུམ་རའི་ནང་ནས་བསྡད།   སློབ་གྲྭའི་འགྲམ་གྱི་ཇ་ཁང་ནང་ནས་བསྡད།  སློབ་ཁང་ནང་ནས་བསྡད།  ལུས་རྩལ་ར་བ་ནས་བསྡད”ཅེས་པ་ལྟ་བུ་དང་། ཡང《དབུས་ལམ་རིང་མོ》ཞེས་པར།  “ངའི་སེམས་སུ་ང་དང་བཀྲ་ཤིས་མཚོ་མོའི་མི་ལོ་བཞི་ཡི་བརྩེ་དུངས་ཀྱི་འཚོ་བ་དང་མི་ལོ་གསུམ་གྱི་བཟའ་ཚང་གི་འཚོ་བ་དེ་དུས་ཚོད་ཀྱི་མདུན་ནས་འདི་ལྟར་ཆག་གྲུམ་དུ་འགྱུར་སླ་བའི་སྐོར་ལ་དང་དོད་ཅི་ཡང་བྱ་འདོད་མ་སྐྱེས”ཞེས་པ་ལྟ་བུས་མཚོན།  དུས་ཚོད་དེ་རླུང་སོགས་སུ་བཀོད་ཅིང་གཟུགས་ཅན་བཞིན་དུ་བྱས་པ་མང་།  དེས་ནི་སྒྲུང་གཏམ་གྱི་བརྗོད་པའི་ཐད་ནས་སྙན་ངག་གི་མཛེས་པ་དང་སྙན་པའི་ཉམས་ཐོན་པར་མ་ཟད།  དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་ང་ཚོ་ཅི་བྱ་གཏོལ་མེད་དུ་ལུས་པའི་འཇིག་རྟེན་འཁོར་བའི་སྐྱིད་སྡུག་གང་རུང་ཞིག་འོས་དང་བབ་ཀྱིས་བསྟན་འདུག་སྙམ།   

 ཡིན་ནའང་།  འདིར་བཤད་འདོད་པ་ནི་གནས་ལུགས་ཀྱི་དབང་དུ་སོང་བའི་དུས་ཚོད་དེ་མ་ཡིན་པར་སྒྲུང་གཏམ་གྱི་དབང་དུ་སོང་བའི་དུས་ཚོད་དེ་ཡིན།  སྒྲུང་གཏམ་ཞིག་ལ་མཚོན་ན་འགྲོས་ཀྱི་མྱུར་བུལ་དང་བྱུང་རིམ་གྱི་གྲིམ་ལྷོད་ནི་གལ་ཆེ་ཤོས་ཤིག་རེད།  ལྷ་བྱམས་རྒྱལ་ལ་མཚོན་ན་དེའི་ཐད་དུ་ཐུན་མིན་གྱི་ཁྱད་ཆོས་ཤིག་མཆིས།  འགྲོས་དེ་ཡང་མཐར་གཏུགས་ན“འགྲོ་འདུག”གམ“འགུལ་འཇགས”གཉིས་དང་འབྲེལ་ཆེ་སྟེ།  གཅིག་ནི་འགྲོ་བའམ་འགུལ་བ་དང་གཞན་གཅིག་ནི་འདུག་པའམ་འཇགས་པ་དེ་རེད།  འགྲོ་བའམ་འགུལ་བ་ནི་གཏམ་རྒྱུད་ཀྱི་འགྲོས་ཡིན་ལ།  འདུག་པའམ་འཇགས་པ་ནི་གཏམ་རྒྱུད་ཀྱི་ཞིབ་འབྲི་རེད།  དེ་གཉིས་ལས་སྒྲུང་གཏམ་གྱི་ཉམས་ཐོན་པར་སྨྲའོ། །གལ་སྲིད་འགྲོས་མགྱོགས་ན་ཀློག་པ་པོའི་མགུ་གང་མི་ཐུབ་ལ།  གལ་སྲིད་འགྲོས་དལ་ཚེའང་ཀློག་པ་པོས་བཟོད་མི་ནུས་པ་སྨོས་ཅི་དགོས།  དེ་བས།  སྒྲུང་གཏམ་གྱི་མྱུར་བུལ་དང་གྲིམ་ལྷོད་ཀྱི་གནད་དོན་ཐག་གཅོད་པ་ནི་ཤིན་ཏུ་ནས་གལ་ཆེ་ཞིང་།  དཔེར་ན་ཁོང་གི་སྒྲུང་གཏམ《ལམ་གྱི་ཉི་འོད》དང《དབུས་ལམ་རིང་མོ》ཞེས་པས་གནད་དོན་དེ་དག་ཐག་གིས་བཅད་པ་ཤིན་ཏུ་བཟང་བར་འདོད།

《ལམ་གྱི་ཉི་འོད》ཀྱི་སྐོར་ནས་དེ་སྔ་ཁོ་བོས་རྩོམ་ཡིག་གཞན་དུ(《སྐྱིད་ཀྱང་སྨྲེང་བ་མོད་པའི་ལོ་ཟླ》2015ལོའི《སྦྲང་ཆར》དེབ་གཉིས་པ)གླེངས་ཟིན་ལ།  འདིར《དབུས་ལམ་རིང་མོ》ཞེས་པའི་སྐོར་ནས་ཅུང་ཟད་བཤད་ན།  སྒྲུང་གཏམ་འདི་དོན་ཚན་ལྔས་གྲུབ་ཅིང་།  དོན་ཚན་གསུམ་པའི་མཚམས་ནས་སྐུད་སྣེ་གཉིས་སུ་གྱེས་ཏེ།  དགེ་བཤེས་ཡོན་ཏན་བཟང་པོའི་གཏམ་རྒྱུད་ད་གཟོད་མགོ་བརྩམས་པ་རེད།  དེ་ནི་འགྲོ་འདུག་གཉིས་ལས་འདུག་པ་དང་འགུལ་འཇགས་གཉིས་ལས་འཇགས་པའི་ཆ་དེ་ཡིན་ལ།  འདུག་པ་དང་འཇགས་པའི་གནས་སྐབས་དེར།  བྱུང་རིམ་ནོགས་མོ་དང་ཞིབ་འབྲི་འཕྱོར་པོ།  བདེན་སྟོབས་འཁྱུག་པོ་བྱུང་བའི་གོ་སྐབས་ཐོབ་པ་གདོན་མི་ཟའོ། །དེར་ལྕི་ཡང་དང་གཙོ་ཕལ་གྱི་ཁྱད་པར་ཤོར་མིན་ནི་འཆད་བྱ་གཞན་ཏེ།  གང་ལྟར་གཏམ་རྒྱུད་ཀྱི་མྱུར་བུལ་དང་གྲིམ་ལྷོད་ཀྱི་ཆ་ནས་བལྟས་ན་ཧ་ཅང་རན་པར་མཐོང་ངོ་།། 

གཏམ་རྒྱུད་ཀྱི་འགྲོས་དལ་བའི་ཚེ་ན་ད་གཟོད་ཞིབ་འབྲི་ཞེས་པ་ཐོན་ཐུབ་ཅིང་།  ཞིབ་འབྲི་དེའི་ཁྲོད་ནས་སྒྲུང་གཏམ་གྱི་ཉམས་ཀྱང་འདོད་ཐུབ་པ་རེད། སྒྲུང་གཏམ་གྱི་ཞིབ་འབྲིའི་ཐད། ལྷ་བྱམས་རྒྱལ་ཁོང་གིས་ཕྱི་དོན་བདེན་པ་གཙིགས་སུ་བཟུང་ནས་དེ་དག་ཇི་བཞིན་དུ་ཡིག་རིས་སུ་འབེབས་པའི་དངོས་བྲིས་ཀྱི་ལུགས་ཁོ་ན་སྐྱོང་བ་མ་ཡིན་པར།  སྙན་ངག་གི་བརྗོད་པ་ལྷུར་བླངས་ཏེ། སྒྲུང་གཏམ་གྱི་ཉམས་ཁྱད་པ་བར་ཞིག་འདོད་པའི་ཐད་མཐོང་ཆེན་ཅི་ཐུབ་བྱེད་པར་མངོན།  མི་ལོ་སུམ་ཅུ་ལྷག་གི་བོད་ཀྱི་དེང་རབས་རྩོམ་རིག་གི་བྱུང་འཕེལ་ཁྲོད།  རྩོམ་པ་པོའི་བསམ་བློ་དང་ཐབས་རྩལ་གང་ཅིའི་ཐད་འཕེལ་རྒྱས་ཆེན་པོ་བྱུང་མོད་ཀྱི།  ཉམས་ཀྱི་རྩོལ་བ་དང་བྱེད་ནུས་ཐད་ཚོད་ལྟ་དང་ལག་ལེན་དུ་འདེབས་མཁན་ནི་ལྷ་བྱམས་རྒྱལ་ཁོང་ཀུན་ལས་གཟེངས་མཐོ་བར་བགྲང་ཆོག་ཆོག་རེད།

ཁོང་གི་སྒྲུང་གཏམ་མང་བོར་ཁ་བྱང་དང་བཅས་པར་སྙན་ངག་གི་ཉམས་ཤིག་ཐོན་འདུག་ལ།  སྒྲུང་གཏམ་གྱི་མགོ་ཡང་རླུང་དང་ཉི་འོད། ཁ་བ། ཞོགས་པ་བཅས་ཀྱིས་བརྩམས་པར་རིངས། དེ་བཞིན་སྒྲུང་གཏམ་གྱི་དངོས་གཞིར་ཡང་རླུང་དང་དུས་ཚོད་སོགས་གཟུགས་ཅན་བཞིན་ཡང་དང་བསྐྱར་དུ་བྲིས་ཏེ། སྙན་ངག་གི་ཉམས་དང་སྒྱུ་རྩལ་གྱི་ཁྱད་ཆོས་མི་ཉུང་བ་ཞིག་བསྒོས་འདུག 《ལམ་གྱི་ཉི་འོད》དང《རླུང་ལ་བཅོལ་བ》《ཁ་བར་སྒུག་པ》《གྲིབ་གཟུགས་ཁྲོད་ཀྱི་མི་ཚེ》《མ་ཡུམ》《ཁ་བའི་མཚན་མོ》《དབྱར་རྩྭ་དགུན་འབུ》《བོད་ཀྱི་གཅེས་ཕྲུག》བཅས་པར་མཚོན་ནའང་།  སྒྲུང་གཏམ་གྱི་ཐོག་མཐའ་བར་གསུམ་དུ་རླུང་དང་ཞོགས་པ།  ཉི་འོད།  ཁ་བ་བཅས་ཀྱི་བརྗོད་པ་ཤིན་ཏུ་མང་།   དཔེར་ན།  《ལམ་གྱི་ཉི་འོད》ཅེས་པར།  “ལྷ་ཀླུ་ཟམ་ཁ་ནས་ལངས་སྡོད་དུས།  ག་ནས་ཡོང་བ་མི་ཤེས་པའི་ལྷ་སའི་ལུང་ཁོག་གི་རླུང་བུ་ལྡོམ་པོ་ཞིག་གིས།   ལྷ་མཛེས་ཀྱི་ཞྭ་མོ་དམར་པོ་དེ་བསམ་དབང་དྲན་དབང་མེད་པར་ཟམ་འོག་གི་རྒྱུག་ཆུའི་ནང་དུ་ཁུར་སོང”ཞེས་པ་ལྟ་བུ་དང་།   《གཉིད་དུ་ཡུར་བའི་ཆུ》ཞེས་པར།    “མགྱོགས་ཚད་དེའི་ཁྲོད་ནས་ཕུན་རྣམ་གྱིས་ལྷ་སའི་སྲང་ལམ་གྱི་རླུང་བུ་ཚོར་ཡོང་།  རླུང་བུ་དེ་བསིལ་བསིལ་ངང་ཁོའི་ཁ་གཏད་ནས་ལྡང་ཡོང་སྟེ་བུ་མོའི་ཞི་འཇམ་གྱི་ཁ་རླངས་དང་མཚུངས་པར་ཁོའི་ཟ་འགྲམ་དུ་འཛུམ་ཡོང་བའི་རྔུལ་ནག་གི་ཐིགས་པ་དེ་དག་སྐམ་པར་བྱས་ཤིང་།  ཡང་སུ་ཞིག་གི་ཕྱག་སོར་ཡང་མོ་དང་འདྲ་བར་ཁོའི་སི་ལིར་འཁྱིལ་བའི་སྐྲ་ལོ་རིང་བོ་དེ་འཕྱོ་ཙམ་དང་སྒུལ་ཙམ་བྱས་སོང”ཞེས་པ་ལྟ་བུ་དང་།   《ནུབ་ཀྱི་སྐར་མ》ཞེས་པར།    “རླུང་དེ་དེ་ལྟར་ཐོལ་གྱིས་ལྡང་ཡོང་ནས་ངའི་ཉེ་འཁོར་གྱི་ས་རྡུལ་གཙུབ་བཞིན་འཚུབ་མའི་འཁོར་ལོ་བསྐོར་བྱུང”ཞེས་པས་མཚོན། ལྷ་ས་དང་ཕ་ཡུལ་གྱི་གནས་སྐབས་སུ་ཉི་འོད་དང་རླུང་།  པེ་ཅིན་ནམ་གྲོང་ཁྱེར་གྱི་གནས་སྐབས་སུ་དུད་སྨུག་དང་ཆར་བ་སོགས་བྲིས་ཏེ།  འཛིན་རེག་གིས་བྲལ་བའི་བྱ་དངོས་རིགས་ཤིག་ཡང་དང་ཡང་དུ་འབྲི་བ་འདི་ནི་བརྗོད་པ་གཞན་དག་དང་མི་མཚུངས་པར།  ཞིབ་འབྲིའི་དགེ་མཚན་ཐོན་པའི་ཞར་ལ།  སྙན་ངག་ལྟ་བུའི་སྒྲུང་གཏམ་གྱི་ཉམས་ཁྱད་པར་ཞིག་ཀྱང་ཐོན་པར་བྱས་འདུག  དེང་གི་དུས་འདིར་གཞོན་སྐྱེས་སྒྲུང་གཏམ་པ་ཚེ་དབང་རྣམ་རྒྱལ་ལགས་ཀྱིས་དེ་ལྟའི་ཁྱད་ཆོས་ཤིག་སྙེག་པ་ནི། 2016ལོའི《སྦྲང་ཆར》དེབ་བཞི་པའི་སྟེང་སྤེལ་པའི《གད་སྙིགས》ལྟ་བུར།  རླུང་དང་འབྲེལ་བའི་བརྗོད་པ་ཉུང་ན་བཅོ་ལྔ་ཡན་གྱིས་ཟིན་པས་མཚོན།  སྒྲུང་གཏམ་གྱི་ཉམས་སམ་མཁའ་དབུགས་བསྐྲུན་པའི་ཐད་ཤེས་བཞིན་གྱིས་འཇུག་པ་འདི་ཡང་དགའ་བའི་གནས་སོ་ཞེས་པ་ནི་ཞར་བྱུང་དུ་སྨྲས་པའི་གཏམ་མོ།། 

གལ་སྲིད་བརྗོད་པ་དེ་དག་ཁོལ་དུ་ཕྱུང་སྟེ་རང་གྲུབ་ཚན་པ་ཞིག་ལྟར་བཀླགས་ཚེ།  སྒྲུང་གཏམ་སྤྱིའི་བྱུང་རིམ་དང་བསྟན་དོན་ལ་གནོད་པ་ཆེར་མེད་མོད།  འོན་ཀྱང་ཉམས་དང་བྲོ་བའི་ཆ་ནས་ཁྱད་པར་གཞན་དུ་འགྱུར་ངེས་པ་ཐག་གིས་ཆོད་དོ། །འདི་ལྟ་བུར་མཚོན་ན།  བྱེ་བྲག་གི་མི་སྣ་དང་སེམས་ཁམས།  བྱུང་རིམ་སོགས་དང་མཚམས་ལ་ཤས་སུ་འབྲེལ་བ་ཅི་ཡང་མེད་ཀྱི།  བསྟན་བཅོས་རྩོམ་པའི་ངལ་གསོའི་ཚིགས་བཅད་ལྟར།   སྒྲུང་གཏམ་གྱི་ཉམས་སམ་མཁའ་དབུགས་བསྐྲུན་པར་ཕན་ནུས་གལ་ཆེན་འདོན་ཐུབ་པ་རེད།  མཁའ་དབུགས་དེར་རབ་རིབ་དང་ལྐོག་གྱུར།  རྩེད་མཚར།  ངལ་གསོ།  འདེགས་འཇོག   མཚམས་སྦྱོར་བཅས་ཀྱི་བྱེད་ནུས་དང་ལྡན་ནོ།།

ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་གྱི་རྗོད་བྱེད་ནི་རང་ཁྱད་རྫོགས་པ་ཞིག་རེད།  གོང་ནས་སྨྲས་པ་ལྟར། གལ་སྲིད་ཁོང་གི་བརྗོད་པ་དེ་དག་དུམ་བུ་དུམ་བུར་བྱས་ཏེ་ཁོལ་དུ་ཕྱུང་ན་བྲོ་བ་བླ་ལྷག་གིས་སྟེར་མི་ནུས་མོད།  འོན་ཀྱང་བྱུང་རིམ་དངོས་གཞི་དང་སྦྱར་ཏེ་བཀླགས་ཚེ་སྙན་ངག་ལྟ་བུའི་རོ་བྲོ་ཞིག་འབྱིན་ཐུབ།  གནད་དེ་ནི་གཙོ་བོ་ཁོང་གིས་སྒྲུང་གཏམ་གྱི་བརྗོད་པ་ཅུང་ཟད་ཁོང་དུ་ཆུད་པའི་སྟེང་ན་ཡོད་པར་འདོད།  རང་གཤིས་རྫོགས་པའི་སྒྲུང་གཏམ་གྱི་རྗོད་བྱེད་དེ།  ཚིག་གི་རིང་ཐུང་དང་མིང་ཚིག་བཀོལ་སྟངས་བཅས་ཀྱི་སྟེང་ན་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད།  གཙོ་བོ་ནི་ཁོང་གིས་སྙན་ངག་ལྟ་བུའི་ཚིག་གི་སྦྱོར་བ་ལྷུར་བླངས་ཏེ།   སྒྲུང་གཏམ་གྱི་བརྗོད་པ་རང་ཁྱད་ཅན་དང་རྗོད་བྱེད་ཕུན་སུམ་ཚོགས་པ་ཞིག་ཁུར་དུ་བཞེས་པས་རེད།  དཔེར་ན།  ཁོང་གི་སྒྲུང་གཏམ་དུ་དུས་ངེས་མེད་དུ་བསྐྱར་ཟློས་སུ་བྱུང་བའི་རླུང་དང་དུས་ཚོད།  ཉི་འོད་བཅས་ཀྱི་ཞིབ་འབྲི་ནི་དེའི་རིགས་སུ་གཏོགས་ལ།   དེ་དག་ཕན་ཆད་དུ་སྒྲུང་གཏམ་གྱི་བརྗོད་པའི་ཁོངས་སུ་བསྡུ་ཆོག་པའི་མི་སྣའི་ཁ་བརྡར་ཡང་དེའི་ཁྱད་ཆོས་ལྡན་པར་མངོན།

དཔེར་ན།  《བོད་ཀྱི་གཅེས་ཕྲུག》ཏུ།  “སྲོད་ཀྱི་ཉི་འོད་སེར་པོ་ཡུད་ཙམ་གྱི་རིང་ལ་ལུག་ལྷས་ནས་སུ་ཞིག་གིས་བཤུ་བཞིན་པའི་གོས་ལྭ་སེར་པོ་ཞིག་དང་མཚུངས་པར་མཐོ་ས་ནས་མཐོ་སར་བྱེར་སོང་བ་དང་།  ཅང་མ་འགོར་བར་ཁོ་ར་ཁོར་ཡུག་ཀུན་ཏུ་དེའི་ར་མདར་སྙེག་པ་ལྟ་བུའི་གྲིབ་མདངས་ནག་པོ་ཞིག་གིས་ཡོངས་སུ་བཟུང་སོང”ཞེས་པ་ལྟ་བུ་དང་།《ནུབ་ཀྱི་སྐར་མ》ཞེས་པར།   “ཉི་ནུབ་ཀྱི་ཟེར་མ་དེ་དག་ནི་གསེར་མདོག་གི་གོས་ཆེན་སེར་པོ་ཞིག་ག་ལེར་ཕར་བཤུ་བཞིན་པ་དང་མཚུངས་པར་དེ་ལྟར་རིམ་གྱིས་ཁོ་དང་རིང་དུ་གྱེས་པ་དང་ཡུད་ཙམ་གྱི་རྗེས་ནས་མར་ནང་ལུང་པའི་སྟོད་སྨད་བར་གསུམ་དུ་གྲིབ་སོ་ནག་པོ་ཞིག་གིས་ཡོངས་སུ་བསྐོན་སོང”ཞེས་པ་ལྟ་བུའི་ཞིབ་འབྲི་གཉིས་གཅིག་མཐུན་དུ་བཟླས་པ་འདི་དང་།    ཡང་དཔེར་ན། 《བོད་ཀྱི་གཅེས་ཕྲུག》ཏུ།    “སྐབས་ཤིག་ལ་མར་ནང་ལུང་པའི་ཕུ་ཞིག་ནས་སྒོ་ཁྱིའི་ཟུག་སྐད་རེ་གཉིས་མཆེད་ཡོང་བ་དང་།  དེ་ཡང་དེ་ལྟར་མཚན་གྱི་མུན་པའི་གཏིང་མཐའ་ཞིག་ནས་མཆེད་ཡོང་བ་དང་མཚུངས་ཤིང་།  ཡང་ན་སྐྱེ་བ་འདིའི་གོང་རོལ་ཞིག་ནས་མཆེད་ཡོང་བ་དང་འདྲ”ཞེས་པ་ལྟ་བུ་ཁོང་གི་སྒྲུང་གཏམ་གཞན་ལའང་ཇི་བཞིན་དུ་འབྱུང་བ་འདི་དག་ཐམས་ཅད།  ཁོང་ཉིད་རྗོད་བྱེད་ཚིག་གིས་ཕོངས་པ་མ་ཡིན་པར། གསེར་ལྟར་བཙགས་པའི་ཚིག་སྦྱོར་གྱི་ཞུན་མ་དེར་ཞེ་རྩིས་ཆེན་པོ་མཆིས་པ་ལས་གཞན་ཡང་།    རྩོམ་པ་པོ་ཁོང་གིས་དུས་སྔ་མོ་ནས་རང་ཁྱད་ཅན་གྱི་བརྗོད་པ་ཞིག་སྙེག་པའི་སྒྲུབ་བྱེད་ཉག་ཅིག་ཏུ་འགྲོ་བར་ངེས།  བརྗོད་པ་དེ་དག་ལ“ཉེར་བསྟན”གྱི་དོན་སྙིང་ཡོད་མེད་གང་ཡང་རུང་།  ཞིབ་འབྲི་དང་ཉམས་ཀྱི་ཆ་ནས་ལྷ་བྱམས་རྒྱལ་ཁོང་ཉིད་ཀྱི་རྟགས་མཚན་གསལ་བའི་ལྟས་སུ་འཁུམས་ཏེ།  དཔེར་ན་སྒོ་ཁྱི་དང་འབྲེལ་བའི་བརྗོད་པ་ཅི་རིགས་ཀྱིས་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཡིད་ལ་འཁོར་བ་དང་།  གྲོ་ཞིང་ཁ་དང་འབྲེལ་བའི་བརྗོད་པ་ཅི་རིགས་ཀྱིས་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་གཏམ་སེམས་སུ་དྲན་པ་བཞིན་ནོ། །ཡང་དཔེར་ན།  རྩོམ་འདིའི་ཁ་བྱང་དུ་དྲངས་པ་ལྟར།  རླུང་དང་དུས་ཚོད།  ལམ་གྱི་ཉི་འོད་དང་འབྲེལ་བའི་བརྗོད་པ་ཅི་རིགས་ཀྱིས་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ཞེ་ལ་བརྣགས་པར་འགྱུར་རོ། །དེ་ནི་སྙན་ངག་པ་ལ་ལ་ཡིད་བརྙན་གཅིག་ཏུ་གོམས་ཤིང་ཤེས་བཞིན་གྱིས་འཇུག་པ་ལྟ་བུའང་ངོ་།།

དེ་ལྟར་སྒྲུང་གཏམ་གྱི་རྗོད་བྱེད་དུ་གྱུར་པའི་མི་སྣ་ཕན་ཚུན་གྱི་ཁ་བརྡར་ཡང་ཁྱད་ཆོས་གཞན་དང་མི་མཐུན་པ་ཞིག་མཆིས་ཏེ།  དཔེར་ན།《བོད་ཀྱི་གཅེས་ཕྲུག》གི(མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ་དྲུག་པར)ཤོག་ངོས242དང243གྱི་མཚམས་དང་།《དབུས་ལམ་རིང་མོ》ཞེས་པའི་སྒྲུང་གཏམ་གྱི་མི་སྣའི་ཁ་བརྡ་ཁྲོད་དུ།  མི་སྣ་ཕན་ཚུན་གྱི་ཁ་བརྡ་དེ་གཅིག་འཕྲོར་གཅིག་གིས་མཐུད་པ་ཞིག་མ་ཡིན་པར།  འགལ་བ་དང་ཆད་ལྷག  དོན་གཞན་འདྲེན་པ་སོགས་ཀྱིས་གྲུབ་པ་དེའི་རིགས་ནི་བོད་ཀྱི་རྩོམ་པ་པོའི་ཁྲོད་དུ་སྟག་འབུམ་རྒྱལ་སོགས་རེ་གཉིས་ལས་གཞན་ཁོ་བོས་ད་སྔ་མང་དུ་མཐོང་མ་མྱོང་།  དེ་ནི་མི་སྣའི་ཁ་བརྡ་གྲུབ་ཚུལ་གྱི་སྒྱུ་རྩལ་ཞིག་དང་སྒྲུང་གཏམ་ལ་གསོན་ཉམས་རྒྱས་པའི་རྒྱུ་གལ་ཆེན་ཞིག་རེད་དེ།  ཞིབ་པར་སྐབས་དོན་གཞན་དུ་འཆད་པར་འགྱུར།

ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་གྱི་གནས་ཡུལ་ནི་སྤྱི་ཕྱོགས་ནས་མར་ནང་གྲོང་ཚོ་དང་དབུས་འགྱུར་ལྷ་ས།  གཞན་ད་ལྟའི་ལས་གནས་ཏེ་གྲོང་ཁྱེར་པེ་ཅིན་གསུམ་དང་འབྲེལ་བ་ཡོད་པ་ཞིག་རེད།  བྱེ་བྲག་ཏུ་ལྷ་ཀླུ་ཟམ་ཁ་དང་ནང་མ་ཁང་། རླངས་འཁོར་ཁྲུས་ཁང་། ལམ་གྱི་བཞི་མདོ་སོགས་བདམས་ཡོད་དེ། གནས་ཡུལ་གདམ་གསེས་བྱ་རྒྱུ་དེ་ཡང་ཧ་ཅང་གལ་ཆེན་ཞིག་ཡིན་པ་སྨོས་མེད་རེད་ལ། དེ་སྔ་རྩོམ་པ་པོ་ཁོང་དང་གླེང་གཞི་གཅིག་ཏུ་མོལ་ཅིང་དྲན་ཚུལ་ཐུན་མོང་དུ་སོང་བའི་རིགས་དག་འདིར་ཚིག་ཚོགས་མང་དོགས་ཏེ་རེ་ཞིག་བསྐྱུངས་པའོ། །

གཞན་ཡང་།  ལྷ་བྱམས་རྒྱལ་ནི་སེམས་ཁམས་ཅི་རིགས་སྙན་ངག་གི་ལམ་ནས་འབྲི་བའི་སྒྲུང་གཏམ་པ་ཞིག་ཡིན་པ་ལས།  ཆེད་དུ་མི་སྣའི་སྣང་བརྙན་བསྐྲུན་པར་འབད་མཁན་ཞིག་ཡེ་ནས་མ་རེད།  འོན་ཏེ་ཁོང་གིས་སྒྲུང་གཏམ་རབ་དང་རིམ་པ་བྲིས་པའི་ཁྲོད་དུ།  མ་བསམས་ས་ནས་རྩོམ་པ་པོ་ཁོང་ལའང་རིམ་བཞིན“ཉེ་གཞི་རྩ་ལག”དང་བཅས་པའི་མི་སྣའི་ཐོག་མའི་རྣམ་པ་ཞིག་ཆགས་དང་འཆག་བཞིན་འདུག་པ་སྟེ།  དཔེར་ན་ཕུན་རྣམ་དང་གསལ་སྒྲོན་ལྟ་བུ་རེད།    ཕུན་རྣམ་དེ《ལམ་གྱི་ཉི་འོད》དུ་བྱུང་བར་མ་ཟད། 《གཉིད་དུ་ཡུར་བའི་ཆུར》ཡང་རང་བཞིན་གྱིས་ཐོན་འདུག་ལ།  གསལ་སྒྲོན་ཡང《བོད་ཀྱི་གཅེས་ཕྲུག་ཏུ》མངོན་པར་མ་ཟད། 《རྨ་འགྲམ་གྱི་ལྗོན་པ་ཁེར་སྐྱེས》སུའང་བྲིས་འདུག  འོ་ན།  མི་སྣ་གཅིག་དེ་སྒྲུང་གཏམ་ཕན་ཚུན་དུ་ཕྲེང་སྦྲེལ་གྱིས་བྱུང་བ་དེས། ལྷ་བྱམས་རྒྱལ་ཁོང་གི་དུས་ཕྱིས་ཀྱི་གསར་རྩོམ་ལ་སྒུལ་ཤུགས་ཆེན་པོ་ཞིག་དང་གོ་སྐབས་ཡངས་པོ་ཞིག་ཐོབ་པར་གདོན་མི་ཟ། གལ་སྲིད་ཕུན་རྣམ་དང་གསལ་སྒྲོན་སོགས་སྔར་ཡོད་ཀྱི་མི་སྣ་རྣམས་ལ་མུ་མཐུད་དུ“གཟིགས་སྐྱོང”གང་ལེགས་གནང་བ་གཞིར་བྱས།  དཔལ་དབྱངས་དང་འཇིགས་མེད་སོགས་ཕྱིས་འབྱོར་པ་དག་ལའང་འཐུས་ཤོར་མེད་པའི་སྒོ་ནས“གཉོར་སྐྱོང”གང་གཟབ་བགྱིས་ཚེ།  མ་འོངས་པར་ལྷ་བྱམས་རྒྱལ་ཁོང་གིས་བོད་ཀྱི་རྩོམ་སྟེགས་སུ་རང་ཉིད་ཀྱི“མི་སྣའི་ཁྱིམ་རྒྱུད”ཅིག་འགྲེང་ཚུགས་ཀྱིས་བཞེང་ཐུབ་པར་ཡིད་ཆེས་ཟབ་མོ་ཡོད་དོ།  །དཔེར་ན། 《ལམ་གྱི་ཉི་འོད》ཀྱི་མུ་འབྲེལ་གཉིས་པར་གྲུབ་པའི་སྒྲུང་གཏམ《གཉིད་དུ་ཡུར་བའི་ཆུ》ལྟ་བུར་མཚོན་ན།  འབྱུང་བ་མེ་དང་ཆུ་གཉིས་ཁ་སྤྲོད་དུ་བྱུང་བ་བཞིན།  མུ་འབྲེལ་གསུམ་པར་འབྱུང་བ་ས་དང་རླུང་སོགས་ཀྱང་བྲི་རུང་ཞིང་།  མི་སྣ་གསལ་སྒྲོན་ལྟ་བུ་བར་དུ་བཅུག་ནས་འགལ་འབྲེལ་གྱི་ལྟད་མོ་ཅི་རིགས་བཤམ་ཆོག་སྟེ།  མི་སྣ་དེ་དག་གི་རུས་སྒྲོམ་གྱི་ཆ་ཇེ་ཚང་དང་ཤ་རྒྱུས་ཀྱི་གནད་ཇེ་དམ་དུ་འགྲོ་བར་མཐུན་རྐྱེན་གང་མང་བསྐྲུན་འོས་སོ་ཞེས་པ་ཡང་ཞར་བྱུང་དུ་སྨྲས་པ་ཙམ་མོ།།

ལྔ་པ།

འདི་བཞིན་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་གྱི་ཁ་བྱང་དང་བརྗོད་བྱ། རྗོད་སྟངས་བཅས་ཀྱི་ཐད་ནས་རགས་རིམ་ཙམ་གླེངས་པའི་མཐར།  ད་ནི་ཁོང་གི་བརྗོད་སྙིང་གི་ཕྱོགས་སུ་ཅུང་ཙམ་འཇུག་པ་ལ། སྤྱིར་བཏང་ལྷ་བྱམས་རྒྱལ་དང་བཅས་པའི་སྒྲུང་གཏམ་གྱི་བརྗོད་སྙིང་ལ་འཇུག་པ་ནི་ཁོ་བོར་མཚོན་ན་ཅུང་ཞེ་འཚེར་ཞིང་བློ་མི་བདེ་བའི་དོན་དག་ཅིག་ཏུ་བསམས་ཡོད། དེ་བས་ད་སྔ་ཡན་ཆད་དུ་བྲིས་པའི་དཔྱད་བརྗོད་ཅི་རིགས་སུ་རྩོམ་རིག་རང་མཚན་པའི་ཕྱོགས་སུ་གཞོལ་ཅི་ཐུབ་བྱས་པ་ལས།  དེའི་འཕྲོས་ཀྱི་བརྗོད་སྙིང་སོགས་ནི་རིག་གནས་བསམ་བློ་གང་མང་དང་འབྲེལ་བས། དགོས་མེད་ཀྱི་གོམ་ཐག་རྒྱང་རིང་བ་ཞིག་ཏུ་བགྲོད་པར་དོགས་ཏེ་གཡོལ་ཅི་ཐུབ་དང་སྐུང་ཅི་ནུས་བྱས་པ་ཡིན།  ཡང་གཅིག་བཤད་ན། སྔོན་གྱི་དུས་སུ་བརྗོད་བྱ་འདེམ་སྟངས་དང་བརྗོད་སྙིང་འགྲེལ་ཚུལ་གྱི་ངོས་ཐད་ནས།  འགྲེལ་རུང་བ་དང་ཆིག་རྐྱང་བའི་རྣམ་པར་གནས་ཤིང་།  ད་ལྟའི་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་གྱིས་ཁྱད་ཆོས་དེ་དག་ལྷུར་མི་ལེན་པར་ཅུང་ཟད་གབ་སྦས་དང་མངོན་ཆུང་གི་ཚུལ་དུ་བྱས་པའམ་ལྡེམ་དགོངས་ཅན་དུ་བྲིས་སྣང་བས།  ཀློག་པ་པོར་ཆ་མེད་རྒྱུས་མེད་ཀྱི་སྣང་བ་ཞིག་བསྐྲུན་རྒྱུ་དེ་དགོས་གལ་ཆེན་པོར་རྩི་བཞིན་པའི་ཟོལ་འདུག  དེས་ན་ཆ་མེད་ཅན་དུ་བསྒྱུར་པ་འདི་ཡང་སྒྲུང་གཏམ་གསར་རྩོམ་གྱི་དགེ་མཚན་ཆེན་པོ་ཞིག་ཏུ་མཐོང་ཞེས་ཁོ་བོས་འདོད་དོ། །ཆ་མེད་ཅན་དུ་སྣང་ཕྱིར།  དེའི་བརྗོད་སྙིང་ཡང་སྣང་ལ་མ་ངེས་པའི་ཚད་དུ་འཇོག་པ་ལས།  འབྲུ་ནག་གདོང་འདེད་ལྟ་བུའི་དཔྱད་བརྗོད་ཀྱི་ངལ་བ་སྤངས་ཤིང་དེའི་འོས་བབ་ཁྱོན་ནས་མ་མཆིས་པར་སྙམ། 

 ཁོང་གི་སྒྲུང་གཏམ་གྱི་གནས་ཡུལ་ཕལ་ཆེ་བ་མར་ནང་གྲོང་ཚོ་དང་གྲོང་ཁྱེར་པེ་ཅིན། དབུས་འགྱུར་ལྷ་ས་བཅས་གསུམ་ཡིན་ལ། གནས་དེ་གསུམ་དང་འབྲེལ་ཏེ།  ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ཧྲིལ་པོར་ཡང་ཡང་བརྟགས་ན། ཁོང་གིས་སྟོན་འདོད་པ་ནི་འཚར་ལོངས་དང་བྲོས་བྱོལ།  སུན་སྣང་དང་ཁེར་རྐྱང་། ངོས་གཉིས་སུ་གྱེས་པ།  རང་ཉིད་འཚོལ་བ།    གཏོལ་མེད་པ། འགྲོ་འདོད་པ།  ཕྱིར་ལྡོག་པ།  དེའི་གོ་རིམ་དུ་བྱུང་བའི་ཁེར་རྐྱང་དང་འཁང་ར།  བློ་ཕམ་དང་སྟོབས་ཤུགས་བཅས་ཀྱིས་གྲུབ་པའི་བརྗོད་སྙིང་ཕུན་སུམ་ཚོགས་པ་ཞིག་རེད།   བརྗོད་སྙིང་འདི་དག་བརྗོད་བྱ་དང་འབྲེལ་ཞིང་།  བརྗོད་བྱ་དེ་དག་ཁོང་གི་སྒྲུང་གཏམ་གྱི་ཁ་བྱང་དང་འབྲེལ་བར་གྲུབ་པ་ཞིག་གོ །དེའི་སྐོར་རྩོམ་འདིའི་ས་བཅད་དང་པོར་བྲིས་པ་བཞིན་ནོ།། 

ད་ལྟ།  ཕ་ཡུལ་དང་ཁ་བྲལ་བའི་ཁྱུ་ཚོགས་ཆེན་པོ་ཞིག་ངང་གིས་བསྐྱེད་པའི་གོ་རིམ་ཁྲོད་དུ།  རྣོ་ལྕགས་ཨར་འདམ་གྱིས་གྲུབ་པའི་གྲོང་ཁྱེར་པ་སྐོར་ཞིག་ཀྱང་རིམ་གྱིས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་རྟེན་འབྲེལ་འགྲིག་ནའང་།  ཤ་གསེང་རུས་ཁོང་དུ་ཐིམ་པའི་ཕ་ཡུལ་དེ།  ད་ནི་སྔོན་ཆད་བཞིན་རྗེས་ལུས་དང་རྨོངས་དད་ཁོ་ནའི་དྲན་ཤིང་ཙམ་མ་ཡིན་པར།  དྭངས་གཙང་དང་ལྷད་མེད་ཀྱི་ངོ་བོ་ལྟ་བུར་གྲུབ་པ་རེད།  འདི་ནི་གཞན་གྱི་མཐོང་ལུགས་དང་རང་གི་ལྟ་སྟངས་གཉིས་ལ་འགྱུར་ལྡོག་བྱུང་བ་དང་།  གཞན་གྱི་ཟེར་སྒྲོས་དང་རང་གི་སྨྲ་ལྕེ་གཉིས་གོ་བརྗེས་པ་དང་།  གོ་ལ་རིལ་མོ་སྡེ་ཆེན་པོ་གཅིག་ཏུ་འདྲིལ་བ་དང་།  བདག་ཉིད་གཅིག་པུ་གཞན་གྱི་ཚོགས་ཞིང་ཆེན་པོར་ཕྱོགས་པ་དང་།  ཡང་ན།  ཤུལ་ལུས་ཀྱི་འཁུན་སྒྲ། འགྲོ་འདོད་ཀྱི་ཧམ་སེམས།   ལྡོག་འདོད་ཀྱི་སྨྲེ་ངག་བཅས་ཕྱོགས་དུ་མས་གྲུབ་པ་ཞིག་ཀྱང་རེད། 

རྣོ་ལྕགས་ཨར་འདམ་གྱིས་ལུས་སེམས་བསྣད་པའི་ལོ་དང་ཟླ་བ་དག་ཏུ།  ཆེས་ཐོག་མར་ཕ་ཡུལ་དུ་ལྡོག་མཁན་ནི་ཆེས་ཐོག་མར་ཕ་ཡུལ་དང་ཁ་འབྲལ་འདོད་པའམ་ཡང་ན་ཕ་ཡུལ་ནས་བྲོས་བྱོལ་དུ་ཕྱིན་པ་དེ་དག་རེད།  འདི་ནི་དོན་གྱིས་དགོད་བྲོ་ལ་ངུ་ཡང་སྐྱེན་པའི་བརྗོད་གཞི་ཞིག་རེད་ལ།  ང་ཚོས་ནམ་ཡང་ཐག་གིས་ཆོད་དཀའ་བའི“མཚན་ཉིད་རིག་པའི”གནད་དོན་ཞིག་ཀྱང་ངོ་།  ། ཁོང་གི《བོད་ཀྱི་གཅེས་ཕྲུག》དང《དབུས་ལམ་རིང་མོ》བཅས་པར་མཚོན་ན།  མི་སྣ་དེ་དག་དང་པོ་ཕ་ཡུལ་དང་ཁ་འབྲལ་འདོད་ཀྱི་ཞེན་པ་ཆེ་ཞིང་། བྲལ་པའི་མཐའ་མར་ཕྱིར་ཕ་ཡུལ་དུ་ལྡོག་འདོད་ཆེས་ཆེ་བའང་མི་སྣ་དེ་ཚོ་ལས་མ་འདས། ཡིན་ནའང་།  ཁོ་ཚོ་ཕྱིར་ཕ་ཡུལ་དུ་ལྡོག་པའི་ལམ་ཁར་ཅི་འདྲས་དཀའ་ཁག་གིས་ཁེངས་ཡོད་པ་ཞིག་རེད་ཨང་།  འབྲལ་ལྡོག་གཉིས་ཀྱི་བར་དུ།  ཁོ་ཚོར་འཚོལ་སྙེག་དང་ཕྱིར་རྟོག་མཆིས་ལ།  འཁང་ར་དང་སྡུག་ཡུས་ཀྱང་བགྲང་དུ་མེད།  འདི་ནི་རང་རང་གི་བཅོས་ལས་རེད་དམ་བསྐོས་ཐང་རེད། 

སྔོན་གྱི་སྒྲུང་གཏམ་དག་ཏུ།  ཕ་ཡུལ་དང་ཁ་འབྲལ་འདོད་པ་དང་།  ཕ་ཡུལ་དང་ཁ་འབྲལ་ཐབས་བྱེད་པ་དང་།  ཡང་ན། ཕ་ཡུལ་ལ་སྡང་སྡིག་དང་འཕྱ་དམོད།  མཐོང་ཆུང་བཅས་ཀྱི་རྣམ་འགྱུར་འཛིན་པའི་མི་སྣ་ཅི་རིགས་མཆིས་པ་ནི། ད་ལྟའི་ལྷ་བྱམས་རྒྱལ་གྱི་མི་སྣ་ཕལ་མོ་ཆེ་དང་རྦད་དེ་ཁ་ཁར་སོང་བའི་ཉམས་སྣང་སྟེར། འདི་ཡང་དུས་ཚོད་ཟེར་བའི་གཟུགས་མེད་ཀྱི་སྟོབས་ཤུགས་དེས་སྲིན་ལག་རིང་མོ་བསྲིངས་པས་མ་ཡིན་ནམ།  ཉི་མ་དོན་གྲུབ་དང་གསལ་སྒྲོན་སོགས་ཀྱིས་དུས་ནམ་ཡང་ཕ་ཡུལ་ཞེ་ལ་བཅགས་ཤིང་།  ཇི་ལྟར་ཞེ་ལ་བཅགས་པ་དེ་ལྟར་དུ་ཕ་ཡུལ་གྱི་ལམ་སྣེ་ཟིན་མི་ཐུབ་པ་ནི་སྐྱོ་གར་ཆེན་པོ་ཞིག་མ་ཡིན་ནམ།  དེ་ནི་འཚར་ལོངས་བྱུང་བ་དང་ནར་སོན་པའི་རིན་དོད་ལྕི་མོ་ཞིག་ཀྱང་རེད་དོ།།

ཕ་ཡུལ་དུ་ལྡོག་པའི་བརྗོད་སྙིང་དེ་ལས་གཞན།  འཚར་ལོངས་དང་ནར་སོན་པ་ནི་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་གྱི་བརྗོད་སྙིང་གཞན་གལ་ཆེན་ཞིག་རེད།  ནམ་ཡང་འཚར་ལོངས་འབྱུང་འདོད་པའི་སེམས་ཁམས་དེ་ཁོང་གི་སྒྲུང་གཏམ《ནུབ་ཀྱི་སྐར་མ》དང《རྨ་འགྲམ་གྱི་ལྗོན་པ་ཁེར་སྐྱེས》ལྟ་བུར་གསལ་བོར་མཐོང་ཞིང་།  ཤུགས་སུ་ང་ཚོ་འཚར་ལོངས་འབྱུང་འདོད་པ་དང་ན་སྨིན་པའི་དུས་རབས་ཤིག་ལ་རེ་བ་དང་།  དཔའ་བོ་མེད་པའི་དུས་རབས་སུ་དཔའ་བོ་འཁྲུང་བར་རེ་བའི་སེམས་འདུན་དང་བཅས་དཀྱུས་གཅིག་ཏུ་སོང་ཡོད།  ཡིན་ནའང་།  འཚར་ལོངས་དང་ནར་སོན་པའི་གོ་རིམ་ཁྲོད་དུ།   ང་ཚོ་ནམ་ཡང་མགོན་མེད་སྐྱབས་མེད་དང་ཁེར་རྐྱང་གཏད་མེད་ཀྱི་ངང་དུ་ལུས་ཤིང་།  རང་ཉིད་ངོས་གཉིས་སུ་འགྱུར་བ་དང་རང་ཉིད་སུ་ཡིན་པ་མི་ཤེས་པ་དང་།  ལུས་སེམས་གཉིས་ཁ་ཁར་འགྱེ་བ་སོགས་ཀྱི་སྡུག་བསྔལ་གྱིས་ཡོངས་སུ་མནར་འདུག  དེ་དག་ནི་ཁོང་གི་སྒྲུང་གཏམ《བོད་ཀྱི་གཅེས་ཕྲུག》ཅེས་པ་དང《ང་ནི་ཡར་འབྲོག་གཡུ་མཚོ་ནང་གི་ཉ་ཞིག་ཡིན》ཞེས་པ་སོགས་གཙོར་བྱས་ཀྱིས་ལྟོས་དང་གསལ་བོར་མཐོང་ཡོང་ངེས།

ཚུལ་དེར་བསམས་ན།  ཁོང་གིས་སྡུག་བསྔལ་དེ་དག་སེལ་བའི་གཉེན་པོ་དང་ཕྱོགས་སྟོན་གྱི་འཁོར་ལོ་ལྟ་བུ་ཞིག་ཀྱང་བཙལ་འཚོལ་བྱེད་ཅིང་མཆིས་ཏེ། ཕྱོགས་སྟོན་གྱི་འཁོར་ལོ་དེ་ནི《ནུབ་ཀྱི་སྐར་མའི》ཁྲོད་ཕ་རྒན་གྱིས་མཚོན་པའི་སྐྱེས་པ་ཕོ་ཡི་སྟོབས་ཤུགས་དང་།《དབུས་ལམ་རིང་མོའི》ཁྲོད་དགེ་བཤེས་ཡོན་ཏན་བཟང་པོས་མཚོན་པའི་མེས་པོའི་ཟིལ་ཤུགས་གང་རུང་སྟེ།  ཕ་རྒན་ནམ་ཡབ་མེས་ཀྱི་བསྡུས་གཟུགས་སུ་གྲུབ་པའི་སྙིང་སྟོབས་རིགས་ཤིག་རེད།  ཕུགས་འདུན་ཁྲོད་ཀྱི་སྟོབས་ཤུགས་དང་དཔའ་སྤོབས་དེ་དག་ནི་ཆུ་བོའི་མགོ་ཁུངས་སྙེག་པ་ལྟར།  རིགས་རྒྱུད་ཅིག་གི་གདོད་མའི་གསང་གྲངས་རིགས་ཤིག་དང་འདྲེས་ཡོད་ལ། གསང་གྲངས་དེ་ནི་ཁོང་ཉིད་ཕ་ཡུལ་དུ་ལྡོག་པའི་ལྡེ་མིག་གལ་ཆེན་ཞིག་ཏུ་སྣང་བར་མ་ཟད།  འདིར་སྣང་གི་མནར་གཅོད་དང་གོད་ཆག ཕམ་ཁ་དང་མུན་ནག་བཅས་པར་གདོང་གཏོད་བྱེད་ཀྱི“ནུབ་ཀྱི་སྐར་མ་མཛོ་རྒན”ལྟ་བུ་དེ་རེད་འདུག  འདི་ནི་སྒྲུང་གཏམ་ལས་འདས་པའི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྲུབ་པ་སུས་ཀྱང་བསྙོན་དུ་མེད།

འཚར་ལོངས་ནི་ཁོང་གི་བརྗོད་སྙིང་གལ་ཆེན་ཞིག་ཡིན་པ་ཇི་བཞིན་དུ།  ནར་སོན་པ་དང་ན་སྨིན་པ་ནི་ཁོང་ལ་མཚོན་ན་མི་ཚེའི་བྱབས་ཁྲུས་ཐེངས་ཤིག་རེད།  དེ་ནས་བཟུང་སྟེ།  བློ་ཕ་ལ་མི་འདྲི་ཞིང་བྲོ་མ་ལ་མི་སློང་བའི་དར་མའི་དུས་རབས་སུ་སླེབས་ཟིན། ཡིན་ནའང་།  སྐབས་དེར་ཕྱིར་འཁོར་ནས་ཕ་ཡུལ་དུ་ལྡོག་འདོད་སྐྱེས་པ་འདི་ནི་ང་ཚོས་རང་ཉིད་ཀྱི་བོར་ཟིན་པའི“བྱིས་པའི་དུས་སྐབས”འཚོལ་བའི་འགྲུལ་བཞུད་རིང་མོ་ཞིག་ཅི་ལ་མིན། དེ་ནི་ང་ཚོ་རང་སྟེང་ནས་ཅི་ཞིག་འབོར་གྱིན་པ་དང་གང་ཞིག་འཛད་ཀྱིན་པའི་སྡུག་བསྔལ་འབའ་ཞིག་ཀྱང་ངོ་།།

 དྲུག་པ།

དེས་ན་རྩོམ་འདིའི་མགོ་ནི་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་གྱི་ཁ་བྱང་ལས་བརྩམས་ཤིང་། བར་དུ་བརྗོད་བྱ་རྗོད་བྱེད་དང་བརྗོད་སྙིང་བཅས་པ་དཀྱུས་གཅིག་ཏུ་བྲིས་ཏེ།  མཐར་རྩོམ་ཡིག་འདིའི་མཇུག་བསྡུ་ལ་ཉེ་བའི་གོ་སྐབས་འདིར་བརྟེན།  ལྷ་བྱམས་རྒྱལ་ཁོང་གི་སྒྲུང་གཏམ་གྱི་མཇུག་སྡུད་ཚུལ་དང་འབྲེལ་བློས་བསླངས་དང་སྒྲིག་གཞི་སོགས་ཀྱང་ཅི་དྲན་གང་དྲན་དུ་གླེང་བར་བྱའོ།།

ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་གྱི་མགོ་རྩོམ་ཚུལ་དང་མཇུག་སྡུད་སྟངས།  བློས་བསླངས་བཅས་ཀྱི་ཐད་དུའང་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཆིས་པར་སྙམ།  ཁོང་གི་སྒྲུང་གཏམ་གྱི་མཇུག་སྡུད་སྟངས་ཐད་ནས་བཤད་ན། ཕལ་མོ་ཆེ་ནི་ཁ་སྦུབ་པ་ཞིག་མ་ཡིན་པར་དེ་ལས་ཀྱང་གཡེལ་ཆེ་བ་ཞིག་རེད།  དཔེར་ན། 《ལམ་གྱི་ཉི་འོད》དང《གཉིད་དུ་ཡུར་བའི་ཆུ》གཉིས་ལ་མཚོན་ན།  དེ་གཉིས་ནི་མུ་འབྲེལ་སྒྲུང་གཏམ་ལྟ་བུར་སོང་འདུག་ཅིང་།  ཕྱི་མ་ནི་སྔ་མའི་མཚེ་མ་དང་ལྷན་ཐབས་ལྟ་བུ་རེད།  ཐ་ན་རྩོམ་ཉམས་དང་རྗོད་སྟངས་བཅས་ཀྱི་ཆ་ནས་ཀྱང་ཆུ་ལ་ཆུ་བཞག་གི་ངང་ཚུལ་དུ་སོང་འདུག་པ་ཡང་།  ཕལ་མོ་ཆེས་ག་ལ་ནུས་ཏེ་མི་ནུས་སོ།།

 ད་ལྟ་འདང་བརྒྱབ་ན་དེ་ནི་སྟེས་དབང་ཞིག་ཁྱོན་ནས་མ་ཡིན་པར།  ལྷ་བྱམས་རྒྱལ་ཁོང་གི་བློས་བསླངས་དང་མཇུག་སྡུད་སྟངས་ལ་འབྲེལ་བས་གྲུབ་པ་ཞིག་རེད།  གལ་སྲིད《ལམ་གྱི་ཉི་འོད》དེའི་མཇུག་སྡུད་སྟངས་སྣོད་ཁ་སྦུབ་པ་ལྟ་བུ་ཞིག་ཏུ་བྲིས་ཚེ།  གལ་སྲིད་ལྷ་བྱམས་རྒྱལ་ཁོང་ལ་དུས་སྔ་མོ་ནས་བློས་བསླངས་ཕུགས་རིང་བོ་དེ་འདྲ་ཞིག་མེད་ཚེ།  ད་ལྟའི《གཉིད་དུ་ཡུར་བའི་ཆུ》ཞེས་པའི་སྒྲུང་གཏམ་འདི་འབྱུང་མི་སྲིད་ཅིང་། འདི་ནི་རྩོམ་པ་པོ་ཁོང་གི་སྒྲུང་གཏམ་གྱི་འཇོན་ཐང་དང་བསམ་བཀོད་ཡངས་པོར་དེར་རག་ལས་པ་སྨོས་མེད་རེད། དེ་མིན།  མི་ལོ་དུ་མའི་གོང་རོལ་ཏུ་བྲིས་པ་ཞིག་ལ།  ད་ལྟ་དེའི་མུ་འབྲེལ་དུ་གྱུར་པའི་གཏམ་རྒྱུད་ཅིག་འབྲི་རྒྱུ་ཟེར་ན་ཅུང་ཁག་པའི་གནས་མ་ཡིན་ནམ།  དེར་མ་ཟད།  སྒྲུང་གཏམ་འདིའི་མཇུག་སྡུད་སྟངས་ལ་བལྟས་ན་ད་དུང་མུ་མཐུད་དུ་བྲིས་ཆོག་པ་ཞིག་ཏུའང་སྣང་།《གཉིད་དུ་ཡུར་བའི་ཆུ》ཞེས་པའི་མཇུག་སྡུད་སྟངས་ནི་བློས་བསླངས་མཚར་པོ་ཞིག་སྟེ།  དེར་མི་སྣ་དོན་རྐྱེན་བཅས་ཕྱོགས་གཅིག་ཏུ་བསྡུས་པའི་ཁྱད་ཆོས་མཆིས་ཤིང་། དེ་ཡང་ཁ་ནང་དུ་བསྡུས་ཤིང་རྫོགས་ཚིག་ལྟ་བུ་ཞིག་མ་ཡིན་པར།  ཕྱིར་ཆེས་ཆེར་གཡེལ་བའི་ནང་མཛོད་དམ་དབུ་ཁྱུད་ཅིག་དང་འདྲ་བར།  གཏམ་རྒྱུད་གཞན་ཞིག་གི་མགོ་ད་གཟོད་བརྩམས་པའི་སྣང་བ་བཅོས་མིན་དུ་སྟེར་བར་བྱེད།

 གོང་དུ་སྨྲས་པ་བཞིན།  མུ་འབྲེལ་དུ་གྲུབ་པའི་སྒྲུང་གཏམ་གསུམ་པར《བོད་ཀྱི་གཅེས་ཕྲུག》དང《རྨ་འགྲམ་གྱི་ལྗོན་པ་ཁེར་སྐྱེས》《ལོ་དེ་ལ》བཅས་ཀྱི་ཁྲོད་མངོན་པའི་མི་སྣ་གསལ་སྒྲོན་སོགས་འབྱུང་ཆོག་ཆོག་རེད་ལ།  དེ་ལྟའི་གར་སྟེགས་ཤིག་བསྐྲུན་ཏེ་མི་སྣ་གཙོ་ཤོས་དག་ཟླ་བསྒྲིལ་གྱིས་གྲལ་གཅིག་ཏུ་བསྡུས་ཚེ། ལྷ་བྱམས་རྒྱལ་ཁོང་གི་སྒྲུང་གཏམ་གྱི་ལམ་ཁ་ཇེ་ཡངས་ནས་ཇེ་ཡངས་དང་།  རིགས་ལམ་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་ཐུབ་པ་སྨོས་ཅི་དགོས།

ཁོང་གི་སྒྲུང་གཏམ་གྱི་མཇུག་སྡུད་སྟངས་ཐད་རྫོགས་ཚིག་ཅིག་མིན་པར་གཡེལ་ཆེ་ཞིང་ཁ་སྐོང་ཅན་དུ་གནས་པ་དེས་ནི་ཀློག་པ་པོར་བསམ་གཞིག་གི་གོ་སྐབས་མང་དུ་བྱིན་ཡོད་ལ།  དེང་གི་སྒྲུང་གཏམ་གྱི་མཇུག་སྡུད་སྟངས་རྫོགས་ཚིག་ཅན་དང་ཁ་ནང་དུ་རུབ་པའི་རིགས་དང་ཅུང་ཁྱད་པར་ཤོར་འདུག 《དབུས་ལམ་རིང་མོ》ཡིན་ནའང་ཆོག  《གཉིད་དུ་ཡུར་བའི་ཆུ》ཡིན་ནའང་འདྲ།  ལྷག་ཏུ《བོད་ཀྱི་གཅེས་ཕྲུག》ལ་མཚོན་ན།  དང་པོ《སྦྲང་ཆར》དུ་སྒྲུང་འབྲིང་ཞིག་གི་ཚད་ནས་རང་གྲུབ་ཀྱིས་སྤེལ་པ་ཡིན།  ཕྱིས་སུ་སྨད་ཆ་བྲིས་པ་དང་བྲིས་ཆོག་པ་དེའང་མཐར་གཏུགས་ན་རྩོམ་པ་པོའི་སྔོན་འགྲོའི་བློས་བསླངས་དང་མཇུག་སྡུད་སྟངས་བཅས་པར་འབྲེལ་བ་ཡོད་པ་ཏན་ཏན་རེད།

ད་ནི་བློས་བསླངས་ཀྱི་སྐོར་ནས་བཤད་ན།  བློས་བསླངས་དེ་དག་ནི་ཕྱིའི་བློས་བསླངས་ཙམ་ཡིན་ལ།  ནང་གི་སྒྲིག་གཞིའི་ངོས་ཐད་དུ་གྱུར་པའི་བློས་བསླངས་ལ་མཚོན་ནའང་།  བྱུང་རིམ་གྱི་ནང་དུ་བྱུང་རིམ་གཞན་བཅུག་པ་དང་།  བྱུང་རིམ་གཅིག་གི་འཕྲོས་སུ་བྱུང་རིམ་གཞན་ཞིག་གབ་སྦས་ཀྱི་ཚུལ་དུ་བཞག་པ།  བྱུང་རིམ་གྱི་སྦྲེལ་ཐག་རིང་བར་དམྱུགས་པ་སོགས་ཀྱི་ཁྱད་ཆོས་ཤིན་ཏུ་མང་ལ།  མདོར་དྲིལ་ན།  ཁོང་གི་སྒྲུང་གཏམ་གྱི་སྒྲིག་གཞི་དེ་རིགས་ཆེ་བ་གཉིས་སམ་གསུམ་དུ་བསྡུས་ཆོག་སྟེ།  བསྐོར་བ་ཅན་དང་ལྡོག་པ་ཅན།  ཨ་ལོང་ཅན་བཅས་སོ།། 

བསྐོར་བ་ཅན་གྱི་རིགས་ལ།   《ལོ་དེ་ལ》ཞེས་པ་ལྟ་བུ་སྟེ།  “ལོ་དེ་ལ”ཞེས་པའི་ཚིག་དོན་ཡང་དང་བསྐྱར་དུ་བསྐོར་ཏེ་སྒྲུང་གཏམ་ཧྲིལ་བོ་གྲུབ་པར་བྱས་པ་ལྟ་བུའོ། །ཡང་ལྡོག་པ་ཅན་གྱི་རིགས་ལ། 《གཉིད་དུ་ཡུར་བའི་ཆུ》ལྟ་བུར།  “ལོ་གཅིག་གི་སྔོན་དུ”ཞེས་གཅིག་འཕྲོར་གཅིག་ལྡོག་ནས་སྒྲུང་གཏམ་ཧྲིལ་པོ་གྲུབ་པར་བྱས་པ་ལྟ་བུའོ། །ཡང་ཨ་ལོང་ཅན་གྱི་རིགས་ལ།  《བོད་ཀྱི་གཅེས་ཕྲུག》ལྟ་བུར།  “མི་ལོ་དུ་མའི་རྗེས་སུ”ཞེས་བྱུང་རིམ་གཅིག་གི་ནང་དུ་བྱུང་རིམ་གཞན་གཅིག་གམ་གཉིས་ཡན་ཆད་བཅུག་སྟེ་ཨ་ལོང་ཅན་དུ་གྲུབ་པར་བྱས་པ་ལྟ་བུའོ། །འདི་དག་ནི་སྒྲུང་གཏམ་གྱི་ཐབས་རྩལ་གྱི་དབང་དུ་སོང་ཞིང་།  ཡང་ན་སྒྲུང་གཏམ་གྱི“ཚིག་རྒྱན”དུ་གྱུར་པའི་ཤེས་བྱའི་རྣམ་གྲངས་ཀྱང་སྟེ།  བདག་ཅག་རྩོམ་པ་པོ་རྣམས་ཀྱིས་དང་པོ་ཉིད་ནས་དོ་སྣང་འབྱུང་འོས་པའི་རིགས་སོ།།

གཞན་ཡང་།  བྱེ་བྲག་གི་བྱུང་རིམ་བསྟར་ལུགས་ཐད་དུ།  འགལ་བ་ནས་འགལ་བ་བཟོ་བ་དང་དེ་ཉིད་འདུམ་པའམ་ཞི་བར་བྱེད་པ།   གབ་པ་ནས་སྦེད་པ་དང་དེ་ཉིད་མངོན་དུ་དབྱུང་བ་བཅས་ཀྱི་འབྲེལ་བ་འོས་ཤིང་འཚམ་པ་ཞིག་ཏུ་བཀོད་སྒྲིག་བྱས་ཡོད་པ་ནི། 《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པ་དང་།  པར་དུ་བསྐྲུན་འགྱུར་གྱི《དབུས་ལམ་རིང་མོ》ལྟ་བུར་ཤིན་ཏུ་མང་སྟེ།  དཔེར་ན། 《དབུས་ལམ་རིང་མོ》ལྟ་བུར།   ཞོགས་པའི་མཚམས་ནས་ཕྱི་དྲོའི་བར་དུ།   “གྱོན་པ་དམར་པོ”དེར་ཚོད་དཔག་བྱས་ཏེ།  སུང་སྒྲོལ་མ། ལིས་ཧྲ།  བཀྲ་ཤིས་མཚོ་མོ་བཅས་མི་སྣ་གསུམ་ག་ཡང་དང་བསྐྱར་དུ་བྲིས་ཤིང་།   “གྱོན་པ་དམར་པོ་གྱོན་མཁན”དེ་ཤུགས་སུ་སྦས་པ་ལྟ་བུ་རེད།  ཡང་སྒྲུང་གཏམ་འདིར། སུང་སྒྲོལ་མས་དང་པོའི་གནས་སྐབས་སུ་བོད་སྐད་བཤད་མི་ཤེས་པ་དང་མཚམས་ཤིག་ཏུ་གློར་རྡེག་ཏུ་བོད་སྐད་ཤོད་པར་གྱུར་པ་སོགས་ཏེ་འདིར་རེ་རེ་བཞིན་དཔེར་མ་དྲངས་སོ། །བྱུང་རིམ་ཕྱི་མའི་ཕྱི་མ་འོས་ཀྱིས་འགེབས་པ་དང་སྦེད་པ།  འགལ་བ་གཅིག་འཕྲོར་གཅིག་ཏུ་བསྟར་བ་དང་ཞི་བར་བྱེད་པའི་ཐབས་དེ་དག་ཁོང་གི་སྒྲུང་གཏམ《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པར་གཅིག་བསྡུས་ཀྱིས་འབྱུང་བ་མང་ཞིང་།  ཞིབ་པར་སྒྲུང་གཏམ་དེར་བལྟས་པས་འཐུས་སོ།།

བདུན་པ།

ཁོ་བོ་ཀློག་པ་པོ་ཕལ་བ་ཞིག་ཡིན་པའི་ཆ་ནས།  རྩོམ་པ་པོ་ཁོང་གི་མི་ལོ་ཉི་ཤུའི་སྒྲུང་གཏམ་གསར་རྩོམ་ལ་རྒྱུས་མངའ་ཆེ་ཞིང་བག་ཆགས་ཟབ་པ་ཙམ་ལས།  དེར་གསེད་འགྲོལ་དང་དཔྱད་ཞིབ།  རྣམ་དབྱེ་དང་དགག་སྒྲུབ་བཅས་ཀྱིས་འཇོན་པར་མ་གྱུར་མོད།  《དབུས་ལམ་རིང་མོ》པར་དུ་བསྐྲུན་འགྱུར་གྱི་རྟེན་འབྲེལ་ཙམ་དུ། ཇི་ལྟར།  ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ཕལ་མོ་ཆེར་མཚོན་ན།  ཁ་བྱང་གིས་བརྗོད་བྱ་བརྗོད་སྙིང་ཉེ་བར་སྟོན་པ་དང་སླར་ཡང་བརྗོད་བྱ་བརྗོད་སྙིང་གིས་ཁ་བྱང་གི་ཟུར་བརྒྱན་པའི་དགེ་མཚན་མཐོང་བ་བཞིན།  དེ་ལྟར། ཁོ་བོས་ཀྱང་ཁ་བྱང་ལས་བརྗོད་འདོད་ཀྱི་དོན་རེ་གཉིས་རྫོགས་པའི་ཚུལ་དུ།《རླུང་དང་དུས་ཚོད།  ད་དུང་ལམ་གྱི་ཉི་འོད》ཅེས་པ་ངམ་ངམ་ཐོལ་ཐོལ་དུ་ཕྲིས་ཤིང་།   ཁ་བྱང་ཆུང་བར་བསྟན་པ་བཞིན་དུ།  ཆེན་པོའི་ཆེན་པོ་ཞིག་ཕྲིས་པར་མི་ནུས་མོད།  ང་ཚོས་རིང་ནས་གཡེལ་བ་དང་བསྙེལ་བར་འགྱུར་བའི་སྒྲུང་གཏམ་གྱི་རྒྱུན་ཤེས་དང་སྦྲགས་ཏེ། ལུང་ཚིག་སྐམ་པོ་དང་བརྡ་ཆད་གྱོང་བོས་མ་བཅིངས་པར།  བོད་རང་སྐད་དུ་སྦྱོར་ཅི་ཐུབ་ཀྱིས་ཁོང་གི་གསར་རྩོམ་གྱི་བརྒྱུད་རིམ་དང་ཁྱད་ཆོས་རེ་གཉིས་བརྗོད་པའི་དགའ་བ་ཅུང་ཙམ་རྙེད་པ་འདིས་མཚོན། སླད་མའི་ཆར་སྤྱི་ན་བོད་ཀྱི་དེང་རབས་རྩོམ་རིག་ཡར་རྒྱས་གོང་འཕེལ་དུ་འགྲོ་བ་དང་སྒོས་སུ་ལྷ་བྱམས་རྒྱལ་ཁོང་གི་གསར་རྩོམ་གྱི་ཁ་ལས་རླུང་རྟ་དར་བའི་སྨོན་འདུན་དང་བཅས།

 ཆོས་སྐྱོང་ངམ་མིང་གཞན་ཨ་བུར་འབོད་པ་དེས་ཕུལ།

2017ལོའི་སྤྱི་ཟླ6པའི་ཚེས3ཉིན།

གསལ་བཤད།

①རྩོམ་ཡིག་འདི་ནི་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས་གསར་བ《གཉིད་དུ་ཡུར་བའི་ཆུ》ཞེས་པར་སྔོན་འགྲོའི་གཏམ་ཞིག་འབྲི་དགོས་པའི་སྐུལ་མ་དང་དུ་བླངས་ཤིང་། བོང་བ་གསེར་གཟིགས་ཀྱི་བཀའ་དྲིན་ཁུར་དུ་ཐེག་པ་སྒོས།    ང་ཚོས་རིང་ནས་གཡེལ་བ་དང་བསྙེལ་བར་འགྱུར་བའི་སྒྲུང་གཏམ་གྱི་རྒྱུན་ཤེས་རེ་གཉིས་དང་སྦྲགས་ཏེ། ལུང་ཚིག་སྐམ་པོ་དང་བརྡ་ཆད་གྱོང་བོས་མ་བཅིངས་པར། རྩོམ་པ་པོ་ཁོང་དང་ཁོང་གི་བརྩམས་ཆོས་ཕལ་མོ་ཆེར་མི་ལོ་དུ་མར་འདྲིས་ཤིང་གཤིབས་པའི་རང་མྱོང་རྣལ་མ་རྩལ་དུ་སྤྲུགས་པའི་ཟོལ་དུ།    ལྷ་བྱམས་རྒྱལ་ཁོང་གི་གསར་རྩོམ་གྱི་བརྒྱུད་རིམ་དང་ཁྱད་ཆོས་རེ་གཉིས་བརྗོད་ཡོད། རང་མྱོང་ཡིན་ཕྱིན་གྲོགས་པོ་ཕན་ཚུན་གྱི་སེམས་ངོ་རྗེན་པར་སྟོན་པའི་ཁ་བརྡ་ཙམ་ལས་དཔྱད་རྩོམ་མཚན་ཉིད་པ་ཞིག་ཏུ་བལྟར་མི་རུང་ལ།  སྔོན་འགྲོའི་གཏམ་དུ་སོང་ཕྱིན་དེར་བསྟུན་གྱི་ཚིག་ཟིན་རེ་གཉིས་ཀྱང་མ་ཕྲིས་པར་རང་སོར་བཞག་ཡོད་པ་བཅས།

②《སྒོ་འགྲམ་གྱི་འགྲུལ་པ་གཏོལ་མེད》ཅེས་པ་ནི་རྩོམ་པ་པོ་ཁོང་གི《ལྷགས་རླུང》ཞེས་པར་བྲིས་པའི་དཔྱད་བརྗོད་ཐུང་ངུ་ཞིག་སྟེ།  བརྗོད་བྱ་དང་ཉམས་མྱོང་གི་ངོས་ཐད་ནས་དགག་བཞག་ཅུང་ཟད་སྤྲོས་ཡོད།  ཁོ་བོས་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ལ་བྲིས་པའི་དཔྱད་བརྗོད་ཐོག་མའང་ངོ་།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།