ཀྲུང་གོ་བོད་ཀྱི་དྲ་བ།

《རྩོམ་རིག་བྱ་དགའ》

ཡོང་ཁུངས། : མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ།   སྤེལ་དུས། : 2020-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་རེའི་དབྱར་ཁ་ས་ཆ་གང་ན་རྟ་རྒྱུགས་འགྲན་བསྡུར་ཞིག་ཡོད་ཚེ་འབྲོག་པ་མང་པོ་གཉིད་མི་ཡོང་བའི་ཚད་དུ་གནས་པ་ཇི་བཞིན་གང་ན་རྩོམ་རིག་བྱ་དགའ་དཔྱད་འདེམས་ཀྱི་བྱེད་སྒོ་ཞིག་ཡོད་ཚེ་རྩོམ་རིག་གི་སྡེ་རུའང་སྐལ་ཡོད་མེད་གཉིས་ཀས་སྐེ་སྲིང་གིན་འདུག་ལ། ཐ་ན་ནོ་པེལ་རྩོམ་རིག་བྱ་དགའ་ལའང་སྤྲོ་བ་ཚད་མེད་རྒྱས་ཏེ་ད་སྔ་མིང་ཙམ་ཡང་གོ་མ་མྱོང་བའི་ཨ་རིའི་བུད་མེད་ཅིག་ལ་ཐོབ་པ་དེའང་ཁོའི་ཨ་ཅེའམ་མ་མཐའ་ཡང་སྲུ་མོ་ལ་ཐོབ་པ་ཇི་བཞིན་དགའ་འབོད་སྒྲོག་གིན་འདུག དེ་དག་ལས་མང་ཤོས་ནི་མཚར་མཚར་ཙམ་ཡིན་ལ། འགའ་རེས་ནི་རང་གིས་མཐོ་ས་ཞིག་ལ་སྙེག་གིན་ཡོད་པའམ། ཡང་ན་རང་ཉིད་མཐོ་ས་ཞིག་ལ་སླེབས་ཡོད་པའི་བརྡ་སྟོན་གྱིན་མེད་དམ་སྙམ། སྔོན་ཆད་ངས་ཀྱང་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་གཙོ་བྱས་པའི་བརྩམས་སྒྲུང་གྲགས་ཅན་དག་ཀློག་ཅི་ཐུབ་བྱས་པ་ཡིན་མོད། འོན་ཀྱང་རིམ་བཞིན་དེ་དག་ཆུ་ཚད་ཇི་འདྲ་མཐོ་ནའང་མང་ཤོས་ང་ཚོ་དང་བར་ཐག་ཤིན་ཏུ་རིང་ཞིང་འབྲེལ་བ་དེ་ཙམ་མེད་པའི་ཚོར་སྣང་སྐྱེས། ཡང་གཅིག་བཤད་ན་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་མང་ཤོས་དབྱིན་ཡིག་སོགས་སྐད་ཡིག་ཆེན་པོའི་ལམ་ནས་བྲིས་པ་དག་ཡིན་པ་ལས་སྐད་ཡིག་ཆུང་ངུའི་ལམ་ནས་བྲིས་པའི་བརྩམས་ཆོས་ཅི་འདྲ་བཟང་ནའང་ནམ་ཡང་དོ་སྣང་བྱེད་མཁན་མེད་པའི་ཚོར་སྣང་སྐྱེས། དེ་ཡང་ངས་ཉེ་རིང་དང་གཙོ་ཕལ་གླེང་བ་ཙམ་ལས་སྤྱིར་ན་འཛམ་གླིང་རྩོམ་རིག་ལ་དོ་སྣང་བྱེད་པ་འདི་དོན་བཟང་ཞིག་ལོས་ཡིན། གང་ལྟར་ང་ལ་འདི་རུ་སྐལ་མེད་པ་གསལ་པོ་ཡིན་པས་སྐེའང་སྲིང་གི་མེད་མོད། འོན་ཀྱང་ད་ལོར་སྤྱི་ལེ་ཁྲི་ཡིས་བསྐལ་བའི་ཧྥ་རན་སི་རུ་ཕྲན་ལ་སྐབས་གསུམ་པའིMontluc རྩོམ་རིག་བྱ་དགའ་ཐོབ་པར་གྲོགས་པོ་མང་པོས་འདི་ནི་བོད་རྩོམ་ལ་ཕྱི་རྒྱལ་དུ་བྱ་དགའ་ཐོབ་པ་ཐོག་དང་པོ་རེད་ཟེར་ནས་ཁ་བཏགས་འབུལ་བ་དང་མགྲོན་དུ་འབོད་པ། ཐ་ན་སྒོར་མོ་གནང་མཁན་ཡང་ཡོད་པ་ཚང་མར་འདི་རུ་སྙིང་ནས་ཐུགས་རྗེ་ཆེ་ཞུ་འདོད་སྐྱེས་པའི་དུས་མཚུངས་སུ་རྩོམ་རིག་བྱ་དགའི་སྐོར་ལ་སྐད་ཆ་འགའ་བཤད་འདོད་སྐྱེས།

དེ་ཡང་ངས་རྒྱ་ཡིག་གི་ལམ་ནས་བྲིས་པའི་ཐོལ་རྩོམ《རྒྱལ་མཚན་ལ་མྱ་ངན་ཞུ་བ》ཞེས་པ་དང་པོར2002ལོའི་ཟླ9ཚེས23ཉིན་གྱི《མཚོ་སྔོན་ཉིན་རེའི་ཚགས་པར》དུ་སྤེལ་པར་རྒྱལ་ཡོངས་ཚགས་པར་གཞོགས་འདེགས་ཀྱི་བརྩམས་ཆོས་ཁྲི་སྟོང་མང་པོའི་ཁྲོད་བྱ་དགའ་ཐོབ་པ་དང་། ང་རང་གིས་བོད་ཡིག་གི་ལམ་ནས་མ་བྲིས་སྔོན་ལ་གཞན་གྱིས་བོད་ཡིག་ཏུ་བསྒྱུར་ནས་སྤེལ། ཡིན་ནའང་ལོ་ངོ་བཅོ་བརྒྱད་རྗེས་ཀྱི་དེ་རིང་རྩོམ་ཐུང་དེ་གླེང་མཁན་མེད་པར་མ་ཟད་ཐ་ན་ང་རང་གིས་ཀྱང་ཕལ་ཆེར་གཏིང་བརྗེད་དུ་སོང་འདུག དེ་ག་ནང་བཞིན་ངའི་བརྩམས་ཆོས་སྔ་ཤོས་ཏེ《གཞོན་ནུའི་རང་སྒྲ་དབྱར་གྱི་རྔ་གསང》ཞེས་པ་དེར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་ཀྱི1982ལོ་ནས1983ལོའི་བར་གྱི་ཕུལ་བྱུང་རྩོམ་ཡིག་དཔྱད་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་། 1984ལོར“མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བཙུགས་ནས་ལོ་འཁོར་སོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་སྒྱུ་རྩལ་བརྩམས་ཆོས་དཔྱད་བསྡུར”ཞེས་པའི་ཁྲོད་ཕུལ་བྱུང་བྱ་དགའ(འདི་ལ་རྗེས་སུ“མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་སྒྱུ་རྩལ་རྩོམ་རིག་བྱ་དགའ”ཟེར)ཐོབ། ད་དུང་ཚོགས་འདུའི་སྐབས་སུ་དོན་གྲུབ་རྒྱལ་གྱིས་བསྟོད་པ་དང་སྐུལ་ལྕག་མཉམ་དུ་གནང་བ་དེ་བྱ་དགའ་ཐོབ་པ་ལས་ཀྱང་གཟི་བརྗིད་དང་སྒུལ་ཤུགས་ཤིག་ཏུ་གྱུར་ཏེ། དང་པོར་ངའི་སེམས་ལ་ཁྱོད་ཚོས་འབྲི་ན་ངས་ཀྱང་འབྲི་བསམ་པའི་འགྲན་སློང་དང་རོལ་རྩེད་ལྟ་བུའི་རྣམ་འགྱུར་དེའང་རིམ་གྱིས་འགན་འཁྲི་དང་ཕུགས་བསམ་ཞིག་ཏུ་གྱུར་ཡོད་ཚོད་རེད།1985ལོར་ང་རང་ནུབ་བྱང་མི་རིགས་སློབ་གླིང་དུ་ཟབ་སྦྱོང་བྱེད་སྐབས་སྤྱིར་ན་ཟླ་ཕོགས་ཡོད་ནའང་ནམ་རྒྱུན་སློབ་མ་ཚོ་དང་འདྲ་བར་སྒོར་མོའི་དཀའ་ཚེགས་ཧ་ཅང་ཆེ། ཐེངས་ཤིག་ཨ་ལགས་དོར་ཞི་ཚང་གིས་ང་ལ་སྒོར་མོ་ཉིས་བརྒྱ་དང་དཔང་རྟགས་ཀྱི་ཡི་གེ་ཞིག་གནང་བྱུང་། དེ་ནི་མ་གཞིར་ཟི་ཁྲོན་ཁྲིན་ཏུའུ་ནས་འཚོགས་པའི་བོད་ཀྱི་ཞིང་ལྗོངས་ལྔའི་རྩོམ་རིག་དཔྱད་བསྡུར་ཁྲོད་ངའི་བརྩམས་སྒྲུང《གཞོན་ནུའི་རང་སྒྲ་དབྱར་གྱི་རྔ་གསང》ཞེས་པར་བྱ་དགའ་ཨང་དང་པོ་ཐོབ་པའི་གསོལ་རས་རེད། ཨེ་མ། སྒོར་མོ་ཉིས་བརྒྱ་ནི་ཕལ་ཆེར་སྐབས་དེའི་ངའི་ཟླ་བ་གསུམ་གྱི་ཟླ་ཕོགས་རེད་ཡ། དུས་ཐོག་ཆར་བ་ཟེར་བ་འདི་མིན་ན་གང་ཡིན། དཔེ་ཆ་དང་གྱོན་པ་འགའ་ཉོས། གྲོགས་པོ་འགའ་དང་མཉམ་དུ་ཉིན་འགར་ཟས་ཆང་ལ་རོལ། དེ་དུས་སྤྱི་ཚོགས་ཀྱི་མཁའ་དབུགས་ཅུང་ཙམ་གཙང་ཞིང་། ལྷག་པར་དུ་ཐེངས་དེའི་དཔྱད་འདེམ་པ་དག་སུ་ཡིན་ངས་ད་རུང་མི་ཤེས་པས་“ཨ་མ་ནང་སྐོར”ཡིན་མི་སྲིད་མོད། འོན་ཀྱང་བརྩམས་སྒྲུང་དེ་ད་ལྟ་ཀློག་པ་པོ་ནི་ཕར་ཞོག ང་རང་གིས་ཀྱང་གླེང་འདོད་མི་འདུག དེ་ཡང་སྐབས་དེའི་བོད་ཡིག་རྩོམ་རིག་གི་ཆུ་ཚད་ལྟར་ན་བྱ་དགའ་འཐོབ་འོས་ཟེར་ན་དེའང་མ་ཡིན་ཏེ། དེ་དང་དུས་མཉམ་གྱི་རྩོམ་རིག་བྱ་དགའ་གཅིག་ཀྱང་ཐོབ་མ་མྱོང་བའི《རྟ་ནག་སྒྲོག་འགྲོས》ལྟ་བུ་ལ་ད་ལྟའང་ཀློག་པ་པོས་དགའ་བསུ་དང་དཔྱད་བརྗོད་པས་གདེང་འཇོག་གནང་བཞིན་ཡོད་པ་མིན་ནམ། ད་དུང་ངའི་སྔ་དུས་ཀྱི་བརྩམས་ཆོས《ར་ལོ》དང་ཉེ་དུས་ཀྱི་བརྩམས་ཆོས《ཝ་ནག་ལུང་བ》ལ་བྱ་དགའ་ཆེ་ཆུང་གཅིག་ཀྱང་ཐོབ་མ་མྱོང་ནའང་ཀློག་པ་པོ་དང་དཔྱད་བརྗོད་པ། ལོ་ཙཱ་བ་སོགས་ཀྱིས་དགའ་བསུ་བླ་ལྷག་བྱེད་བཞིན་ཡོད་པ་དང་། དེ་བས་ཀྱང་མི་མང་པོས་ངའི་ཚབ་མཚོན་བརྩམས་ཆོས་སུ་རྩི་བཞིན་པའི་བརྩམས་སྒྲུང་གང་དེར་བྱ་དགའ་ཕར་ཞོག བོད་ཡིག་དང་རྒྱ་ཡིག་གི་དེབ་སོ་སོར་ཆད་པ་རེ་ཕོག་པ་ལྟ་བུ་རེད། དེས་ན་རྩོམ་རིག་གི་བྱ་དགའ་ཟེར་བས་རྩོམ་རིག་གི་རིན་ཐང་ངོ་མ་གཞལ་དཀའ་བར་མ་ཟད་གལ་ཏེ་ལྐོག་གཡོ་ཅན་གྱི་གཙོ་སྒྲུབ་པ་དང་དཔྱད་འདེམ་པའི་ལག་ལ་ཤོར་ན་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་དང་འཐོན་བཞིན་ཡོད་དེ། དཔེར་ན་རྩོམ་རིག་བྱ་དགའ་ལ་ལ་ནི་གོ་ན་ཞེན་པ་ལོག་ཅིང་ཐོབ་ན་ངོ་ཚ་ཡིན་པའི་གནས་སུ་འདུག་ལ། རྩོམ་རིག་བྱ་དགའ་ཟེར་ན་མི་འགས་ནང་ཁུལ་དུ་ཕར་སྟེར་ཚུར་སྟེར་བྱེད་བཞིན་ཡོད་པ་རེད་ཟེར་བ་དང་། མི་ཆེ་གེ་མོར་བརྩམས་ཆོས་མེད་ཀྱང་བྱ་དགའ་འཐོབ་ངེས་རེད་ཟེར་བ། ད་དུང་དེ་བས་ཀྱང་སྐྱུག་བྲོ་ཞིང་རྣ་བར་གཟན་པ། ཟུར་ཟ་ཁ་ཚ་བ། ཁ་དཔེར་གྱུར་འདུག་པའི་བཤད་ཚུལ་མང་པོ་ཡོད་པ་ནི་ཚང་མས་ཤེས་གསལ་ལྟར་རེད། དེ་ནི་དཔེར་ན་མི་འགའ་རེར་ཏང་སྲིད་ཀྱི་གོ་གནས་ཤིག་ཐོབ་པའམ་དྲང་མོར་བཤད་ན་ཉོས་པ་དེ་ནི་ངོ་ཚ་ཞིག་ཡིན་པ་ལས་ངོམ་རྒྱུ་ཞིག་གཏན་ནས་མིན་པ་ལྟ་བུ་རེད། གཞན་ཡང་རྩོམ་རིག་བྱ་དགའ་དཔྱད་འདེམ་བྱེད་པར་གཙོ་སྒྲུབ་པ་དང་དཔྱད་འདེམ་པར་གལ་ཏེ་ལྐོག་གཡོ་དང་ཕྱོགས་ལྷུང་མེད་པའི་དབང་དུ་བཏང་ནའང་དེ་ནི་རྩིས་རིག་གི་དྲི་གཞི་ལྟར་དུ་ཡིན་མིན་ཐག་གཅོད་དཀའ་བ་དང་། མཚམས་རེར་སྲིད་གཞུང་ལས་ཁུངས་ཀྱིས་སྔོན་ཐོན་མི་སྒེར་འདེམ་པ་ལྟར་ན་ནིང་སུ་ཡིན་པ་དེ་ད་ལོར་ཡང་ངང་ངམ་ཤུགས་ཀྱིས་ཚང་མའི་ཡིད་ལ་དེ་དྲན་ཡོང་བ་ལྟ་བུ་ཆགས་ཀྱིན་ཡོད་པ་འདྲ། ད་དུང་དཔྱད་འདེམ་པ་འགའ་རེ་ནི་རྩོམ་རིག་དང་འབྲེལ་བ་མེད་ལ། རྩོམ་རིག་ལ་སྤྲོ་བའང་མེད་པས་མི་ཚེ་གང་བོར་རྩོམ་རིག་བརྩམས་ཆོས་དེབ་བཅུ་ལའང་བལྟས་མེད་པ་དེ་ངས་དཀོན་ཅོག་དཔང་དུ་བཙུགས་ནས་བཤད་ཕོད། ཡིན་ནའང་དེ་ཚོར་གོ་གནས་དང་ལས་ཐོབ་ཡོད་པས་དཔྱད་འདེམ་པར་གདན་ཞུ་བྱེད་མཁན་ཡོད་ལ། དཔྱད་འདེམ་གྲོན་དངུལ་ཅུང་ཙམ་ཡོད་པས་ཁོ་ཚོས་ཀྱང་འཛེམ་དོགས་མེད་པར་གདན་ཞུ་དང་ལེན་བྱེད་ཀྱིན་འདུག དེའི་ཕྱིར་གལ་ཏེ་རྩོམ་རིག་ནི་ཟུར་ཟ་བྱེད་སྤྱད་ཅིག་ཡིན་ན་རྩོམ་རིག་བྱ་དགའ་ནི་རྒྱུ་ཆ་གསོན་པོ་ཞིག་ཏུ་གྱུར་འདུག ལྷག་པར་དུ་ན་ནིང་དོ་ཚིགས་འདི་འདྲའི་གནས་ཚུལ་ཇེ་མང་དང་ཚབས་ཇེ་ཆེ་ཡིན་པས་དུས་དེབ་ཅིག་གི་གཙོ་སྒྲིག་པས་ང་ལ་ཁ་པར་བཏང་སྟེ་ད་ལོར་ཁོ་ཚོའི་བྱ་དགའ་འདེམ་པའི་དུས་ལ་བབས་འདུག ཡིན་ནའང་དེང་སྐབས་འདིའི་སྐོར་ལ་ཧ་ཅང་རྙོག་དྲ་ཆེ་བས་གཟབ་གཟབ་མ་བྱས་ན་མི་ཁ་ངན་པ་འཁོར་བ་དང་ཤུགས་རྐྱེན་ངན་པ་འཇོག་མིན་ཐེ་ཚོམ་མེད། དེའི་ཕྱིར་ཁོ་ཚོས་རྩོམ་རིག་མཁྱེན་རྒྱ་ཡངས་ཤིང་མི་གཤིས་ཀུན་སྤྱོད་ཡག་པའི་མི་ག་གེ་མོར་ཐེངས་འདིའི་དཔྱད་འདེམ་གྱི་གཙོ་འགན་བཞེས་དགོས་པའི་རེ་བ་བཏོན་ནའང་དེས་དང་ལེན་བྱས་མ་སོང་། དེས་ན་ཁྱེད་གཉིས་ནི་གྲོགས་པོ་རྣལ་མ་ཡིན་པས་ཁྱེད་ཀྱིས་ངེས་པར་དུ་མི་དེར་ཁ་བརྡ་ཞིག་བྱས་ཏེ་འགན་འདི་དང་ལེན་བྱ་རུ་འཇུག་རོགས་ཟེར། གལ་ཏེ་བྱེད་སྒོ་འདི་འདྲ་སྒྲུབ་སྐབས་གཙོ་སྒྲུབ་པས་བྱ་དགའ་དེ་རང་གིས་ལེན་འདོད་པ་དང་། ཡང་ན“རང་གི་མི”ལ་སྟེར་འདོད་ན་དེ་ནི་ལས་སླ་བོ་ཞིག་ཡིན་ཏེ། རང་གི་གཉེན་ཉེ་དང་ཡང་ན་གྲོགས་པོ། ཡང་ན་སློབ་གྲོགས་འགའ་དཔྱད་འདེམ་པར་བསྐོས་པ་ཙམ་གྱིས་ཆོག་ལ། འདི་འདྲའི་གནས་ཚུལ་སྔོན་ཆད་བྱུང་མྱོང་ཡོད་པ་དང་། ངས་བསམས་ན་ཕྱིན་ཆད་ཀྱང་འབྱུང་ངེས་རེད། དེ་བས་མི་འདིའི་ཀུན་སློང་གཙང་མ་ཡིན་པ་གསལ་པོར་ཤེས་ཐུབ་པས་ངས་ཀྱང་རང་གི་གྲོགས་པོ་དེར་ཁ་པར་བཏང་ནས་བྱེད་སྒོ་འདིར་འགན་འཁུར་དགོས་ཞེས་གདམས་པ་དང་། མཇུག་མཐར་ཐེངས་དེའི་དཔྱད་འདེམ་ལ་རྙོག་དྲ་བཤད་ཡམས་ཅི་ཡང་མེད་པར་བདེ་བླག་ངང་མཇུག་གྲིལ།

ངས་ནི་ལོ་འགའི་སྔོན་ནས་རྩོམ་རིག་འགྲན་བསྡུར་ལ་མི་ཞུགས་པ་དང་རྩོམ་རིག་དཔྱད་འདེམ་པ་མི་བྱེད་པའི་སེམས་ཐག་བཅད་ཡོད་མོད། འོན་ཀྱང་ཐེངས་ཤིག་རྩོམ་རིག་བྱ་དགའ་མཐོ་གྲས་ཤིག་གི་དཔྱད་འདེམ་པའི་འགན་མི་ཁུར་ཐུ་མེད་བྱུང་། ང་རང་གཙོ་སྒྲུབ་ལས་ཁུངས་ཀྱིས་བཤད་པའི་གནས་དེར་སླེབས་དུས་བརྩམས་སྒྲུང་དཔྱད་བསྡུར་ཚན་ཁག་གི་མདུན་ཅོག་སྟེང་དུ་འགྲན་ཞུགས་བརྩམས་ཆོས་དེབ་དྲུག་བསྒྲིགས་ཡོད་པ་དང་། གཙོ་སྒྲུབ་པས་བཤད་ན་དེ་རིང་སྔ་དྲོར་དཔྱད་འདེམས་ཡོངས་སུ་ཚར་དགོས་ཟེར། དགའ་འོས་པ་ཞིག་ལ་ངས་བརྩམས་ཆོས་དེ་དག་སྔོན་ནས་བལྟས་ཡོད་མོད། ཡིད་ཕངས་པ་ཞིག་ལ་དཔྱད་འདེམ་པ་གཞན་པ་ཚོས་དེ་དག་ལས་གཅིག་གཉིས་ཙམ་མ་གཏོགས་བལྟས་མེད་ལ། ཐ་ན་ལ་ལས་གཅིག་ལའང་བལྟས་མྱོང་མེད་ཟེར། དེས་ན་ཡེ་ཤེས་ཀྱི་སྤྱན་དང་རྡོ་རྗེ་ཡི་ལྕེ་མངའ་བ་ཞིག་ཡིན་ནའང་སྔ་དྲོ་གཅིག་ལ་དེབ་དྲུག་བཀླག་རྒྱུ་ནི་ཧ་ཅང་དཀའ་མོ་ལོས་ཡིན་བསམས། དེའི་ཕྱིར་ངས་གཙོ་སྒྲུབ་པ་ལ་འདི་འདྲའི་དཔྱད་འདེམས་བྱ་སྲོལ་མེད་ཅེས་བཤད། ཡིན་ནའང་གཙོ་སྒྲུབ་པས་ཐེངས་སྔོན་མ་དང་སྔོན་མའི་སྔོན་མའང་འདི་ལྟར་བདམས་པ་ཡིན་པས་སྐྲག་མི་དགོས་ཟེར། དེས་ན་ང་ལ་གོ་གནས་དང་ལས་ཐོབ་གང་ཡང་མེད་ནའང་བརྩམས་ཆོས་དེ་དག་ཡོངས་སུ་བལྟས་ཟིན་པ་གཅིག་པུ་ཡིན་པའི་ཆ་ནས་ངང་ངམ་ཤུགས་ཀྱིས་གཏམ་བཤད་པའི་ཐོབ་ཐང་ཡོད་མཁན་གཅིག་པུར་གྱུར། ངས་ཐོག་མར་དཔྱད་འདེམས་རྩ་དོན་ལྟ་བུ་གཉིས་བཏོན་པ་ནི་གལ་ཏེ་བརྩམས་ཆོས་ཀྱི་ཆུ་ཚད་ཕལ་ཆེར་འདྲ་འདྲ་ཡིན་ཚེ་སྒྲུང་རིང་དག་ལ་རྒྱབ་སྐྱོར་བྱ་དགོས་པ་དང་། ཡང་གལ་ཏེ་བརྩམས་ཆོས་ཀྱི་ཆུ་ཚད་ཕལ་ཆེར་འདྲ་འདྲ་ཡིན་ཚེ་རྩོམ་པ་པོ་ལོ་གཞོན་དག་ལ་རྒྱབ་སྐྱོར་བྱ་དགོས་པ་དེ་ཡིན། རྒྱུ་མཚན་ནི་མི་རིགས་ཤིག་གི་རྩོམ་རིག་ཆུ་ཚད་ལ་བལྟ་དགོོས་ན་བརྩམས་སྒྲུང་ལ་ལྟོས། དེ་བས་ཀྱང་སྒྲུང་རིང་ལ་ལྟོས་ཟེར་བའི་ལེགས་བཤད་ཡོད་པ་དང་། སློབ་ཆུང་སྐབས་ཀྱི་བྱ་དགའ་སྣ་ཚོགས་སློབ་འབྲིང་སྐབས་ལས་མང་ཞིང་། སློབ་འབྲིང་སྐབས་ཀྱི་བྱ་དགའ་སྣ་ཚོགས་སློབ་ཆེན་སྐབས་ལས་མང་བ་དེས་ཀྱང་གསལ་བཤད་བྱས་ཡོད་པས་རེད། དེར་དཔྱད་འདེམ་པ་གཞན་པ་ཚོས་ཀྱང་ལགས་སོ་ཟེར་བས་ན་འགྲན་ཞུགས་བརྩམས་ཆོས་དེབ་དྲུག་པོའི་ཁྲོད་ན་སྒྲུང་རིང་དེབ་གཉིས་ཡོད་པའི་རྩོམ་པ་པོ་གཉིས་ཀའང་ལོ་ན་གཞོན་ཤོས་ཡིན་པས་མཇུག་མཐར་དེ་གཉིས་ལ་བྱ་དགའ་བྱིན། གལ་ཏེ་ཐེངས་དེར་ང་མེད་ན་བརྩམས་ཆོས་ལ་བལྟས་མེད་པའི་དཔྱད་འདེམ་པ་དེ་ཚོས་ཡང་མིན་ན་ལག་ལ་གང་ཡོང་དེར་སྟེར་རྒྱུ་དང་། ཡང་མིན་ན“རང་གི་མི”ལ་སྟེར་རྒྱུ་ལས་འོས་མེད་ལ། སྙན་ངག་སོགས་ཚན་ཁག་གཞན་པའི་གནས་ཚུལ་ཡང་འདི་འདྲ་ལོས་ཡིན་བསམས་ནས་འགྲན་ཞུགས་རྩོམ་པ་པོ་རྣམས་ལ་སེམས་གཏིང་ནས་སྙིང་རྗེ་ཞིག་སྐྱེས་བྱུང་། ལེགས་ཉེས་གང་ཡིན་ཡང་ཐེངས་འདིའི་བརྩམས་སྒྲུང་དཔྱད་འདེམས་ནི་ངས་ཆིག་ཐག་བཅད་པ་ལྟ་བུར་སོང་ལ། དགའ་འོས་པ་ནི་ཐེངས་འདིའི་དཔྱད་འདེམས་ལ་རྙོག་དྲ་དང་བཤད་ཡམས་ཡོད་པ་གོ་མ་མྱོང་། དེ་ནི་རང་སེམས་ན་དམྱལ་བ་མེད་ན། བར་དོ་ན་འཇིགས་པ་མེད་ཟེར་བ་དེ་ལོས་ཡིན་བསམས། བརྒྱ་བཤད་ཚིག་གི་རྩ་བ་ནི་རྩོམ་རིག་བྱ་དགའ་ཟེར་བ་འདི་ཡང་བྱ་དངོས་གཞན་དག་དང་འདྲ་བར་རལ་གྲི་སོ་གཉིས་མ་ཞིག་ཡིན་ཏེ། གལ་ཏེ་དྲང་བདེན་ཡོང་ན་མ་མཐར་ཡང་ན་གཞོན་ཚོར་སྐུལ་ལྕག་གི་ནུས་པ་ཅུང་ཙམ་ཡོད་པ་དང་། གལ་ཏེ་དྲང་བདེན་མ་ཡོང་ན་གཙོ་སྒྲུབ་པ་དང་དཔྱད་འདེམ་པར་ངོ་ཚ་མི་དགོས་ནའང་ལེགས་ཉེས་འབྱེད་པའི་ནུས་པ་མེད་པའི་ལོ་ཆུང་ཚོ་གཙོ་བྱས་པའི་ཀློག་པ་པོ་མང་པོས་བརྩམས་ཆོས་འདི་ལ་བྱ་དགའ་ཐོབ་ཡོད་པས་ཅིས་ཀྱང་ཡག་པོ་ཡིན་སྲིད་བསམས་ནས་ཚད་མར་འཛིན་བཞིན་ཡོད་པ་དེ་ནི་གནད་དོན་ཚབས་ཆེན་ཞིག་ཡིན་པ་དང་། གལ་ཏེ་མངོན་གསལ་གྱིས་“ཨ་མ་ནང་སྐོར”མ་བྱས་ནའང་བྱ་དགའ་ཐེངས་གཅིག་ཐོབ་པ་དེར་ངང་ངམ་ཤུགས་ཀྱིས་ཐེངས་རྗེས་མར་ཡང་ཐོབ་སྲིད་པ་དང་ཡང་ན་ཐེངས་རྗེས་མར་དཔྱད་འདེམ་པར་བསྐོ་རྒྱུའི་རྨང་གཞི་བཞག་ཡོད་པས་ངན་འབྱམས་སུ་འགྱུར་ངེས་རེད། གོང་འོག་བར་གསུམ་ལ་རུལ་དྲི་ཐུ་ལི་ལི་འཐུལ་ཞིང་། མའོ་ཏུན་རྩོམ་རིག་བྱ་དགའ་དང་ལུའུ་ཞུན་རྩོམ་རིག་བྱ་དགའ་སོགས་ཀྱང་དྲང་བདེན་མི་ཡོང་བའི་བཤད་ཡམས་མང་དུ་ཡོད་པའི་དེང་གི་དུས་འདིར་དྲང་བདེན་ཡོང་བའི་རེ་བ་ཆེར་མེད་པས་ན་ཀློག་པ་པོ་རྣམས་ཀྱིས་བྱ་དགའ་ཐོབ་པའི་བརྩམས་ཆོས་ཡོད་ཚད་ཚད་མར་འཛིན་མི་རུང་། དེས་ན་དེང་སང་དྲྭ་ངོས་འདེམ་ཤོག་འཕེན་བཞིན་ཡོད་པ་དེ་ཅུང་དྲང་བདེན་ཨེ་ཡོང་བསམ་ན་དེ་ནི་དེ་བས་ཀྱང་མིག་མེད་ཆུ་མཆོང་གི་ལས་ཤིག་ཡིན་ཏེ། འདེམ་ཤོག་འཕེན་མཁན་ཆེས་མང་ཤོས་ཀྱིས་བརྩམས་ཆོས་ལ་བལྟས་མེད་པ་དང་། ཨང་རྟགས་ག་གེ་མོ་ལ་འདེམ་ཤོག་ཅིག་འཕེན་རོགས་ཞེས་ཅི་ཙམ་སྤེལ་ཐུབ་ན་འདེམ་ཤོག་དེ་ཙམ་མང་བ་ནི་ཚང་མས་ཤེས་གསལ་ལྟར་ཡིན་པས་མ་མཐའ་ཡང་མི་འབོར་ཉུང་བའི་བོད་ལ་མཚོན་ན་དེས་བརྩམས་ཆོས་ཤིག་གི་རིན་ཐང་གཞལ་ཐབས་མེད། ཡང་གཅིག་བཤད་ན་མཇུག་མཐར་འདེམ་ཤོག་གི་གྲངས་ཀ་ལ་གཙོ་སྒྲུབ་པ་དང་དཔྱད་འདེམ་པས་ཟུར་ལྟ་ཙམ་ཡང་བྱེད་ཀྱིན་ཡོད་མེད་སུས་ཤེས།

མདོར་ན་ང་ནི་རྒྱ་བོད་སོག་གསུམ་དང་རྒྱ་མཚོ་ཕྱི་ནང་གི་རྩོམ་རིག་བྱ་དགའ་འགའ་རེ་ཐོབ་མྱོང་མཁན་ཞིག་ཡིན་ལ། རྩོམ་རིག་བྱ་དགའི་དཔྱད་འདེམ་པའི་འགན་རེ་ཡང་ཁུར་མྱོང་མཁན་ཞིག་ཡིན་པའི་ཆ་ནས་རྩོམ་རིག་བྱ་དགའི་སྐོར་གྱི་སྐད་ཆ་འགའ་བཤད་འདོད་འགོག་མེད་དུ་སྐྱེས་ནའང“གསང་བའི་ཐབས་ལམ”བརྒྱུད་མ་མྱོང་པས་རྩོམ་རིག་བྱ་དགའ་ལ་འགྲམ་ཆུ་ལྡང་བཞིན་པ་ཚོར་མན་ངག་ལྟ་བུ་སྟོན་རྒྱུ་མེད་མོད། འོན་ཀྱང་སེམས་གཏམ་ཞིག་བཤད་འདོད་ཡོད་པ་ནི་གལ་ཏེ་ཁྱོད་ནི་བསམ་པ་རྣམ་དག་གིས་རྩོམ་རིག་གསར་རྩོམ་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ཞིག་ཡིན་ཚེ། ལོ་ངོ་བཅུ་ཕྲག་གམ་བརྒྱ་ཕྲག་གི་རྗེས་སུ་ད་དུང་ཁྱོད་ཀྱི་བརྩམས་ཆོས་ཀློག་མཁན་དང་གླེང་མཁན་ཡོད་ན། དེ་ནི་ཆེས་མཐོ་བའི་རྩོམ་རིག་གི་བྱ་དགའ་རེད་ཅེས་ཞུ་འདོད་པ་དེའོ། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།