ཀྲུང་གོ་བོད་ཀྱི་དྲ་བ།

ས་ཆུ་མེ་རླུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མདའ་ཚན་བཟོད་པ་རྒྱ་མཚོ།   སྤེལ་དུས། : 2020-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྣོད་ཅེས་པའི་མིང་ཚིག་བྱད་དབྱིབས་ལེགས་པ་འདིས་བསྟན་དོན་དུ་བཟུང་བའི་རི་ལུང་ཐང་གསུམ་གྱི་འཕྱོར་སྒེག་དང་མཚོ་དང་མཚེའུའི་སྒེག་འགྲོས་ནི། བཅུད་ཅེས་པའི་ཚེ་སྲོག་ཉམ་ཐག་འདི་བག་ཡངས་སུ་རྒྱུ་བའི་གནས་མལ་དྲོན་མོ་དེ་ཡིན་ལ། ཚེ་སྲོག་གི་རྒྱུ་བ་སྐྱོར་བའི་དྭངས་གཙང་གི་ཟུངས་ཁྲག་དེ་ལགས། སྣོད་ཆེན་པོའི་འཇིག་རྟེན་ལགས། ཁྱེད་ནི་དབུགས་ལྡན་སྐྱེ་འགྲོ་མཐའ་དག་གི་འཚོ་གནས་ཀྱི་བང་མཛོད་ལགས་པས་ཁྱེད་ཀྱི་ཕྱི་ནང་སློག་པ་ནི་ཕ་ཁྱིམ་གྱི་ནོར་མཛོད་གཏོར་བ་དང་ཅི་བས་མཚུངས་ཨང་། ཀླད་པའི་འཕྲུལ་འཁོར་བཙའ་ཡིས་ཟིན་པའི་མི་གཟུགས་དག་གིས་ཁྱེད་ལ་ཤ་ཞེན་རུས་ཞེན་གྱི་གཅེས་སེམས་མཚོ་རུ་མི་བསྐྱིལ་མོད། ངས་ནི་ལྷ་ཡི་བདུད་རྩི་ལྟེམས་པའི་ཚེ་བུམ་བཟུང་ནས་ཁྱེད་ཀྱི་རྒས་གཉེར་ནང་གི་མྱ་ངན་མཐའ་དག་ལ་བྱབས་ཁྲུས་ཀྱི་ཆོ་ག་སྤེལ་འདོད། སྨན་གྱི་བླའི་བྱིན་མཐུ་གཡར་ནས་ཁྱེད་ལ་ཐེབས་པའི་ཉམ་ཉེས་ཀྱི་རྨ་ཤུལ་ཡོད་ཚད་ལ་གསོ་སྨན་གྱི་ཇུས་ཆེན་འགོད་འདོད། འཕྲུལ་ཆས་ཀྱི་དཔའ་སྐད་བསྒྲགས་ཏེ་ཁྱེད་ཀྱི་གློ་སྙིང་མཆིན་གསུམ་ཚང་ནས་འབྲུ་དུས། ད་དུང་འཇོར་བུ་ལ་རྣོ་ངར་བླུད་དེ་ཁྱེད་ལ་སྐྲ་ལོ་བཞིན་ཐོགས་པའི་སྔོ་སྨན་གྱི་རྩད་པ་གཏིང་ནས་སློག་དུས། ཆུ་ཆེན་པོས་སྨྲེ་ངག་ཟློ་བཞིན་རྡོ་གྲམ་པའི་ཕང་བ་རུ་གཟིམས་ཤིང་། རླུང་ཆེན་པོ་དངངས་ཤིང་སྐྲག་སྟེ་རྡུལ་དམར་པོས་འགྲེ་ལོག་བརྒྱབ་སོང་། མ་ཟད་མེ་དམར་པོ་གཏིང་ནས་ཁྲོས་ཏེ་གངས་དཀར་པོའི་དབུ་ཞྭ་བཞུས་སོང་ཨང་། འབྱུང་བཞི་སྙོམས་པའི་ཟག་མེད་ཀྱི་དགའ་བདེ་ནི་ཕྱི་སྣོད་ཀྱི་བདེ་ཆེན་ལ་ཅི་དགར་རོལ་བའི་རྨང་གཞིའི་གཏན་ཚིགས་ཀྱི་སྲ་བརྟན་ཡིན་ལ། ནང་བཅུད་ཀྱི་བླ་ཚེ་སྲོག་གསུམ་ལ་སྲུང་བ་བགྱི་བའི་ལྷ་ཆེན་པོའི་བྱིན་མཐུ་ལགས་པས། འུ་ཅག་གིས་ཁམས་ཆེན་པོ་འབྱུང་བཞིའི་སྐུ་ངོ་འཚོལ་དགོས། དྲན་ཤེས་ཀྱིས་བག་ཡོད་སྤྱད་ནས་ཁམས་ཆེན་པོར་བསྟུན་པ་བསྐྱེད་དགོས། འབྱུང་བ་ཚ་གྲང་གི་སྙོམས་འཇུག་ལ་རྟོགས་པ་འཕེལ་དགོས། ཀྱེ་སྲ་ཞིང་འཐས་པའི་ས་ཆེན་པོ་ལགས། ཅི་ཡང་འདེགས་པར་བཟོད་པའི་ཁྱེད་ཀྱི་བྱེད་ལས་ཀྱི་ཁམས་སུ་སྐྱེ་དངོས་མཐའ་དག་གི་སྐྱེ་རྒྱུན་བསྲིངས་ཤིང་སྲོག་ལྡན་ཡོད་ཚད་ཀྱི་འཚོ་བའི་ཁ་དོག་ལ་གསེར་འོད་ལམ་ལམ་གྱིས་ཁྱབ་ནས་ཡོད།གལ་ཏེ།ཁྱོད་ལ་སྲ་འཐས་ཀྱི་གཤིས་ཀ་འདི་མེད་ཚེ་བར་སྣང་གི་སྟོང་ཁམས་ལ་སུ་ཞིག་གིས་རྟེན་གཞི་བྱེད་ངེས།དེ་བས་རང་བྱུང་སྐྱེ་དངོས་ཀྱི་དབུགས་རྒྱུན་དང་ནང་བཅུད་ཚེ་སྲོག་གི་རྒྱུན་ཐག་ནི་ཁྱོད་ཁོ་ནའི་བརྟན་བརླིང་དང་སྒམ་ཚིགས་ལས་སུ་ཞིག་གིས་བསྲིང་ཐུབ།

ཀྱེ་བརླན་ཞིང་གཤེར་བའི་ཆུ་དྭངས་མོ་ལགས། སྡུད་པར་བྱེད་པའི་ཁྱེད་ཀྱི་བྱིན་མཐུ་མེད་ན་ས་སྒང་རིལ་བོ་འདིའི་བྱད་དབྱིབས་ལ་མཛེས་སྡུག་གི་ཁ་དོག་འདི་སུ་ཡིས་བསྐྲུན།གལ་ཏེ།གཤེར་ཞིང་བརླན་པའི་འབྱུང་ཁམས་ཀྱི་ཟུངས་ཁྲག་གི་རྒྱུ་བ་འགགས་ཚེ།སྣོད་བཅུད་ནི་ཨེ་ཙི་ནད་པ་ཞིག་གི་སྣང་བརྙན་ཇི་བཞིན་སྐམ་ཞིང་རིད་པའི་མི་སྡུག་པ་དང་བཅས་སྟོང་ཁམས་ཀྱི་བར་སྣང་འབའ་ཞིག་ཏུ་འགྱུར་བ་ལ་སུ་ཞིག་བསྙོན་ཨང་།དེ་བས་ཁྱེད་ཀྱི་བརླན་གཤེར་གྱི་མཛད་འཕྲིན་ནི་སྣོད་བཅུད་ཀྱིས་གར་ཁྱབ་ལ་སངས་རྒྱས་ཀྱི་འཕྲིན་ལས་ཇི་བཞིན་དུས་ལས་ཡོལ་བ་མེད་པར་མཛོད།ཀྱེ་དྲོ་ཞིང་སྨིན་པའི་མེ་དམར་པོ་ལགས།ཚ་ཞིང་སྲེག་པའི་ཁྱེད་ཀྱི་གཉུག་གཤིས་དང་དྲོ་ཞིང་སྨིན་པར་བྱེད་པའི་ཁྱེད་ཀྱི་མཐུ་སྟོབས་དང་བྲལ་ཚེ་གོ་ལ་འདི་རིལ་བོ་ཞིག་ཡིན་པའང་མི་སྲིད་ལ།རྡོག་རྡོག་གི་བེམ་གཟུགས་འདི་དག་ཀྱང་དབང་ལྔའི་སྤྱོད་ཡུལ་དུ་སུ་ཞིག་གིས་སྟོན་པར་ནུས་ཏེ་ག་ལ་སྲིད།ཐ་ན་རྡུལ་ཕྲ་རབ་གཅིག་གི་དབྱིབས་གཟུགས་ཀྱང་ཁྱེད་ཀྱི་སྨིན་བྱེད་ཀྱི་ནུས་པ་འབའ་ཞིག་ལས་གཞན་དུ་བྱེད་པོ་གང་ཞིག་གི་ནུས་པར་རློམ་རུང་།ད་དུང་ཁྱེད་ནི་མུན་པའི་དཔུང་ཚོགས་ལས་སྐྱོབ་པའི་འོད་ཀྱི་ཕུང་པོ་དེ་ཡིན་ལ།ཁྱེད་ནི་གྲང་ངར་གྱི་གཡུལ་ལས་འདྲེན་པའི་དྲོད་འཇམ་གྱི་རེག་བྱ་ཡི་གར་འོང་བ་དེ་ལགས།ཀྱེ་ཡང་ཞིང་གཡོ་བའི་རླུང་ཆེན་པོ་ལགས།རྒྱས་པར་བྱེད་པའི་ཁྱེད་ཀྱི་བྱེད་ནུས་ལ་གཞུང་ཆེན་མོའི་གླེགས་བམ་གྱི་ཉིན་སྲིབ་དག་ཏུ་ཡིག་འབྲུ་རེ་རེ་ཀྲོང་ངེར་ལངས་ཏེ་ཁས་ལེན་གྱི་མགོ་ལྕོག་ལྡེམ་ཞིང་།དོན་ཆེན་པོའི་གནས་ལུགས་ཀྱི་རྩིག་ལྡེབས་ངོས་སུ་སྟོན་ཟླའི་དཀྱིལ་འཁོར་ཇི་བཞིན་ཆོས་ཉིད་ཀྱི་མངོན་མཚན་ཤར་ཡོད།དེ་བས།གཡོ་བའི་འབྱུང་ཁམས་སུ་ལྟེམས་པའི་མཆོག་དང་ཐུན་མོང་བའི་དངོས་གྲུབ་ཀྱི་ཞུན་མས།བརྟན་གཡོའི་འཇིག་རྟེན་མཐའ་དག་གི་དབུགས་ཀྱི་རྒྱུ་བ་བསྲིངས་པར་ཡིད་ཆེས་ཀྱིས་བརྟས་ཡོད།སྨྲ་བསམ་བརྗོད་འདས་ཀྱི་ཁྱེད་ཀྱི་བྱེད་ལས་ལ་ངོས་ཟིན་ཐོབ་ཡོད།ཆུ་རྡུལ་ཕྲ་མོ་གཅིག་དང་ས་རྡུལ་ཕྲ་རབ་ཚུན་ཆད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུར་ཁས་འཆེ་བའི་འུ་ཅག་ལ་མཚོན་ན་འབྱུང་བཞིས་ཁྱབ་ཚད་དང་རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཉིད་ནི་ཅི་འདྲའི་ངོ་མཚར་བ་ལ་ཨང་།ཀྱེ་རྐང་གཉིས་ས་རུ་འཛུགས་པའི་འགྲོ་བ་མི་ལགས།རང་བྱུང་ཁོར་ཡུག་གི་འཕེལ་འགྲིབ་ནི་གཡོ་བ་བཅུད་ཀྱི་ཚེ་དང་སྲོག་གི་རྟེན་འཕུར་གྱི་འཕོ་འགྱུར་ལགས་པས།དུས་རབས་གསར་པའི་འཕེལ་རྒྱས་ཀྱི་མྱུར་ཚད་ཀྱང་ཁོར་ཡུག་གཏོར་བརླག་གི་ན་ཟུག་དང་ངུ་ཤུམ་ལས་བསྐྱེད་མི་འོས་ཏེ།ནགས་ཚལ་གྱི་སྐྲ་ལོ་བྲེག་པའི་སྨྲེ་སྔགས་དང་ཆུ་ཀླུང་གི་སྐྱེ་རྒྱུན་བཅད་པའི་སྡུག་ཡུས་ནི་ཅི་འདྲའི་བཟོད་དཀའ་བ་ལ་ཨང་།

འབྱུང་བཞིའི་གོད་ཆག་ནི་མཐའ་ཡས་པའི་རང་བྱུང་ཁམས་ཆེན་པོའི་ཆག་སྒོ་ཁོ་ནར་ངེས་པས།སྐྱེ་ཁམས་སྲུང་སྐྱོབ་ལ་ཐབས་དང་ཤེས་རབ་ཀྱི་རྟོགས་པ་མཐོ་རུ་འདེགས་དགོས་ཏེ།ཡེ་ཤེས་ཀྱི་སྤྱན་མིག་ཏུ་གྱུར་པའི་ནང་ཆོས་ཀྱི་གཞུང་ཆེན་ཁག་ཏུའང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་སྤྱད་པའི་ཐབས་དང་ཤེས་རབ་ཀྱི་ཕུང་པོ་རི་ལྟར་སྤུངས་པའང་དེའི་རྐྱེན་པས་ཡིན་ལ།སད་རྟོགས་ཀྱི་བློ་མིག་མངའ་བའི་སྲིད་ལུགས་ཀྱིས་ཀྱང་ཁྲིམས་སུ་བགྱིས་པའི་སྐྱེ་ཁམས་ཁོར་ཡུག་གི་ལས་སུ་བྱ་བ་དེའང་སྣོད་བཅུད་རྟེན་འབྱུང་གི་ཆོས་ཉིད་གཟིགས་པས་ཅི་ལ་མིན།འབྱམས་ཀླས་པའི་མཐོ་སྒང་གི་རྩྭ་ཐང་ནི་ཆེས་མཇུག་མཐར་ལྷག་པའི་ཡིད་འོང་གི་དག་ཞིང་དེ་ཡིན་མོད།འཇམ་ཞིང་མཉེན་པའི་ལྗང་མདོག་གི་ལང་ཚོ་ལ་འགྱིག་ཤོག་དང་རྣོ་ལྕགས་ཀྱི་བཙའ་རོས་ལྷད་པའི་འབག་བཙོག་གི་སྐྱོ་གར་དེ་སྟོང་ལོ་ཉེར་གཅིག་པའི་དུས་མགོར་སླེབས་དུས།རི་བྲག་ནགས་གསུམ་གྱི་ཕྱི་ཤུན་བཀོག་སྟེ་ནང་སྙིང་བྲུས་པའི་རྨ་ཤུལ་དག་ཏུ་མྱ་ངན་གྱི་མཆི་མ་ལྷུག་ལྷུག་བརྡོལ་བཞིན་འདུག་ལ།ད་དུང་དྭངས་གཙང་གི་ལྦུ་དཀར་ལྡེམ་པའི་གཙང་ཆབ་ཀྱི་རླབས་སྒྲས་བསྲེས་ལྷད་ཀྱི་སྙིགས་རོ་ཁུར་ཏེ་མཐའ་ཡས་པའི་མཚོ་མོ་ངུ་ཤུམ་གྱིས་སྐྱོམ་འདུག ཡིན་ནའང་།སུ་ལའང་རྟོགས་སད་ཀྱི་སྐྱེ་སྟོབས་རབ་ཏུ་འབར་བའི་ཉེ་བའི་ཆ་ལ་སྐྱེ་ཁམས་ཁོར་ཡུག་གི་འདུ་ཤེས་ཀྱང་དུས་ཐོག་ཆར་བའི་ཟོལ་གྱིས་སྨིན་པར་གྱུར་པས།ཁོར་ཡུག་གི་གོད་ཆག་ཁྲིམས་ལུགས་ཀྱི་སྲང་ལ་འཇལ་ཏེ་སྲུང་སྐྱོབ་ཀྱི་བྱ་ར་མཛད་བཞིན་འདུག་ལ།དང་བླངས་སྡེ་ཁག་དག་གིས་ཀྱང་ཁོར་ཡུག་གི་དྭངས་གཙང་ར་རིའི་གཟུགས་ཀྱིས་སྦགས་པའི་དྲི་མ་མཐའ་དག་དཀའ་སྡུག་གི་རྔུལ་ཆུའི་ཁྲུས་ལ་གསོལ་ནས་བྱི་དོར་བྱེད་བཞིན་པའི་དུས་ཚོད་ཅིག་སླེབས་པ་འདི་ཅི་ངོ་མཚར་ཆེ་བ་ལ་ཨང་།དེ་བས་འུ་ཅག་ཐུན་མོང་གིས་རྟོགས་སད་ཀྱི་མེ་ལྕེ་འདི་སྟོབས་ཤུགས་སྟོང་གིས་ཡུན་ནས་ཡུན་དུ་སྦར་དགོས།ཁོར་ཡུག་དང་ང་ཚོའི་མཐུན་ལམ་རྟག་བརྟན་ཐེར་ཟུག་ཡོང་སླད་དུ་སྨྲ་བརྗོད་ཀྱི་བདེན་པའི་འབོད་བརྡ་དུང་ཆེན་སྟོང་གི་རྣམ་པར་སྤྲུལ་ཏེ་སྒྲ་བརྒྱའི་ངར་སྐད་ཅིག་ཅར་འབྱིན་དགོས།འདིས་ནི་འབྱུང་བཞི་སྙོམས་པའི་ཕོ་བྲང་དུ་ཅི་དགར་རོལ་བའི་བདེ་བ་ཆེན་པོའི་རྫོགས་པ་རྙེད་པར་སུ་ཞིག་ཚོམ་ཨང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།