ཀྲུང་གོ་བོད་ཀྱི་དྲ་བ།

འོད་ཀྱི་བུ་མོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལྷ་བྱམས་རྒྱལ།   སྤེལ་དུས། : 2020-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—《མེ་ཏོག་དཀར་པོ》ཞེས་པའི་གློག་བརྙན་ལ་བལྟས་པའི་མྱོང་ཚོར།    

མཁའ་བྱམས་རྒྱལ་གྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན་འདིར། ལོ་གཅིག་གི་ཡར་སྔོན་དུ་ཉི་ཧོང་གི་རྒྱལ་ས་ཐའོ་ཁྱེའོ་ནསNHKཡི་ནང་དུ་སྟོན་བཞིན་པར་ཐེངས་གཅིག་བལྟས་མྱོང་ཞིང་དེ་དུས་ས་མཐའ་ན་ཡོད་པའི་དབང་གིས་ཡིན་ནམ་ཅི་ཡིན་མི་ཤེས་མོད། བལྟས་པའི་མགོ་མཇུག་བར་གསུམ་གང་རུང་དུ་ཡིད་ཀྱི་ག་ཤེད་ཅིག་ནས་དྲོད་རླབས་ཤིག་ཡང་ཡང་འཕྱུར་ཡོང་ནས་མིག་ཀོང་བརླན་གྱིས་བཟུང་ཡོང་བ་དང་། མཆི་མ་དབང་མེད་དུ་འཐོར་བར་དོགས་ནས་མིག་གི་ཡས་ལྕིབས་དང་མས་ལྕིབས་གཉིས་འབྱེད་འཛུམ་ཅི་ཡང་བྱེད་མི་ཕོད་པར་གྱུར། ལོ་གཅིག་གི་རྗེས་ནས་ཡང་བསྐྱར་ཁོང་གིས་བསྐྱར་སྒྲིག་བྱས་པའི་གློག་བརྙན་འདིར་ཐེངས་གཅིག་ལ་རོལ་མྱོང་བྱས་ཤིང་། ངས་ཆེད་དམིགས་སུ་རང་གི་བུ་ཆུང་ལ་ཨུ་ཚུགས་བརྒྱབ་ནས་མཉམ་དུ་བལྟས། བུ་ཆུང་གི་ལོ་ཚོད་ཀྱང་གློག་བརྙན་ནང་གི་བུ་མོ་མེ་ཏོག་དཀར་པོ་དང་མཚུངས་ཤིང་། ངས་གྲོང་ཁྱེར་ནས་འཚར་ལོངས་བྱུང་བའི་བུ་ཆུང་ལ་གློག་བརྙན་འདིར་བལྟས་པ་བརྒྱུད་ནས་ཁོའི་གཤིས་རྒྱུད་དུ་ང་ཚོས་ཆེས་གཅེས་པར་འཛིན་པའི་གཟུགས་མེད་ཀྱི་ཅི་ཞིག་ས་བོན་ནང་བཞིན་གདབ་ཐུབ་ན་ཅི་མ་རུང་སྙམ། དང་ཐོག་ངའི་བུ་ཆུང་ལ་ངང་རྒྱུད་རིང་པོ་ཅི་ཡང་མི་འདུག ཛ་དྲག་གི་གློག་རྡུལ་རོལ་རྩེད་དང་། ཆོབ་ཚ་བའི་འགུལ་རིས་བརྙན་འཕྲིན་དག་ལ་ཡོངས་སུ་གོམས་པའི་ངའི་བུ་ཆུང་གིས་ཡང་དང་ཡང་དུ་རྩིས་འཁོར་གྱི་འཆར་ཤེལ་དུ་མངོན་ཡོང་བའི་གློག་བརྙན་འདིར་དུས་ཚོད་ལྷག་མ་ག་ཚོད་ཡོད་པར་ལྟ། ཁོར་ངང་རྒྱུད་རིང་པོ་ཅི་ཡང་མི་འདུག ཡིན་ན་ཡང་གློག་བརྙན་གྱི་བྱུང་རིམ་དག་རིམ་བཞིན་གསལ་དུ་འགྱུར་ཡོང་དུས། ག་ལེར་ག་ལེར་རྒོད་ཤོར་གྱི་བུ་ཆུང་ལྷོད་འཇགས་སུ་གྱུར་ཅིང་། རིམ་གྱིས་བུ་མོ་མེ་ཏོག་དཀར་པོའི་ལས་དབང་གི་འགྱུར་ལྡོག་ལ་རྩེ་གཅིག་གིས་སེམས་ཁུར་བྱེད་པའི་བཟོ་ལྟ་ཞིག་ཤར་ཡོང་། དེར་མ་ཟད། གློག་བརྙན་མཇུག་སྡུད་པའི་བར་དུ་ཁོའི་རྣམ་འགྱུར་དུ་གདུང་སེམས་ཤིག་གཟུགས་མེད་དུ་ཤར་ཡོང་བ་དང་། ང་ལ་ཡང་དང་ཡང་དུ་མེ་ཏོག་དཀར་པོ་མཐའ་མཇུག་ཅི་འདྲ་ཞིག་ཏུ་འགྱུར་སྲིད་ཅེས་དྲིས་ཡོང་། སྐབས་དེར་ངས་གཞི་ནས་གློག་བརྙན་གྱི་འཁྲབ་ཁྲིད་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་འདོད་ཅིག་བྱུང་བ་དང་། ཁོང་གིས་གློག་བརྙན་གྱི་པར་མིག་བརྒྱུད་ནས་ང་ཚོའི་མི་རིགས་འདིའི་ཆེས་གཅེས་སུ་འོས་པའི་གཤིས་ཀ་ཞིག་སྟེ། ཚེ་སྲོག་ལ་གདུང་སེམས་དང་སྙིང་རྗེ་འཆང་བའི་ས་བོན་ཞིག་ངའི་བུ་ཆུང་གི་རྒྱུད་དུ་འདི་ལྟར་མངོན་མེད་དུ་སིམ་པར་བྱས་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཏག་ཏག་འདི་ནི་ང་རང་གྲོང་ཁྱེར་འདིར་སྡོད་དུས་བུ་ཆུང་གི་ལྕེ་ཐོག་ནས་ཕ་སྐད་ཀྱི་བུ་རམ་འབོར་བའི་སེམས་ཁུར་ལས་གཞན། ཆེས་ལྕི་ཤོས་ཀྱི་སེམས་ཁུར་དེ་ཡིན།

གློག་བརྙན་འདིའི་རྒྱ་ཡིག་དང་དབྱིན་ཡིག་གི་ཁ་བྱང་ལ་འོད་ཀྱི་བུ་མོ་ཞེས་བཏགས་འདུག འཁྲབ་ཁྲིད་པས་གློག་བརྙན་ནང་གི་མི་སྣ་གཙོ་བོ་མེ་ཏོག་དཀར་པོ་སྟེ། འབྲོག་ཕྱོགས་ཀྱི་བུ་མོ་ཆུང་ཆུང་ཞིག་ཕ་མ་གཉིས་བཟའ་འཐོར་གྱི་དབང་གིས་ཕ་འཛོམས་མ་འཛོམས་ཀྱི་བདེ་སྐྱིད་དང་བྲལ་ནས་དྭ་ཕྲུག་ནང་བཞིན་འཚར་ལོངས་བྱུང་བའི་གོ་རིམ་ཞིག་དངོས་བཤུས་ཀྱི་ཚུལ་གྱིས་ཕབ་སྐྲུན་བྱས་འདུག མེ་ཏོག་དཀར་པོ་བརྒྱུད་ནས་ཁོ་མོའི་ཁོར་ཡུག་གི་དོན་བྱ་མང་པོ་ཞིག་པར་མིག་ཏུ་ཤོང་བར་བྱས་ནས་ལྟ་མཁན་ལ་བོད་པའི་དེང་དུས་ཀྱི་དངོས་ཡོད་འཚོ་བའི་ངོ་གདོང་སྐག་རྩི་མེད་པ་ཅན་ཞིག་སྤྱན་ལམ་དུ་བསྟར་འདུག གློག་བརྙན་གྱི་ནང་དུ་མེ་ཏོག་དཀར་པོས་ལག་པ་མིག་མདུན་དུ་ཁྱེར་ནས་མཛུབ་མོའི་བར་ནས་བར་སྣང་གི་ཉི་མ་ལ་ཡང་ཡང་ལྟ་ཞིང་། ཉི་འོད་ཀྱི་དྲོད་འཇམ་ས་མཐོའི་ལྷག་རླུང་གི་ཁྲོད་དུ་གདོང་ལ་ཡང་ཡང་འཕྲོས་ཡོང་བར་བྱེད། དེ་དུས་གློག་བརྙན་འདིའི་བསྟན་དོན་རྡོག་རྡོག་ཅིག་ངའི་སེམས་ངོར་ཡང་ཡང་ལྷུང་ཡོང་སྟེ། དེ་ནི་མི་ཡུལ་འདིར་བརྩེ་བ་ཤོར་བའི་དོན་ཕྲ་རགས་ཅི་བྱུང་ཡང་དེ་ནི་དམིགས་བསལ་ཙམ་དང་། གནས་སྐབས་ཙམ་ཡིན་ལ། མི་ཡུལ་འདིར་བརྩེ་བ་ནི་ནམ་མཁའི་ཉི་འོད་བཞིན་དུས་ནམ་ཡང་རིས་མེད་དང་འགྱུར་མེད་ཀྱིས་གནས་ཡོད་པའི་བདེན་པ་དྲོད་དང་ལྡན་པ་ཞིག་བསྟན་འདུག མེ་ཏོག་དཀར་པོ་ཆུང་ངུའི་དུས་ནས་ཕ་ཡིས་བསྐྱུར་ཅིང་མ་ཡིས་དོར་ན་ཡང་། ཁོ་མོའི་སྤོ་དང་རྨོ་ཡིས་བྱམས་པའི་སེམས་ཀྱིས་བསྐྱངས་ཡོད་ལ། དྭ་ཕྲུག་སློབ་གྲྭའི་དགེ་རྒན་དང་སློབ་གྲོགས་སོགས་ཀྱིས་ཀྱང་ཁོ་མོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་བརྩེ་སེམས་ཀྱི་ཁོར་ཡུག་ཅིག་བསྐྲུན་འདུག དེ་བས་ཀྱང་ཁོ་མོའི་ཕ་མ་གཉིས་ཀྱིས་ཀྱང་གློག་བརྙན་འདི་ཕབ་སྐྲུན་བྱེད་པའི་གོ་རིམ་ཁྲོད་དུ་ཁོ་མོ་སླར་ཡང་བརྩེ་བའི་པང་དུ་དམ་པོར་འཐམ་པར་བྱས། འདི་ནི་ཆེས་སེམས་འགུལ་ཐེབས་པའི་གློག་བརྙན་ཞིག་སྟེ། གལ་སྲིད་ཕ་མ་གཉིས་ཀྱི་བྱམས་བརྩེ་ནི་མཚན་སྨག་ནང་གི་སྒྲོན་འོད་དང་མཚུངས་ན། མི་ཡུལ་འདི་དང་ལྷག་པར་དུ་བོད་པའི་རིག་གནས་ཀྱི་ཁོར་ཡུག་ཏུ་མཁའ་དབུགས་བཞིན་འཐིབས་ཡོད་པའི་བརྩེ་སེམས་ནི་ཉི་འོད་དང་མཚུངས་པར་མི་སྒེར་སུ་ཡིན་ཡང་དྲོད་འཇམ་གྱིས་འཚོ་ཐུབ་པ་འདྲ།

མཁའ་བྱམས་རྒྱལ་ནི་སེམས་པ་ཤིན་ཏུ་ཞིབ་ཚགས་ཆེ་བའི་འཁྲབ་ཁྲིད་པ་ཞིག་ཡིན་པ་འདྲ་སྟེ། ཁོང་གི་པར་མིག་ཏུ་བཅོས་མ་མ་ཡིན་པའི་རང་བྱུང་གི་བྱུང་རིམ་ཞིབ་ཕྲ་དག་གིས་ཡོངས་སུ་ཁེངས་འདུག མེ་ཏོག་དཀར་པོས་རང་གི་ཆུང་དུས་ནས་མཐོང་མ་མྱོང་བའི་ཨ་ཕ་དྲན་ཚུལ་གླེང་དུས་ཁོར་དྲི་བ་འདི་འདྲ་ཞིག་བཏོན་སོང་སྟེ། མི་ཞིག་གིས་ཅིའི་ཕྱིར་གློ་བུར་གློ་བུར་དུ་འདི་ལྟར་མི་ཞིག་དྲན་ཡོང་ངམ་ཟེར་བ་དང་། ཡང་ཨ་ཕར་དངོས་སུ་འཕྲད་པའི་སྐབས་ཀྱི་མྱོང་ཚོར་བརྗོད་དུས་ལོ་ཆུང་གི་བུ་མོ་འདིས་ཨ་ཕ་ནི་ལྷ་དང་འདྲ་སྟེ། ལྷ་ཡི་བྱམས་བརྩེ་ཡོད་པའི་ཚོར་བ་འདུག་ཟེར། ཏག་ཏག་འཁྲབ་ཁྲིད་པས་གནས་སྐབས་འདི་དག་དང་སྐད་ཆ་འདི་དག་པར་མིག་ཏུ་བསྡུས་པ་ནི་ཁོང་གི་ཞིབ་ཚགས་དང་ཁོང་གི་བྱམས་བརྩེ་དང་འབྲེལ་བ་དམ་པོ་ཡོད་ཅིང་། མི་ཞིག་གིས་མི་གཞན་ཞིག་གི་འཚོ་བའི་སྐྱིད་སྡུག་ལ་སེམས་ཞིབ་མོས་ཚོར་སྣང་བྱས་པ་ཡིན་ན་གཞི་ནས་བྱུང་རིམ་ཕྲ་མོ་འདི་དག་ལ་དོ་སྣང་བྱེད་ཐུབ་སྲིད། གནད་འདི་ཡང་ཏག་ཏག་གློག་བརྙན་གྱི་བརྗོད་སྙིང་སྟེ་བྱམས་བརྩེ་བ་ནི་ཉི་འོད་ཀྱི་དྲོད་འཇམ་དང་མཚུངས་ཤིང་། ཉི་འོད་ཡོད་ས་ན་མུན་པ་དང་གྲང་རླུང་རང་བཞིན་གྱིས་མེད་པར་འགྱུར་སྲིད།

ངས་དུས་ནམ་ཡང་ང་ཚོ་མི་རེ་རེར་རང་གཤིས་རེ་ཡོད་པ་ལྟར། མི་རིགས་ཤིག་ལ་ཡང་རང་གཤིས་ཤིག་ཅིས་ཀྱང་ཡོད་པར་འདོད། མི་ཞིག་གི་རང་གཤིས་ནི་ཁོ་རང་གི་བསམ་སྦྱོར་ལས་མངོན་ཡོང་བ་ལྟར། མི་རིགས་ཤིག་གི་རང་གཤིས་ཀྱང་མི་རིགས་དེའི་ཐུན་མོང་གི་རིག་གནས་ཀྱི་ཁྱད་ཆོས་ཤིག་ལས་མངོན་ཡོང་སྲིད། དེར་བརྟེན། ང་ཚོ་བོད་ལ་ཡང་མི་རིགས་ཀྱི་རང་གཤིས་ཡོད་ཅིང་། ང་ཚོའི་རིག་གནས་སུ་འབོད་པའི་སྤྱི་མཚན་གྱི་རང་གཤིས་འདི། བོད་མི་སྒེར་བ་རེ་རེ་ཡི་སྟེང་ནས་མངོན་མཚོན་འབྱུང་བཞིན་ཡོད། བོད་ཀྱི་འཚོ་བ་མཚོན་པའི་སྒྱུ་རྩལ་གྱི་བརྩམས་ཆོས་གང་ཡིན་རུང་། བོད་པའི་སྤྱི་མཚན་གྱི་རང་གཤིས་དེ་སྒྱུ་རྩལ་གྱི་སྣང་བརྙན་རེ་རེའི་སྟེང་ནས་བྱེ་བྲག་གིས་མངོན་པར་མཚོན་ཐུབ་ན། གཞི་ནས་མི་རིགས་ཀྱི་ཁྱད་ཆོས་ཡོད་ལ་འཛམ་གླིང་གི་ཁྱབ་ཁོངས་སུ་ཡང་བོད་པ་ངོམ་སྟོན་གྱི་དཔེ་མཚོན་དུ་འགྱུར་སྲིད། ཚད་འདིའི་ངོས་ནས་བལྟས་ན། གློག་བརྙན་འདི་ནི་བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་འཚོ་བ། བོད་ཀྱི་མི་སོགས་ཅི་འདྲ་ཡིན་ན་དེ་ལྟར་ཕབ་སྐྲུན་རྣལ་མ་བྱས་པའི་བརྩམས་ཆོས་ལེགས་པོ་ཞིག་ཏུ་མཐོང་སྟེ། སྤྱིར་དོན་དམ་གྱི་སྒྱུ་རྩལ་ནི་ཇི་ལྟར་དངོས་ཡོད་དང་ཐག་ཉེ་ན་དེ་ལྟར་འདྲེན་ཤུགས་ཡ་མེད་ཅིག་ཡོད་སྲིད། དེ་བས་ཀྱང་བསྟོད་རི་བ་ཞིག་ནི་འཁྲབ་ཁྲིད་པས་བོད་ཀྱི་རིག་གནས་ཀྱི་ནང་སྙིང་ཞིག་སྣང་ཚུལ་དང་བྱུང་རིམ་གང་མང་བསྟར་ལ་བརྒྱུས་པའི་གོ་རིམ་ཁྲོད་རིམ་གྱིས་འོ་མ་དཀྲོགས་པ་ལས་མར་རྡོག་ཐོན་པ་བཞིན་ཀུན་ལ་རྗེན་པར་བསྟན་ཡོད་པ་དེ་རེད།

སྔོན་ཆད། ངས་ཚིག་དུམ་འདི་འདྲ་ཞིག་མཐོང་མྱོང་སྟེ། སློབ་མ་ཞིག་གིས་སྐད་གྲགས་ཆེ་བའི་མིའི་རིགས་པ་མཁས་ཅན་མར་གྷི་ལི་ཐི་མཆོག་ལ་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་གི་ཆེས་གདོད་མའི་མཚོན་རྟགས་དེ་དོན་དམ་དུ་ཅི་ཞིག་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར། མཁས་མཆོག་དེས་སློབ་མ་དེས་ཡིད་དུ་ཤར་བ་ལྟར་མེ་དང་རྡོ་ཆས་བེད་སྤྱོད་བཏང་བ། ཡང་ན་ཤིང་ལོ་སོགས་གོས་སུ་གྱོན་ཤེས་པ་དེ་ཡིན་པར་མི་བརྗོད་པར། དེ་ལས་ལྡོག་སྟེ། གནའ་རྫས་བརྟག་དཔྱད་མཁས་པས་རྙེད་པའི་གས་ཆག་ཤོར་རྗེས་སླར་ཡང་འབྲེལ་མཐུད་བྱུང་བའི་མི་ཡི་བརླ་རྐང་གི་རུས་པ་ཞིག་རྙེད་པ་དེ་ཡིན་ཞེས་གསུངས་ཡོད་པ་རེད། ཁོང་གིས་མུ་མཐུད་དུ་རང་གི་ལྟ་བ་དེར་འགྲེལ་འདི་ལྟར་བརྒྱབ་ཡོད་དེ། གདོད་མའི་དུས་སུ་མི་རྣམས་རང་བྱུང་ཁམས་སུ་འཚོ་བ་རོལ་བར་དཀའ་ཁག་ཤིན་ཏུ་ཆེ་བ་དང་། གདུག་རྩུབ་ཀྱི་ཁོར་ཡུག་དེ་འདྲ་ཞིག་ནས་མི་ཞིག་ལ་རྨས་ཚབས་ཆེན་ཕོག་ནས་བརླ་རྐང་སོགས་ཆག་གྲུམ་དུ་གྱུར་པ་ནི་ཆེས་ཉེན་ཁ་ཆེ་བ་ཞིག་ཡིན་པས། གལ་སྲིད་གཞན་གྱི་སྙོར་སྐྱོང་དང་རོགས་འདེགས་མེད་ན་མི་དེ་རང་འཆི་རྒྱུ་ངེས་གཏན་ཡིན། རང་བྱུང་ཁམས་ཀྱི་སྲོག་ཆགས་གཞན་པའི་ནང་དུ་འདི་ལྟར་རྨས་ཕོག་མཁན་དེར་རོགས་སྐྱོར་བྱེད་པའི་འདུ་ཤེས་དང་སྣང་ཚུལ་ཡོད་པ་ཤིན་ཏུ་དཀོན་ཏེ། གདོད་མའི་མི་ལ་དེ་ལྟ་བུའི་འདུ་ཤེས་དང་སྣང་ཚུལ་ཡོད་པ་ནི་ཤེས་རིག་གི་མཚོན་རྟགས་ཤིག་ཡིན་ཏེ། རྨས་ཕོག་པའི་མི་དེའི་ཉེ་འཁོར་གྱི་མིས་དུས་ཡུན་རིང་པོར་ཁོར་ཟས་གོས་སོགས་ཀྱི་ཐད་ནས་བདག་སྐྱོང་གང་ལེགས་བྱས་པ་ཤེས་ཐུབ། དེར་བརྟེན་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་གི་འཕེལ་རྒྱས་ནི་གཞན་གྱི་སྡུག་བསྔལ་ལ་སྙིང་རྗེའི་སེམས་སྐྱེས་པ་དང་དེ་ནས་དེར་རོགས་རམ་བྱེད་པ་ལས་བྱུང་བ་རེད་ཅེས་གསུངས་ཡོད། ངས་གློག་བརྙན་འདིར་ལྟ་དུས་ཚིག་དུམ་འདི་དབང་མེད་དུ་དྲན་བྱུང་། གློག་བརྙན་ནང་གི་མེ་ཏོག་དཀར་པོ་འཚར་ལོངས་འབྱུང་བའི་ཁྲོད་དུ་དོན་དམ་དུ་སུས་ཀྱང་བསྐྱུར་བ་དང་དོར་མེད་པར། ཕྱོགས་མང་པོ་ཞིག་ནས་ཉི་འོད་བཞིན་འཕྲོས་ཡོང་བའི་དྲོད་འཇམ་གྱི་བྱམས་བརྩེ་ཡིས་ཁོ་མོའི་འཚར་ལོངས་ལ་དོ་ཁུར་གང་ལེགས་བྱས་ཡོད། དེ་ལས་ཀྱང་གལ་ཆེ་བ་ནི། ཉི་འོད་ལྟ་བུའི་བརྩེ་བ་རྒྱ་ཆེན་ཞིག་ཡོད་པས། ན་ཆུང་གི་བུ་མོ་འདི་ཡང་སེམས་ཀྱི་གྲུ་ག་ཀུན་ཏུ་མུན་པ་ཅི་ཡང་མེད་པར་གཤིས་ཀ་སྤྲོ་བག་དོད་ཅིང་སེམས་རྒྱུད་བཟང་ལ། སྒེར་སེམས་མེད་པར་གཞན་ཕན་གྱི་སེམས་པ་ཡོད་པའི་བུ་མོ་ཡག་པོ་ཞིག་འཁྱོངས་ཡོད་པ་དེ་རེད། དེ་ནི་སློབ་གཙོས་རང་གི་སློབ་ཕྲུག་ཀུན་ལ་སྐད་ཆའི་ལམ་ནས་བསྒྲགས་པའི་གནས་ལུགས་དེ་དག་གི་བསྐྱེད་འབྲས་ཡིན་ལ། བུ་མོ་ཁོ་མོའི་ཕ་མ་དང་སྤོ་རྨོ། དེ་མིན་གཅེན་གཅུང་སོགས་ཀྱི་རང་གཤིས་སུ་བག་ལ་ཉལ་བའི་བོད་མིའི་གཤིས་ཀའི་ཤུགས་རྐྱེན་གྱི་བསྐྱེད་འབྲས་ཀྱང་ཡིན་ངེས། འདི་ནི་འཁྲབ་ཁྲིད་པས་བོད་ཀྱི་སྤྱི་ཚོགས་འཚོ་བའི་གཏིང་སར་བསྔོགས་ནས་ཁྱེད་ཅག་ལ་སྟོན་འདོད་པའི་ལག་མཐིལ་གྱི་འོད་འཚེར་བའི་བོད་ཀྱི་རིག་གནས་ཀྱི་ནང་སྙིང་དེ་ཡང་ཡིན་ངེས།

ངས་རང་གི་བུ་ཆུང་གི་སེམས་སུ་ཡང་འདི་ལྟ་བུའི་འོད་ཀྱི་ས་བོན་ཞིག་འདེབས་ཐུབ་པར་དགའ་བ་དཔག་མེད་སྐྱེས་ཐུབ་སོང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།