ཀྲུང་གོ་བོད་ཀྱི་དྲ་བ།

ཁ་བ་དང་བུ་ཡུག་གི་ཁྲོད་ན་བག་ལ་ཉལ་བའི་ང་ཡི་ཕ་ཡུལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2020-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྲིན་དཀར་གྱི་འདབ་མ་ནི་གཡུ་སྔོན་གྱི་ནམ་མཁའ་ལ་ལྷན་པ་བརྒྱབ་པ་བཞིན། སྐྱི་བསེར་རླུང་བུའི་སྒུལ་ཤུགས་མེད་པས་གཡོ་འགུལ་དང་འགྱུར་བ་མེད་ཅིང་། ཆ་མི་སྙོམས་པར་ནམ་མཁའི་མཐོངས་སུ་ཐང་མར་བརྡལ་འདུག ཁྲི་གདུགས་ཉི་མའི་ཞལ་རས་ཀྱང་སྤྲིན་དཀར་གྱི་ཡོལ་བས་བསྒྲིབས་ཏེ་དངོས་གནས“ཉི་མ་གཅེར་བུ”རང་རེད།

རབ་དཀར་ཁ་བའི་གོས་བཟང་གིས་ས་གཞི་འཛིན་མའི་ཕང་བ་ཡོངས་སུ་གཡོགས་ནའང་། ཉིན་འདི་དག་གི་རིང་ལ་ཉི་འོད་ཀྱི་ཟེར་ཕྲེང་འོད་ལམ་ལམ་དུ་འཕྲོས་པས། ད་ནི་དམའ་མོའི་གཞུང་གི་ཁ་བ་ཡོངས་སུ་ཞུ་ཚར་ནའང་། མཐོ་ཞིང་བརྗིད་པའི་ལྷུན་སྟུག་རི་བོའི་ཕྲེང་ཚོགས་ལ་སྨྲ་བ་མེད་པར། ཡུལ་འདིའི་ཤར་ནས་བྱང་དང་ལྷོ་ནས་ནུབ་ཀྱི་ངོས་གཉིས་སུ་འགྱིང་ཡོད་ལ། ནུབ་བྱང་གི་མཚམས་དང་ཤར་ལྷོ་ཡི་མཚམས་སུ་རི་བོས་བསྐོར་མེད་པས། ཡུལ་འདིའི་ཆགས་དབྱིབས་ནི་གྲོག་ཤུར་ཞིག་ཏུ་ཆགས་འདུག་པའི་སྣང་བ་སྐྱེས་འོང་། རི་བོའི་ཉིན་ངོས་ཀྱི་ཁ་བ་ཡོངས་སུ་ཞུ་ཚར་ཏེ་ནག་རོག་གེར་ཡོད་མོད། སྲིབ་ངོས་ཀྱི་ཁ་བས་རི་བོའི་གྲིབ་གཟུགས་རྒྱབ་རྟེན་དུ་བཀུར་བས་ད་དུང་དཀར་བོང་བོང་དུ་ཡོད་པ་དེ་ནི་རྒྱང་ནས་བལྟས་ན་རིན་ཆེན་གཟི་ཡི་ཕྲེང་བ་བསྟར་དུ་བསྒྲིགས་པ་ཇི་བཞིན། ཁྲ་རིལ་རིལ་དུ་འདུག་པས་མིག་ལྡན་སྐྱེ་འགྲོ་སུ་དང་གང་ཞིག་ཡིན་ཡང་། མིག་ལ་མཛེས་པའི་མཛེས་ལྗོངས་འབའ་ཞིག་ཏུ་གྲུབ་ངེས་ལགས།

ཨ་བྲ་དང་ཕྱི་བ་ཡོད་ཚད་ཚང་ལ་ཉལ་ཞིང་བྱ་བྱེའུ་དང་འབའ་འབུའང་གར་སོང་ཆ་མེད་དུ་གྱུར་པས། རྩེད་འཇོར་རོལ་ཏེ་སྤྲོ་སེམས་རབ་ཏུ་འཕེལ་བའི་ལུ་གུ་དག་ནི་ཁྱུ་དང་ཁྱུ་བྱས་ནས་ཡངས་པའི་ཐང་ཁུག་ཏུ་ཡར་རྒྱུགས་མར་རྒྱུགས་དང་ཡར་ལྡིང་མར་ལྡིང་བྱེད་བཞིན་མཆིས། དེ་དག་མཐོང་དུས་ལྷིང་འཇགས་ཀྱི་སེམས་སུ་སྨྲ་བསམ་བརྗོད་འདས་ཀྱི་སྤྲོ་སྣང་ཞིག་དང་དྲོད་ཁོལ་ཞིག་གིས་ཁྱབ་འོང་ལ། རང་གི་བྱིས་དུས་ཀྱི་སེམས་ཁུར་དང་སྨྲེ་སྔགས་མེད་པའི་འཚོ་བའང་དྲན་འོངས། དེ་བས་གཡང་དཀར་ལུག་གི་འབའ་སྒྲ་སྙན་མོ་དེ་ནི་སྣ་ལ་སྙན་པའི་ཁུ་བྱུག་གི་ངག་དང་། ཀ་ལ་པིང་ཀའི་གདངས་ལ་འགྲན་པར་སྤོབས། དེ་ལས་གཞན་ཅི་ཡང་གྲགས་རྒྱུ་མེད་པའི་ཕ་ཡུལ་གྱི་རྩྭ་ཐང་ནི་གསོན་ཤུགས་མེད་པ་ཇི་བཞིན་སྐྱ་ཐང་ཐང་དུ་སྣང་ལ། རྣམ་ཤེས་བོར་བ་ཇི་བཞིན་ཡོད་ཚད་ཁུ་སིམ་མེར་འདུག

སྐྱི་བསེར་རླུང་བུ་བསིལ་བསིལ་དུ་ལྡང་བ་ན། འཇག་རྩྭ་ཡི་ཤུག་གླུ་གང་སར་གྲགས་འོངས་ལ། ཤུགས་ཆེན་པོ་མེད་ཀྱང་གྲང་ལྷགས་ཧ་ཅང་ཆེ་བས། ཕར་འགྲོ་ཚུར་འོང་གི་འགྲུལ་བ་དང་གནག་ཕྱུགས་ཀྱི་རྫི་བོ་དག་གིས། ཁ་ཐུམ་སྣ་ཐུམ་བརྒྱབ་ནས་མིག་ཟུང་ཁྲ་རིལ་གཉིས་ལས་ཅི་ཡང་ཕྱིར་མི་མངོན་པར་བྱས་ཡོད། ན་ནིང་སྐྱེས་པའི་རྩི་ཏོ་ཡི་ཕོན་པོ་དག་ད་ནི་སྐྱ་རོག་གེར་ཕ་ཡུལ་གྱི་ག་ས་གང་དུ་ཡོད་པ་ནི། ཁ་བ་དང་བུ་ཡུག་འཚུབ་དུས་རྫི་བོ་ཀུན་གྱིས་ཙག་ལ་གཞའ་སའི་བསྟི་གནས་ཤིག་ཡིན་པར་མ་ཟད། མ་མོ་དག་གིས་འབའ་འབའ་ལུ་གུ་བཙས་རྗེས་བགྲོད་སའི་གནས་མལ་དྲོན་པོའང་ཡིན་པས། གཡོ་སྒྱུའི་ལས་ལ་བྱང་བའི་རྫ་ལུང་གི་དམར་ཡག་ཝ་མོས་ལུག་རྫི་དག་གཏི་མུག་གིས་བདས་ནས་གཉིད་དུ་ཡུར་བ་དང་བསྟུན་ནས། འཇབ་རྒྱུགས་བྱེད་ཆེད་མིག་ཟུང་ཆེས་ཆེར་བགྲད་དེ་སྐུང་སའང་ཡིན།

ཟླ་བ་འགའི་སྔོན་ལ་བཙུགས་པའི་སུམ་ཐོག་ཞིག་གི་མཐོ་ཚད་དང་ལྡན་པའི་གློག་སྡོང་མཐོན་པོ་དེ་དག་གིས་མདོ་དབུས་མཐོ་སྒང་གི་རུམ་ཁོང་ན་གཉིད་དུ་ཡུར་བའི་ང་ཚོའི་སྡེ་བ་འདིའི་པང་གཞུང་འཕྲེད་ཀྱིས་བཅད་དེ། ཤར་ཕྱོགས་ཨ་མྱེས་བ་ཡན་གྱི་རྩིབ་ལོགས་ཀྱི་ཏུའུ(བཏུལ)ཐང་གསུམ་གྱི་བྱེ་ཐང་གི་ཕྱོགས་དེ་ནས་ནུབ་ཕྱོགས་མན་འབྲེང་ཆུ་བོ་བཞུར་སའི་འགག་འཕྲང་དེའི་མདོ་ཁ་བརྒྱུད་ནས་མིག་གིས་མི་མཐོང་བའི་ནུབ་ཕྱོགས་སུ་གནམ་སའི་འདྲེས་མཚམས་དང་འདྲ་བའི་རྒྱང་རིང་རྒྱང་རིང་ཞིག་ལ་བསྲིངས་འདུག སྔོན་ཆད་ཆུ་གློག་འཐེན་པའི་རྗེས་ནས་ཆུ་གློག་གི་གློག་སྡོང་ཀ་བ་དག་ནི་མཐོན་པོ་མཐོན་པོ་ཞིག་རེད་བསམ་མྱོང་། ཡིན་ན་ཡང་ད་ལྟའི་གློག་སྡོང་འདི་དག་དང་བསྡུར་ཚེ། དེ་ནི་དངོས་གནས་གྲོག་མ་དང་གླང་ཆེན་བསྡུར་བའི་ཚོད་དུ་འདུག་ཨང་།

བྱང་རླུང་དྲག་ཏུ་གཡུགས་ཐེངས་རེར། ཐང་སྐྱ་སྒོ་མེད་འདི་རུ་ས་རྡུལ་ལང་ལོང་འཚུབ་ཏེ་གནམ་ས་གཉིས་ཀ་བསྒྲིབས་ནས་མུན་པ་དམར་པོ་འཐིབས་འོང་བ་ནི་སྡེ་བའི་བྱང་མཐའ་ཡི་ཆུ་མའི་ཞིང་གི་ས་རྡུལ་ཡོད་ཚད་རླུང་ནང་ལ་དྲངས་པ་ཇི་བཞིན། མིག་གི་མཐོང་ལམ་ཡང་རང་གི་རྡོག་སྣེ་རིག་པ་ཙམ་ཡིན།དེའང་བཤད་རྒྱུན་ལ་གླིང་རྗེ་གེ་སར་རྒྱལ་པོ་ཡར་ཁམས་བྱང་མའི་རི་རྒྱུད་ལ་བདུད་འདུལ་དུ་གཤེགས་སྐབས། ཁོལ་མོ་དབུས་གཞུང་འདི་གར་བོར་བར་གྲགས་པས། བྱང་གི་རླུང་ཆེན་གཡུགས་པ་ནི་དགུན་མཇུག་རེ་རེའི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་མཐོང་། རླུང་འཚུབ་དམར་ནག་འདྲ་ལྡང་བར་གྱུར་ཚེ། ཁ་ནང་མིག་ནང་ལ་རྡུལ་འཚངས་རྒྱག་འོངས། ས་རྡུལ་གྱི་ཡེར་མོ་གཅིག་རྗེས་གཉིས་མཐུད་དུ་འཕྱོ་བ་དེས་ཨ་བྲ་རྒྱ་བོའི་ཁ་བསོག་དེད་དེ། རྩི་ཏོའི་གསེང་ལ་རྩྭ་འཚངས་རྒྱག་པའམ་ལུང་བའི་མཐིལ་དང་རི་བོའི་སུལ་ལ་སྐྱེལ་བར་བྱེད། ཉག་ཁའི་དར་ལྕོག་ཟད་པོ་དེ་ནི་གར་ལྭ་ཆལ་ཆོལ་གྱོན་པའི་གར་མ་དང་འདྲ་ལ།དེས་རླུང་ཁྲོད་དུ་གར་སྟབས་བསྒྱུར་བའི་སྒྲ་ནི།ཅང་ཤེས་རྟ་མཆོག་སྟོང་གི་རྨིག་སྒྲ་དང་འདྲ་བར་རྨ་ཆུ་ལི་མའི་ཆལ་ཆིལ་གྱི་རླབས་སྒྲ་ལའང་སྐྱེངས་པ་སྟེར་ངེས། རླུང་གི་ཁྲོ་རྩུབ་དང་འགྲོགས་ནས་ངར་སྒྲ་དེ་ལའང་སྒྲ་གདངས་དྲག་ཞན་གང་རུང་མཆིས།མཚན་གྱི་དུས་སུ་དེ་ནི་སྐར་ཚོགས་སྲུང་བའི་སོ་བ་རུ་གྱུར་ཏེ་ཀེ་རེར་འགྲེངས་ནས།རླུང་བུའི་བསླུ་བྲིད་ལ་དོ་སྣང་ཆེན་པོ་ཡེ་ནས་མི་བྱེད་པར།དལ་དལ་གྱིས་སྒུལ་བ་ཡང་ཅུང་ཙམ་གྱིས་ཞི་འཇགས་སུ་འགྲོ།འབྲོག་པ་ཚོས་གནག་ཕྱུགས་ལྷས་ལ་བསྐོར་བའི་ས་སྲོད་ཀྱི་དུས་ཏེ་བྱང་སྐར་ཨ་བརྟན་འཛུམ་གྱི་ལེར་ཤར་དུས་རླུང་ཡང་ཞི་འཇགས་སུ་འགྲོ་བ་ཡོད། དེ་དུས་ཀྱི་ནམ་མཁའ་ནི་གཡུ་ཡི་མེ་ལོང་ལན་བརྒྱར་ཕྱིས་པ་དང་འདྲ་བར། རྒྱང་མིག་ཆད་པར་གྱུར་ཚེ། གནམ་གྱི་སྐ་རགས་སུ་འབོད་པའི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་སྐར་ཚོགས་ཀྱང་ཚོམ་བུ་དང་ཚོམ་བུ་བྱས་ཏེ།དེའི་ནང་ལ་ལྡོག་འཕྲོ་བྱས་ནས་ཤར་ཡོང་།

ལོ་དང་ཟླ་བ་མང་པོ་ཞིག་གི་འཁོར་སྐྱོད་དང་བསྟུན་ནས་ཚན་རྩལ་རིག་པའི་གོམ་འགྲོས་གློག་ལྟར་མྱུར་ཞིང་།གནམ་འདེགས་ཀྱི་ཀ་བར་འོས་པའི་ཐོག་བརྩེགས་མཐོན་པོ་དང་ཟླ་བའི་ཁང་བཟང་དུ་བགྲོད་པའི་མེ་ཤུགས་འཕུར་གྲུ་སོགས་བྲིན་པར་གྱུར་ན་ཡང་།མཐོ་སྒང་ཨ་མའི་པང་ཁུགས་ན་ཁ་རོག་གེར་བསམ་གཏན་ལ་གནས་འདྲའི་ང་ཡི་ཕ་ས་ཕ་ཡུལ་མ་མོའི་བྲང་མགོ་འདྲ་བ་འདི་ནི། མགོ་དཀྲིས་དཀྲིས་པའི་བུ་མོ་གཞོན་ནུ་མ་ཞིག་གིས་ངོ་ཚ་ཡི་མགོ་བོ་བྲང་ཁར་སྨད་འདུག་པ་ཞིག་དང་འདྲ་བར། སྨྲ་བ་དང་གྲགས་འགུལ་ཅི་ཡང་མེད་པར་ཁུ་སིམ་མེར་གནས་པ་ནི། ཕྱི་མའི་ཡུལ་ལ་མགྲོན་དུ་བཞུད་ནས་ལོ་ངོ་མང་པོ་འགོར་བའི་མེས་པོ་ཞིག་འདས་ལོག་བརྒྱབ་སྟེ་ཕྱིར་སླེབས་ན་ཡང་ཕ་ཁྱིམ་འདི་སྔར་དང་འདྲ་བར། ཡ་མཚན་ལྟད་མོ་ཅི་ཡང་མཐོང་རྒྱུ་མེད་པའང་སྲིད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།