ཀྲུང་གོ་བོད་ཀྱི་དྲ་བ།

ང་ནི་བུད་མེད་ཅིག་སྟེ་ང་ནི་བོད་མོ་ཞིག་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ངྷ་ན་ཀོ་ཤ།   སྤེལ་དུས། : 2020-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ནི་བུད་མེད་ཅིག་སྟེ་གནམ་གྱི་ཕྱེད་ཀ་ཡིན།

ང་ནི་བོད་མོ་ཞིག་སྟེ་གཡའ་དག་པའི་མཁའ་དབྱིངས་ཡིན།

ཡིན་ནའང་། ངས་བུད་མེད་ཅིག་གམ་བོད་མོ་ཞིག་གིས་བསྒྲུབ་འོས་པའི་འགན་ཁུར་ཡོངས་སུ་འགྲུབ་མེད་པ་འདྲ། དེ་ནི་ངས་བཞོ་ལོང་བཏགས་ཤིང་བཞོ་ཟེའུ་བསྐྱོར་ཏེ་འབྲི་དང་མཛོ་མོའི་ནུ་མགོར་འཇུས་མ་མྱོང་ལ། ངས་འོ་འཁོར་ཐོགས་ནས་སྟོང་བཤིགས་མར་ལོ་རིལ་བུར་ཡང་ཕབ་མ་མྱོང་། ངས་ད་དུང་དར་བ་བསྐོལ་ཏེ་ཆུར་བ་བཙགས་མ་མྱོང་ལ། ངས་དཀར་ཡོལ་ནང་འབྲུ་མར་མར་ལོ་འཕངས་ནས་སྦྲང་དཀར་རྩམ་པ་ཡང་བརྫི་མི་ཤེས་པའི་ཚོད་རེད། ཐ་ན་ངས་ལྕི་བ་བསྒྲུགས་ཏེ་ཨོང་བའི་འབར་རྫས་བརྩིག་མི་ཤེས་ལ།“རིལ་མར་མེ་བསྒོས་ཤིང་ཡུ་ཏོར་ཁྲབ་བསྐོན་ཏེ་ཧོར་དམག་བསྐྲད་པ་གླིང་འབྲུག་མོའི་ཐབས་རྩལ”ལྟ་ཞོག རིལ་རྡུལ་སྤུངས་ནས་རྐང་ངར་ཙམ་དྲོས་པའི་སྲོ་ཁང་ཡང་བསྲོས་མ་མྱོང་།

དྲང་མོར་བཤད་ན།“དཔྱིད་ཀྱི་མ་མོ་སྣབས་ལུག་མ”ཞེས་སྐྱ་ཟད་སྔོ་རྡུགས་ཀྱི་དཔྱིད་མགོར། འབྲི་མོ་གྭ་ཏོ་མའི་ཡ་ཁོག་མ་ཁོག་ལ་འབྱར་ཞིང་། མ་མོ་གྲོ་རིལ་མའི་སྒྱིད་པ་སྒྱིད་པར་གཙུབ་ནས་འགྲོ་བའི་སྐབས་སུའང་། ངས་གཟན་ཆས་བརྫིས་ཤིང་གཟན་རྩྭ་གཏུབས་ནས་གླེན་ལྐུགས་ཉམ་ཆུང་དེ་དག་ལ་འཚོ་བཅུད་ཁ་སྣོན་མ་བྱས་ལ། འབྲི་མོ་འགྱེལ་ནས་སྒལ་ལོག་པ་དང་མ་མོས་མཆུ་ཏོ་སར་བཞག་ཀྱང་། ཐ་ན་ལག་པས་སྐྱོར་སྐྱོར་ཙམ་ཡང་མ་བྱས།

དབྱར་མགོ་ཚུགས་ཏེ་ཁུ་བྱུག་གི་གསུང་སྐད་དང་མཉམ་དུ་འབྲི་མཛོ་མོའི་ནུ་ཁ་ཇེ་ཡངས་དང་ཆུང་ལུ་གུའི་ལྡིང་ཚད་ཇེ་མཐོར་ཕྱིན་དུས། ངས་དྲིན་ཅན་བཞོན་མའི་གཉའ་བར་བྱིལ་བྱིལ་མ་བཏང་ལ་ཆུང་ཆུང་ལུ་གུའི་རྩེད་འཇོ་ཉམས་སུ་མ་མྱངས་པར་སྦྲ་ནག་པོའི་ཆོན་ཐག་ལ་འཇུས་ཏེ། རླུང་བསེར་བུས་མི་གཏགས་ཤིང་དགུང་ཉི་མས་མི་གདུང་བའི་གྲོང་རྡལ་གྱི་དྲོད་གྲང་སྙོམས་པའི་རྒྱ་ཁང་གྲུ་བཞི་ཞིག་རེག་པའི་རེ་སྨོན་འབའ་ཞིག་བསྒོམས།

“ནོར་རྒྱགས་ཀྱིས་རི་སྙེག ལུག་རྒྱགས་ཀྱིས་ཡུལ་སྙེག”ཅེས་པ་ལྟར། རྩི་བཅུད་རྫོགས་པའི་སྟོན་ཁར།

ནོར་གནག་གིས་རྩི་མགོ་བསྙེགས་ཏེ་སྟོད་ལ་བཞུད་དུས་ངས་རྗེས་ལ་ཕེ་འདེབས་མི་ཤེས་ལ། གཡང་དཀར་གྱིས་ལྷས་ར་བསྙེགས་ཏེ་ཤོད་ལ་བབས་ན་བློ་བག་ཕེབས་པའི་ཚུལ་དུ་མ་ཎི་ཡིག་དྲུག་ཙམ་ཡང་བཟློ་མི་ཤེས།

ཁ་བ་ལྷབ་ལྷུབ་འབབ་ཅིང་ལྷགས་རླུང་རྐང་ལ་ཟུག་པའི་དགུན་ཁར། འབྲི་གཡག་གི་ཁ་རླངས་ཆབ་རོམ་དུ་གྱུར་ཅིང་མ་ཚེར་གྱི་བལ་རྩེར་གངས་རིལ་ཆགས་དུས། ངས་ནོར་རྩིད་ཀྱིས་བཏགས་པའི་སྦྲ་ནག་སྐྱིབས་སུ་བརྟེན་ཞིང་ལུག་བལ་གྱིས་བཞག་པའི་གདན་དཀར་སྟན་ལ་བཏིངས་ནས་ཞེ་ལྷོད་ལྷོད་ཀྱིས་ཇ་འོ་མའི་ཞིམ་ཤ་ལྕེ་རྩེས་མྱོང་བཞིན་མར་སེར་པོའི་ཉིང་བཅུད་ལྕེ་རྩར་དྲངས་ཏེ་དེ་དག་ཕངས་མེད་སྟོབས་པའི་སྦྱིན་བདག་བྱང་སེམས་ཅན་ནི་སུ་དང་གང་། ཞེས་སེམས་རྣལ་དུ་ཕབ་ནས་བསམ་གཞིག་ཙམ་ཡང་བཏང་མ་མྱོང་།

ང་ནི་བུད་མེད་ཅིག་སྟེ་ས་དོག་མོའི་ཁ་ཞེང་ཡིན།

ང་ནི་བོད་མོ་ཞིག་སྟེ་འབྲུ་སྣ་ལྔའི་བདག་མོ་ཡིན།

ཡིན་ནའང་།ངས་བུད་མེད་ཅིག་གམ་བོད་མོ་ཞིག་གིས་བསྒྲུབ་འོས་པའི་བྱ་བ་གང་ཡང་བསྒྲུབས་མེད་པ་འདྲ། དེ་ནི་ངས་སླེ་བོ་ཁུར་ནས་ཞིང་ལ་ལུད་བཞག་མ་མྱོང་ལ། ངས་ལྕགས་ཁེམ་བཟུང་ནས་ཡུར་བར་ཆུ་ཡང་དྲངས་མ་མྱོང་།

ཡུར་མ་ཁེར་ཡུར་ཏེ།“ལྗང་ལོའི་རྣ་རྩར་ས་གཏོར་ན་ལྗང་ལོས་རྣ་གཤོག་སྤྲུག་སྤྲུག་གིས་སྐྱེ་སྟོབས་ཀྱི་དཔལ་ངོམ་འོང”ཞེས་གྲགས་ཀྱང་། ངས་ཞིང་ལག་མཐིལ་ཙམ་ཡང་མ་གཙབས་ཤིང་ས་བསང་རྩི་འདྲ་རེ་ཡང་ལྗང་ལོའི་འགྲམ་པར་མ་གཏོར། སྐབས་དེར། སོ་ནམ་ལ་བྱང་བའི་ཨ་མ་ཀླུ་མོ་དང་ཨ་ཅེ་མཁའ་མོ་སོགས་ཀྱིས་ཞིང་རེ་ཡུར་ཚར་ལ་ཁད་དུ་ཡུར་ཆས་ཁྱེམ་བུས་ས་ལྡུམ་འདྲེས་མ་ཕྱོགས་བཞི་མཚམས་བརྒྱད་ལ་གཏོར་བཞིན།“ལྡུམ་ཤི་ལྡུམ་ཤི། ལྡུམ་ཕ་ཤི་དང་བུ་ཤི།ལྗང་ལོངས་ལྗང་ལོངས།ལྗང་ཕ་ལོངས་དང་བུ་ལོངས།”ཞེས་བདེན་ཚིག་བོར་ན། ང་ཁོང་དགོད་ཅིག་ཤོར་བ་དང་སྦྲགས“གནའ་མི་གླེན་པ་དུད་དྲེག་མ”ཞེས་མ་རངས་པའི་ཚུལ་ཡང་བསྟན་མྱོང་།

དེ་ལྟར་ཕལ་ཆེར་དབྱར་ཟླ་ཧྲིལ་པོར་བསྒུར་ནས་དགྱེ་ཁོམ་མེད་པ་ཡུར་མ་ཉིས་ཡུར་གྱི་སྐབས་དག་ཏུ་ངས་གྲལ་མཉམ་པའི་ལོ་ཡག་སྙེ་མ་ཕར་སྒུལ་ཚུར་བཀར་གྱི་གསེང་ནས་རྩྭ་ལྡུམ་ལག་པས་མ་བལ་ལ་སོར་མོར་སྔོ་དྲེག་ཀྱང་ཆགས་མྱོང་མེད། མཐར་གཏུགས་ན་ཆེས་སླ་བའི་ཡུར་མ་མགོ་བཤང་སྟེ་ལངས་ནས་འགྲོ་ཞོར་དུ་ཡུག་པོ་བཤང་བ་ཙམ་ཡང་མི་ཤེས།

ཐམས་ཅད་སྨིན་ཐག་ཆོད་པའི་སྟོན་ཁར།

ངས་ཕུ་རུང་རྐེད་པར་དཀྲིས་ཤིང་ཐུ་སྣེ་རྐེད་ལ་གསེབ་ནས་ནས་ཞིང་སྔོན་མོ་མ་བརྔས་ལ་གོས་ཀྱི་ཐུ་བ་བཟེད་ནས་སར་ཐོར་བའི་ནས་ནག་སྙེ་མའང་བཏུས་མྱོང་མེད། གཡུལ་གཅོག་འབྲུ་བརྡུངས་ཀྱི་སྐབས་སུ། ངས་རྒྱ་ཚེབ་བཟུང་ནས་རྩྭ་འདེད་པ་དང་བོད་ཁེམ་བཟུང་ནས་འབྲུ་ཕྱར་བའང་ཆེས་དཀའ་ཁག་ཏུ་སེམས།

ང་ནི་བུད་མེད་ཅིག་སྟེ་བཟའ་བཏུང་གི་འབྱུང་ཁུངས་ཡིན།

ང་ནི་བོད་མོ་ཞིག་སྟེ་ལག་ལས་ཀའི་གཞི་མ་ཡིན།

ཡིན་ནའང་། ང་ནི་ལག་ནས་ཅི་ཡང་མི་ཐོན་ལ་ལག་ན་ཅི་ཡང་མེད་པའི་དབུལ་པོ་དབུལ་རྐྱང་ཞིག་ཆགས་ཡོད། དེ་ནི་ཞོགས་པ་རེ་རེར་ཐལ་བསྲེག་དང་ཟངས་བསྲེག ཁོན་བཞག་སོགས་གོ་རེ་ཁོལ་མ་ལས་མི་ཤེས་ཤིང་། ས་སྲོས་སུ་ལག་པ་གཙང་མར་བཀྲུས་ཤིང་ཕྱེ་བརྡལ་ཕྱེ་ལ་བཞག་སྟེ་ཕྱེ་ཐུག་ཀྱང་བརྡལ་མི་ཤེས། ཨ་མ་ཀླུ་མོས།“ཕྱེ་བླངས་རྗེས་སྣོད་ཁ་བསུམ་པ་དང་། ཕྱེ་བརྫིས་རྗེས་ཤུགས་ཀྱིས་བསྣོ་བ།ཕུ་བཏབ་ན་འཕུར་འགྲོ་བའི་ཧུབ་ཅིག་བརྡལ་དགོས”ཞེས་བྱན་མོ་ཞིག་གི་ཆེས་མ་མཐའི་ཁྱད་ཆོས་ཟུར་ཙམ་བརྗོད་དུས།ངས་རང་གི་ཐོས་འཛིན་སྒོ་མོར་སྔ་མོ་ནས་ལྕགས་ཟྭ་བརྒྱབ་ཟིན། ཐ་ན་མ་ལོས་བཅོས་པའི་གོར་གོར་གོ་རེ་ཡང་ལག་ཡང་མོའི་སྒོ་ནས་གཅོག་མི་ཤེས་པ་དང་ལག་པས་འཆིང་འཆིང་དང་མཐའ་དཀྱུས་བསྐོར་བ་སོགས་སྲོལ་ཀ་འཆོལ་ནས་ཟ་ཡང་མི་ཤེས། ནུབ་ཚ་འཐུང་རྗེས། ཨ་མ་པད་སྐྱིད་ཀྱིས།“ཟངས་ང་བཀྲུ་ན་ཁ་ཤ་དང་ཐོམ་བུ་བཀྲུ་ན་རྐེད་རྩ”ཞེས་ཀ་ཅ་བཀྲུ་སྲོལ་ནས་བསླབ་བྱ་གནང་ཡང་དེའི་ཡང་སྙིང་རྟོགས་མ་སོང་།

བསམས་བསམས་ན། ང་ནི་ལས་ངན་ནང་གི་ལས་ཅན་ཞིག་སྟེ། སྦྲ་ནག་གྲུ་བཞི་ལྟེབས་ལྟེབས་ནས་བཤམས་སྟོན་ཁང་ལ་ཕུལ་བ་དང་ནོར་གནག་དང་གཡང་དཀར་ཁྱུ་དང་ཁྱུ་བྱས་ནས་ཤན་པའི་ལག་ལ་གཏད་རྗེས། ཤུལ་གྱི་སྒྱེད་པུ་ཐལ་རྡུལ་གྱིས་བཏུམས་ཤིང་ལྷས་ཀྱི་ལྕི་རྡུལ་ལྡུམ་བུས་ཟོས་རྐྱེན། ངས་བཞོ་དབྱངས་ངག་གིས་གྱེར་མི་དགོས་ལ་ངས་རྩིད་སྐུད་ཐགས་ལའང་འདྲེན་མི་དགོས། དེ་བས། ཟིལ་ཤུགས་ཉམས་པའི་ཁྱི་རྒན་རྒྱ་བོ་དང་ཁིས་ན་རལ་བའི་དར་ལྕོག་ཟད་པོ་དེས་ཀྱང་ང་ལ་འཁང་ར་དང་འཕྱ་དམོད་བྱེད་དོན་མེད། དེ་ལས་ཀྱང་། སྟོད་ན་ས་རྒོད་ཀྱི་འཇག་སྐྱས་ཤུ་སྒྲ་འབྱིན་ལ་སྨད་ན་གསེར་དངུལ་གྱི་ཞིང་ས་རྡོ་རུ་གྱུར་ཏེ་མཚམས་ཀྱི་ལྕང་མས་གར་སྟབས་སྒྱུར་དུས། གཉའ་ཤིང་དང་གཤོལ་མདའ་རི་ན་གས་ལ་ཤལ་བ་དང་སླེ་བོའི་ལོང་ཐག་ཆད་པས། གསེར་ཏིག་དང་དངུལ་ཏིག མུ་ཏིག་སྟེ་གྲོ་ནས་སྲན་གསུམ་འཁྲུངས་སའི་གཡུ་གཞོང་དང་དེའི་རིན་ཐང་གཞལ་མཁན་མེད་ཙ་ན། ངས་ཀྱང་དེའི་ལོ་རྒྱུས་ལ་ཕྱི་མིག་སྲིང་དོན་མེད། མཚམས་ལན་རེར། ཨ་ཕ་གཡུང་ཚེས།“ཕྱི་དྲོའི་ཉི་མས་ཕྱི་མིག་བསྲིངས་ན། །ཞིང་འབྲེག་རྒན་པོས་ཟོར་བ་རྡོར། །”ཞེས་ལག་ཏུ་རྒྱ་ཟོར་བཙས་ཟིན་པ་ཞིག་བཟུང་ནས་ཡར་ལ་གོམ་གསུམ་དང་མར་ལ་གོམ་བཞི་འདོར་བ་ལས། ཡར་ཀླུང་ཟོ་དང་རིང་མོའི་གཏམ་རྒྱུད་ངག་གིས་སྐྱོར་བཞིན་སུ་དང་གང་ཞིག་ལ་སྡུག་ཡུས་རྗོད་ཀྱིན་ཡོད་པ་འདྲ་ཡང་། སྐབས་དེར། ངས་སྐད་གདངས་མཐོན་པོས། ཨ་ཕ་གཡུང་ཚེ་ལགས། དུས་རབས་འགྱུར་ཟིན། ང་ཚོ་ཡང་འགྱུར་ཟིན།“ཡུལ་ཡར་ཀླུང་ནས་འདུག་ན། ལྷ་ཡར་ལྷ་ཤམ་པོ་མཆོད་དགོས།”ཞེས་གྲགས་པ་བདེན་དུ་ཆུགས་ཀྱང་།“རྙིང་ཞེན་མཁྲེགས་འཛིན་བྱས་ན་དུས་རབས་ཀྱི་རྗེས་མི་ཆོད”ཅེས་ཁ་ཤོམ་འཐེན་པ་ན། ཨ་ཕ་གཡུང་ཚེས་ཅི་ཡང་མི་སྨྲ་བར་ལག་གཡོན་ལ་ཟོར་བ་ཐོགས་ཤིང་ལག་གཡས་ཀྱིས་ཐོད་པ་བཀབ་ནས་ལ་མགོའི་ཉི་ཟེར་ལ་རྒྱང་ལྟ་བྱེད།

གང་ལྟར།སྟེས་དབང་ཞིག་གིས། ང་མཐོ་ས་རི་སྟེ་སྦྲ་རོག་རོག་གི་འདབས་རོལ་ནས་ལམ་ལ་ཆས་ཏེ་བར་རོང་ས་སྟེ་ཁང་སྐྱ་ལེབ་ཅན་གྱི་སྲང་ལམ་བརྒྱུད་ནས་སྨད་ཕྱོགས་རྒྱ་བོད་གཉིས་ཀྱི་གྲོང་། རྡོ་དང་སོ་ཕག ཨར་འདམ་གྱིས་བཟོས་པའི་ཁང་བརྩེགས་མཐོན་པོའི་གཞི་མདོར་སླེབས་ཤིང་དེ་ནས་གནས་བཅོས་པ་ན།“སྟ་རེ་བསྲིངས་ན་ནགས་དང་། །ཐོམ་བུ་བསྲིངས་ན་ཆུ། །”ཞེས་པ་ལྟར། ཟ་ཁང་ངམ་ཚོང་ཁང་གང་ཞིག་གི་ཞབས་ཞུ་བ་རེག་པའི་གླ་རྔན་ཉི་ཚེ་བ་དེས་སྒོ་འགྲམ་ན་ཡོད་པའི་འོ་མ་ཤོག་ཐུམ་ཉོས་ཆོག་ཅིང་འགྱིག་སྒམ་ན་དཀག་པའི་འོ་ཞོ་སེར་སྤྲིས་མ་ཡང་འཐུང་ཐུབ། དེ་ལས་གཞན་མཁར་སྒོ་ནས་རྩམ་པ་གློག་འཐག་ཉོས་ཆོག་ལ་སུམ་མདོ་ནས་གོ་རེ་གློག་བསྲེག་ཀྱང••••••། ད་དུང་ཐུག་པ་བརྡལ་མ་དང་ཚོད་མ་བརྔོས་མ། མ་ཚོས་སྔ་སྔོ••••••

དེ་ལྟ་བས་ན། འུར་ཆ་བཟུང་ནས་ཕྱུགས་ཟོག་གི་རྗེས་སྙེག་དོན་མེད་ལ་ལྕགས་ཁེམ་བཟུང་ནས་རྣང་མའི་ཞིང་ཚིགས་ཇེ་མཐོར་གཏོང་དོན་ཡང་མེད། ཐ་ན་སློབ་གྲྭ་ནས་ཡི་གེའང་འགྲོ་འདུག་ཙམ་ཤེས་པས་འཐུས་སོ།། དེ་ནི་ད་ལྟ་ཆ་འཕྲིན་གྱི་དུས་རབས་ཡིན་པས། དྲ་ཐོག་ནས་བྱ་བ་བཙལ་ཆོག་ཅིང་དྲ་ལམ་ནས་ཚོང་ཡང་གཉེར་ཆོག དྲ་ཐོག་ནས་གྲོགས་བསྒྲིག་ན་ཆོག་ལ་དྲ་ལམ་ནས་སྟོང་བཤད་སྲིད་པའི་འཁོར་ལོ་ཡང་བསྐོར་ཆོག

དྲ་ཐོག་ནས་སྒོར་བསླང་ན་ཆོག་ལ་དྲ་ལམ་ནས་ཡག་ངོམ་ནའང་ཆོག••••••

མདོར་ན། ངས་ཅི་ཡང་མ་བསླབས་མོད་ངར་ཅི་ཡང་ལྡན་པ་འདྲ། མགྱོགས་འཕྲིན་རྩེད་རར་བུད་ན། ཀུན་གྱི་མིག་དབང་ངས་འཕྲོག་ལ་བྱིངས་ཀྱི་རྣ་དབང་ཡང་ང་ལ་དབང་བར་མ་ཟད། ཐ་ན་ཡོངས་ཀྱི་ཡིད་ཀྱི་དབང་པོའི་སྲབ་སྐྱོགས་ཀྱང་ངའི་ལག་ན་ཡོད་པ་འདྲ་བས་གང་འདོད་དུ་ཁ་ལོ་བསྒྱུར་རྐྱང་རེད། ཧ་ཧ་ཧ••••••

དུས་ཀྱི་འཕོ་འགྱུར་ཆུ་བོའི་རླབས་སྒྲ་དང་འགྲོགས་ནས། ང་སྐྲ་ལན་ཕྲུག་བསྟར་བའི་འབྲོག་མོ་ཞིག་ནས་སྐྲ་ཉིས་སླས་ཅན་གྱི་རོང་མོར་གྱུར་ཅིང་། སྐྲ་ཉིས་སླས་ཅན་གྱི་རོང་མོ་ནས་སྐྲ་སྐེད་ནས་གཏུབས་པའི་རྒྱ་མོར་གྱུར་ལ། ལྷག་པར་དུ། སྐྱེས་ལྷ་ཨ་མྱེས་སྟག་ལུང་གིས་ཨ་མ་གྱོ་མོ་སྟེ་རང་གི་མཛའ་མོ་ཁྲི་འདོན་བྱས་པ་ནས། ཕོ་མགོ་ལས་མོ་མགོ་མཐོ་བའི་རྟེན་འབྲེལ་འགྲིག་སྟེ། ང་རང་ཅི་ཡང་མི་ཤེས་པའི་བུད་མེད་ཅིག་གི་གོ་ས་ནས་རིམ་བཞིན་ཅི་ཡང་ཤེས་པའི་ཁྱིམ་གྱི་བདག་མོར་གྱུར་པ་དང་། ང་ནི་སྲོལ་རྒྱུན་བོར་བའི་བོད་མོ་ཅང་མེད་ཅིག་ནས་ག་ལེར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གདོང་སྣ་ནས་ཀྲོང་ངེར་འགྲེང་ནས་འདུག་ཐུབ་པ་ནི་དངོས་གནས་ངོ་མཚར་ཨང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།