ང་ཡི་ཨ་མ་ལགས།

ང་ཡི་ཨ་མ་ལགས།     

 —གྲོགས་པོ་ཞིག་གི་ཚབ་ཏུ་བྲིས།

འཇིག་རྟེན་དཀར་ངོགས་འདིར་བསླེབས་པ་ནས་བཟུང་། ཨ་ཕ་ཞེས་འབོད་སའི་མི་ཞིག་མཐོང་མ་མྱོང་བས། ཨ་མ་ཞེས་པའི་ཐ་སྙད་འདི་ཁོ་ན་དགའ་དུས་དགོད་སྒྲའི་ཀློང་དང་། སྡུག་དུས་ངུད་མོའི་ཁྲོད་ཤེས་མེད་ཚོར་མེད་ཀྱིས་ངག་སྒོ་ནས་ཐོན་འགྲོ་བ་སོགས་ག་དུས་ཡིན་ན་ཁ་བཏོན་ལྟ་བུ་ཞིག་ཡིན། དེ་བཞིན་འཇིག་རྟེན་འདིར་ང་རང་ལ་དྲིན་གྱི་བུ་ལོན་རབ་ཏུ་ལྕི་བའི་མི་ཞིག་ཡོད་པ་དེ་ཨ་མ་ཡིན་ལ། ཁོ་མོས་བུ་ཆུང་ང་རང་ཡ་ཆུང་སེམས་ཀྱི་སྲོག་སྙིང་དང་དཔྲལ་བའི་མིག་གི་ཆ་ཤས་སུ་རྩི་བ་ཡིན། དེ་ཡང་། ཨ་མའི་ལོ་ངོ་མང་པོའི་དཀའ་སྡུག་གི་བརྒྱུད་རིམ་ནི་སྒྲུང་རིང་གི་དེབ་ཅིག་ཡིན་པའི་དབང་དུ་བཏང་ན། དེ་ནི་ཁྱད་དུ་འཕགས་པའི་འཇིག་རྟེན་པ་ཞིག་གི་འབད་འབུངས་དང་བརྩེ་བ་ལས་གྲུབ་པའི་དེབ་མཆོག་ཅིག་ཅིས་ཀྱང་ཡིན་ངེས།

འདི་ལྟར་འདས་ཟིན་པའི་ལོ་ཟླར་ཕྱིར་མིག་རེ་བལྟས་ཚེ། ང་ཡི་སེམས་སུ་ཝ་ལེར་དྲན་ཡོང་བ་ནི། དང་ཐོག་འཇིག་རྟེན་གྱི་དཀར་ངོགས་དང་བྱ་བྱེད་མཐའ་དག་ངོས་འཛིན་ཐུབ་པ་ནས་བཟུང་། ག་དུས་ཡིན་ན་ང་ཡི་མིག་ལམ་དུ་མངོན་ཡོང་བ་ནི་ཨ་མ་ལགས་རེད། ང་རང་ལོ་ལྔ་ལ་སོན་པ་ནས་བཟུང་། ཨ་མ་ལགས་ཀྱིས་ངེད་ལ་སྲིང་མོ་སྙིང་རྗེ་བོ་ཞིག་བཙས། ཁོ་མོས་ངེད་ཅག་མིང་སྲིང་གཉིས་འཕྲོ་རིམ་འཕྲོར་སྙོར་ཏེ་ལག་ཆགས་སུ་བཅུག་ནས་རྒྱུན་ལྡན་གྱི་འགྲོ་འོང་ལ་དཀའ་ཁག་དེ་ཙམ་མེད་པའི་སྐབས་དེར། ཁོ་མོའི་རེ་འདོད་ལྟར་ངེད་གཉིས་ཤེས་རིག་གི་སྒོ་ཐེམ་ལ་འཛེགས་པ་ནས་བཟུང་། ཁོ་མོས་དུས་རྒྱུན་ངེད་གཉིས་དྲན་ཚེ། ས་ཐག་རིང་བོ་ནས་རྩམ་པ་ཕྱེ་བུར་སོགས་ལག་བཟོས་ཞིམ་པོ་འཁྱེར་འོངས་ཤིང་། བུ་ཕྲུག་ངེད་གཉིས་མཐོང་མ་ཐག། དགའ་བ་དཔག་མེད་རྒྱས་ཏེ་རེ་རེའི་གདོང་ལ་བརྩེ་བའི་འོ་རེ་བྱེད་པ་ཡིན། ཁོ་མོའི་དྲན་གདུང་དང་སེམས་ཁུར་གྱིས་ཁེངས་པའི་མིག་འབྲས་ལས་མཆི་མའི་བཞུར་རྒྱུན་འགོག་མ་ཐུབ་པར་འཐོར་འགྲོ་གྲབས་ཡོད་དུས། བུ་ཕྲུག་ངེད་གཉིས་ཀྱི་སེམས་ལ་མི་སྐྱིད་པ་བཟོས་འགྲོ་བསམ་ནས། སྐད་མགྱོགས་མོའི་ངང་ཨ་མ་ཕྱིར་འགྲོ་རན་སོང་ལབ་རྗེས། ཁ་རྒྱབ་ཏུ་འཁོར་ཏེ་མིག་ཆུ་འབྱིད་ཀྱིན་ཡུལ་ཕྱོགས་སུ་ཆས་འགྲོ་བ་ཐེངས་གང་མང་ཡིན།

ཁོ་མོས་རང་ནུས་ཅི་ལྕོགས་ཀྱིས་ངེད་ཅག་ལ་ཁྱིམ་ཚང་གཞན་གྱི་བྱིས་པ་དང་འདྲ་བར་གྱོན་པ་གསར་རྐྱང་ཉོ་བར་བྱེད། འོན་ཀྱང་། མོ་རང་གིས་ཤ་ཉེ་རྣམས་ཀྱི་ལྭ་རྙིང་པ་དག་གོན་པ་ལས། ལྭ་གསར་པ་ཞིག་ཉོ་བ་ཤིན་ཏུ་དཀོན། ཉིན་ཞིག་ངས་ཨ་མར། ད་ནི་སྔོན་ཆད་དང་མི་འདྲ་བར་དུས་རབས་གསར་པ་རེད། མི་ཚང་མས་རང་རང་གི་མཛེས་དཔྱོད་ཀྱི་ལྟ་བའི་ཐོག་ལྭ་བ་གང་ཡག་ཉོ་བཞིན་ཡོད་པས། ཁྱོད་ཀྱིས་ཀྱང་རང་བློར་འབབ་པའི་ལྭ་བ་ཞིག་ཉོས་ན་མི་བཟང་ངམ། དུས་རྒྱུན་མི་གཞན་གྱི་ལྭ་བ་རྙིང་པ་དག་གོན་བསྡད་ན་དོན་སྙིང་ཅི་ཞིག་ཡོད་ཅེས་དྲིས་དུས། ཁོ་མོས་འདི་སྐད་དུ། བུ་ཕྲུག་ཁྱོད་གཉི་གས་ལྭ་བ་ཡག་པོ་རེ་གྱོན་བསྡད་ན་ཨ་མའི་སེམས་ཀྱི་གཟི་བརྗིད་དེ་ཡིན་ཟེར།

འདི་དང་འདི་ལྟ་བུའི་འདས་དོན་མང་པོ་ཞིག་ངའི་ཡ་ཆུང་སེམས་ཀྱི་བརྙན་འཕྲིན་ནང་ཤར་ཚེ། ང་རང་ལོ་ན་བཅུ་གསུམ་ཡིན་དུས་ཆམ་ནད་ལྕི་མོ་ཕོག་སྐབས་ཀྱི་དོན་དག་ཅིག་ངང་ངམ་ཤུགས་ཀྱིས་དྲན་ཡོང་། དེ་དུས། ཨ་མས་གནས་ཚུལ་དེ་གོ་མ་ཐག་མྱུར་བ་མྱུར་བར་སློབ་གྲྭའི་ནང་དུ་ཡོང་ཞིང་། བུ་ཕྲུག་ང་རང་འཁྲིད་ནས་རྫོང་སྨན་ཁང་དུ་སོང་བ་ཡིན་ལ། སྨན་ཁང་དུ་བསྡད་པའི་ཉིན་འགའི་རིང་། ཨ་མའི་གདོང་པ་ལས་ཁོ་མོ་སྡུག་བསྔལ་གྱིས་མནར་འདུག་པའི་ཚོར་བ་ཞིག་རང་དབང་མེད་པར་བྱིན་ཡོང་བ་དང་། ཁོ་མོའི་ལོ་ཟླའི་གྲང་རེག་གིས་གཙེས་པའི་ངོ་གདོང་སྐྱ་བོ་དེ་ལས་ངའི་བུ་ཆུང་ནད་ལས་ཐར་ཏེ། གནམ་ལྡིང་ས་ལྡིང་བྱེད་པའི་རེ་སྨོན་གྱིས་ཁེངས་འདུག་པའི་སྣང་བརྙན་དེ་ནི། ངས་ཇི་སྲིད་བར་དུ་བརྗེད་མི་ཐུབ་པའི་ཨ་མའི་གཞོན་དུས་ཡིན་ལ། སྐྱོ་སྡུག་གི་དོན་དག་འདི་འདྲས་ངའི་མིག་མཐར་རང་དབང་མེད་པར་མཆི་མ་འཁོར་དུ་འཇུག་ཅིང་། རང་ཉིད་སློབ་གྲྭ་ན་ཡོད་དུས། ཨ་མ་དྲན་པའི་སྐྱོ་གདུང་སྙིང་གི་ར་བར་མེ་ལྕེ་མཆེད་པ་བཞིན་ག་ས་གང་དུའང་འཕྱུར་ཡོང་བ་དང་། ལོ་ཟླ་འདི་འདྲ་ཞིག་མ་སོང་བར་དུ་ངས་ཨ་མས་རང་ལ་སེམས་ཚེགས་བྱེད་པ་དེ་ཇི་ལྟ་བུ་ཞིག་ཡིན་པ་མ་ཤེས་ལ། འདས་ཟིན་པའི་ལོ་ཟླའི་ནང་འདི་ལྟ་བུའི་དོན་དག་གང་མང་ཞིག་བརྒྱུད་པས། ངས་ད་གཟོད་ཨ་མས་རང་གི་བུ་ཕྲུག་ལ་བཅངས་པའི་བརྩེ་སེམས་ནི་གངས་དཀར་རི་བོའི་མདངས་ལ་འཁུ་ཞིང་། རྒྱ་མཚོ་ཆེན་མོའི་གཏིང་ལས་བརྒལ་བ་ཞིག་ཡིན་པའི་ངེས་ཤེས་རྙེད་པ་དང་། དེའི་ཞོར་ནས་འཇིག་རྟེན་ན་ཆེས་གཟི་བརྗིད་ལྡན་པ་ནི་ཨ་མའི་བརྩེ་བ་ཡིན་ལ། ཆེས་འཇལ་ཐབས་དཀའ་བ་ནི་ཨ་མའི་དྲིན་ལན་ཡིན་པ་ཤེས།

ཨ་མའི་ན་ཚོད་ཀྱི་འབྲུ་དྲུག་ལོ་ཟླའི་འཁོར་འགྲོས་ཀྱི་སེར་བས་གཞོམ་ཀྱིན་པ་ང་ཡིས་ཤིན་ཏུ་ཚོར་དཀའ་བར་གྱུར་བ་ནི་འདི་ལྟ་སྟེ། ལོ་འགའི་སྔོན་གྱི་གནང་སྐབས་ཤིག་ལ། ང་རང་ཕ་ཡུལ་དུ་འབྱོར་དུས། བསམ་ཡུལ་ལས་འདས་པ་ཞིག་ལ། ངས་ཨ་མའི་གདོང་པ་ནས་རྒས་གཉེར་གྱི་ཐེམ་པ་འགའ་གསལ་བོར་མཐོང་བྱུང་ལ། རྒས་གཉེར་དེ་དག་གིས་ཨ་མའི་ན་ཚོད་སྐད་ཅིག་དེ་ཉིད་ལ་ཚད་ངེས་ཅན་ཞིག་ཏུ་སླེབ་ལ་ཉེ་བའི་ཚོར་བ་སྟེར་ཞིང་། ཐེངས་ཤིག་ཨ་མས་སྐྲ་ཤད་ཀྱིན་པའི་སྐབས་དེར། ང་ཡི་མིག་ལམ་དུ་ཨ་མའི་མགོ་ན་སྐྲ་དཀར་ཉག་མ་འགའ་ཐར་ཐོར་དུ་སྐྱེས་ཡོད་པ་དང་། སྐྲ་བཀྲུས་ཚར་ཏེ་ཡར་ལངས་ནས་འགྲོ་བཞིན་པའི་རྒྱབ་གཟུགས་མཐོང་དུས། མོ་རང་ལ་རྒས་མདོག་ཅིག་མངོན་གསལ་དུ་ཤར་འདུག། དེ་མ་ཐག་ངའི་སེམས་སུ། སྔོན་ཆད་ཕྱུགས་ཟོག་གི་རྨིག་རྗེས་ན་ལང་ཚོའི་སྐྱེས་སྟོབས་རབ་ཏུ་རྒྱས་པའི་ཨ་མ་ནི། སྲིད་པའི་ཁ་དཔེར། ཁ་མ་རྒས་ཨ་ལོ་ཙ་ན་ཡོད་དུས། །མིག་མ་རྒས་ཆག་ག་མཐའ་ན་ཡོད་དུས། །ལུས་མ་རྒས་སྨྱུག་མ་ཚིགས་དྲུག་ཡིན་དུས། །ཞེས་པ་ལྟར་ན་གཞོན་གྱི་ལང་ཚོའི་སྟོབས་ཤུགས་ཡོངས་སུ་ཚང་བའི་སྐྱེས་མ་ཞིག་ཡིན་མོད། ད་ལྟ་ངའི་མིག་ལམ་དུ་ཡོད་པའི་ཨ་མ་ནི། སྐད་ཅིག་དེ་ཉིད་ལ་རྒས་སོང་བའི་ཨ་མ་དེ་ཡིན་པས། སྣང་ཚུལ་འདིས་ངའི་སེམས་པ་འཁྱག་ཤུར་ཤུར་དུ་བཏང་།

ཨ་མ་ཇི་འདྲ་ཞིག་རྒས་ཀྱང་། བུ་ཕྲུག་ངེད་ཅག་ནི་སྔོན་ཆད་དང་འདྲ་བར། ཁོ་མོའི་སེམས་ཀྱིས་འཚོས་འཚོས་ཡོད་ལ། ཨ་མས་དུས་རྒྱུན་ལབ་ཡོང་བ་ནི། ང་རང་ལོ་ན་ཇི་ལྟར་ཇེ་ཆེར་སོང་ན། ཁྱེད་ཚོར་སེམས་ཁྲལ་དེ་ལྟར་ཇེ་ཆེ་རེད་ཟེར་བས། ངས་ནི་སེམས་བསམ་པའི་གཏིང་ནས་ཨ་མའི་གཞོན་དུས་ཀྱི་ལང་ཚོའི་འདབས་མ་དུས་ཀྱི་ལྷགས་རླུང་གིས་གཞོམ་ཀྱིན་ཡོད་ཀྱང་། རང་གི་བུ་ཕྲུག་ལ་ཐུགས་ཁུར་བྱེད་པའི་སེམས་པ་ནི་སྔར་བཞིན་དགུན་འཁྱག་གི་མཚན་མོ་ཞིག་ཡིན་ཡང་། རེ་བ་དང་འོད་སྣང་གིས་གཏམས་པའི་མེ་ལྕེ་ཞིག་དང་འདྲ་བར་ལྷགས་རླུང་གི་ཁྲོད་ནས་བཙན་གྱིས་འབར་ཏེ། ངེད་ཅག་གི་མཚན་མོར་དྲོད་ཁོལ་དང་ཡིད་ཆེས་གང་རྫོགས་མེད་ཀྱིན་པ་ཚོར། དེའི་ཕྱིར། ཨ་མ་ལགས། སྔོན་ཆད་ནས་ད་ལྟའི་བར་ལོ་ཟླ་མང་པོ་ཞིག་གི་རིང་ལ་ཁྱེད་ཀྱིས་ངེད་བཟའ་མི་གང་བོའི་ལྟོ་རྒྱབ་ཀྱི་དོན་དུ་དབྱར་ཁའི་ཆར་དང་། དགུན་ཁའི་བུ་ཡུག་ལ་མ་འཛེམས་པར་སྦྲ་མཐིང་སྨུག་ཁ་རུ་ལྷོ་ལ་བརྐྱངས། ཕྱུགས་ཁྲ་ཁྲའི་འགོ་ལོ་རྫ་ལ་བྱས་ཏེ་དཀའ་སྡུག་གང་མང་མྱངས་མོད། བུ་ཕྲུག་ངས་བསམ་མ་ཤེས་པར་ཨ་མ་ཁྱེད་ལ་ཚིག་ལོག་བརྒྱབ་ཅིང་། ངོ་མདོག་མི་འདྲ་བ་བསྟན། ཡིན་ནའང་། ཁྱེད་ཀྱིས་ངའི་བྱས་ཉེས་ཡོད་ཚད་ལ་གུ་ཡངས་གནངས་བ་མ་ཟད། ང་རང་ལ་སྐྱོན་ཆ་བཅོས་བསྒྱུར་བྱེད་པའི་གོ་སྐབས་སྟེར། ཁྱེད་ཀྱིས་རྫོགས་རྒྱུ་མེད་པའི་ཁྱིམ་ལས་ཙག་ཙིག་གི་ཁྲོད་དུ་ངལ་དུབ་ཡོད་ཚད་བཟོད་པར་བྱས་ནས། དགོང་མོར་ང་དང་སྲིང་མོ་གཉིས་གཉིད་མ་ཁུགས་པར་ཡོད་དུས། གནའ་སྔ་མོ་སྔ་མོ་ཞིག་ལ་ཟེར་ནས་མི་སེམས་སྒུལ་བའི་གནའ་གཏམ་གང་མང་བཤད་པ་མ་ཟད། ལས་ཀའི་བར་གསེང་གི་ཁྲོད་ནས་སྲིང་མོ་དང་ངེད་གཉིས་ཀྱི་བློ་རིག་གི་འཆར་སྒོ་ཇེ་ཡངས་སུ་གཏོང་བར་ཕན་པའི་དམངས་ཁྲོད་ཀྱི་ཁེད་སོགས་ཀྱང་བསླབས་པས། ངེད་བཟའ་མི་གང་བོའི་འཚོ་བ་ནི་དགོད་སྒྲས་ཁེངས་པའི་བདེ་སྐྱིད་ཀྱི་འཇིག་རྟེན་ཞིག་མིན་ནམ། དེ་བས། ངས་བསམ་ན། ཨ་མ་ལགས། འོ་ཅག་གི་འཇིག་རྟེན་འདིར་ཁྱེད་ཀྱིས་མྱངས་མེད་པའི་སྡུག་བསྔལ་ཞིག་ཡོད་མི་སྲིད་ལ། ཁྱེད་ཀྱིས་བསྐྲུན་མེད་པའི་བདེ་སྐྱིད་ཅིག་མེད་མི་སྲིད་སྙམ། ཁྱེད་ཀྱིས་འདི་ལྟར་དཀའ་སྡུག་གི་ཁྲོད་ནས་ཐབས་ལམ་མི་འདྲ་བ་དུ་མ་བཀོལ་ཏེ་ཆུང་དུས་ནས་བཟུང་ངེད་གཉིས་ལ་སློབ་གསོ་གང་མང་གཏོང་བས། དྲིན་ཆེན་ཨ་མ་ཁྱེད་ནི་ད་གཟོད་ངེད་གཉིས་ཀྱི་མི་ཚེའི་ལམ་གྱི་དགེ་རྒན་དང་པོ་དེ་ཡིན་པ་རྟོགས།

ཨ་མ་ལགས། ངེད་གཉིས་ས་ཐག་རིང་བོ་ཇི་འདྲ་ཞིག་འགྲིམས་ཀྱང་། དྲན་པའི་ཡོལ་བའི་ངོས་སུ་ནམ་ཡང་རྫོགས་རྒྱུ་མེད་པའི་ལེ་ཚན་ནི། རྫ་རི་མཐོ་ས་དེ་རུ་སྨུག་པ་གྱ་གྱུ་དང་། ཁ་ཆར་བུ་ཡུག་གི་གདུང་བ་བཙན་པོའི་ངོགས་སུ་ནོར་ལུག་གི་རྨིག་རྗེས་ཁྲོད་དུས་ཡུན་རིང་བོར་ལུས་པའི་ཨ་མ་ཁྱེད་ཡིན་ལ། གདུག་རྩུབ་ཆེ་བའི་གྲང་རླུང་གི་རྒྱུ་ཕྱོགས་སུ་ལྷབ་ལྷུབ་གཡོ་བའི་ཁྱེད་ཀྱི་སློག་པ་དང་། རྡུལ་གྱིས་ཁེངས་པའི་ཁྱེད་ཀྱི་ཞལ་རས། རླུང་གིས་བཅད་པའི་ཁྱེད་ཀྱི་ཉག་ཆུང་གི་སྐྲ་ལོ་བཅས་ནི་ངེད་ཅག་གི་མི་ཚེ་འདིའི་བརྗེད་མེད་སེམས་ཀྱི་དྲན་ཤིང་ཡིན་པ་དང་། རང་གི་བུ་ཕྲུག་གི་དོན་དུ་ཉིན་མཚན་དབྱེ་བ་མེད་པར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ། འཁོར་བའི་རང་གཤིས་ལ་ཨུ་ཚུགས་མཐར་སྐྱེལ་བྱས་ནས་ཁྱིམ་ཚང་འདིའི་ལས་དོན་ཡོད་ཚད་ཕྲག་ཏུ་བླངས་ཏེ། དཀའ་སྡུག་ཚད་མེད་མྱོང་གིན་པའི་སྣང་བརྙན་རེ་རེའི་ཁྲོད་དུ། ཁྱེད་ཀྱི་ན་ཚོད་ནི་རླུང་གིས་སྤུར་བའི་སྟོན་ལོ་དང་། སད་ཀྱིས་བཅོམ་པའི་མེ་ཏོག་བཞིན་གས་ཆག་ཤོར་གྱིན་པའི་མངོན་སུམ་གྱི་སྣང་ཚུལ་རེ་རེ་སེམས་པའི་དཀྱིལ་ལ་ལྷུང་དུས། ཁྱེད་རང་སྔར་བཞིན་ལང་ཚོའི་སྐྱེས་སྟོབས་རྒྱས་པའི་བུད་མེད་དེ་ཡིན་ན་ཅི་མ་རུང་སྙམ་པའི་རེ་སྨོན་གྱི་ཀློང་ལ་སིམ་མོད། འཇིག་རྟེན་གྱི་ཆོས་ཉིད་ནི་མགོན་པོ་སུས་ཀྱང་བསྒྱུར་ཏུ་མེད་པའི་རང་བཞིན་འདི་འདྲ་ཞིག་རེད་པས། ཡུལ་དུས་ངེས་མེད་ལ་ཁྱེད་ཀྱི་སྣང་བརྙན་རེ་རེ་ཡིད་ཀྱི་བརྙན་རིས་སུ་ཤར་ཚེ། ངེད་ཅག་གིས་ཁྱེད་ཀྱི་བྱམས་བརྩེ་ཡི་དྲོད་ཐིག་རེ་རེར་ཡ་ལན་མི་སྟེར་ཀ་མེད་བྱུང་སོང་།

ད་ནི། ཚོར་བའི་ཕྱིར་དྲན་གྱི་ཀློང་ན་མིག་ཆུས་སྒྲུང་གཏམ་འབྲི་བའི་ཨ་མ་ལགས། ང་ཡིས་ཁྱེད་ཀྱི་མི་ཚེའི་དཀའ་སྡུག་གི་ཟིན་བྲིས་ཇི་ལྟར་བཀླགས་ཀྱང་དངོས་ནས་བཀླག་མི་ཚར་ལ། ཁྱེད་ཀྱི་བྱམས་བརྩེ་ཡི་མཛོད་ཁང་ཇི་ལྟར་བསྔོགས་ཀྱང་སྔར་བཞིན་བསྔོག་མི་ཚར་བས། ཨ་མ་ཁྱེད་ནི་ང་ཡིས་རང་གི་དཔེ་དེབ་བཞིན་བཀླག་དགོས་ལ། ཨ་མ་ཁྱེད་ནི་ང་ཡིས་རང་གི་ཕུགས་འདུན་ལྟར་འཚོལ་དགོས་པ་རྟོགས།

༢༠༡༦ལོར་བྲིས། 

༢༠༢༠ལོའི་ཟླ༣པའི་ཚེས༥ཉིན་བཅོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།