འདམ་ཁུ་སེར་པོ།

ངས་པར་གྱི་སྐོར་ལ་དོ་སྣང་བྱས་ནས་ཡུན་རིང་སོང་མོད། དངོས་སུ་པར་ཆས་སྐེ་ལ་བཏགས་ནས་ཉི་ནུབ་དང་ཉི་ཤར་བརྒྱུད་རྒྱུ་དེ་ཙམ་མ་བྱུང་ལ། ཆེད་དུ་མཚོ་འགྲམ་དང་གངས་འདབས་སོགས་སུ་ཕྱིན་པའང་མེད་པས། དྲང་མོར་བཤད་ན། ང་རང་པར་རྒྱག་མཁན་ངོ་མ་ཞིག་མིན་ལས་ཆེའོ། །

དེ་ལྟ་ནའང་། ངའི་སེམས་ཀྱི་པར་མིག་ཏུ་ཚོས་ཁ་དང་ཚོས་ཁ་ངང་གིས་འགྲིག་ཅིང་མཚོན་དོན་དང་མཚོན་དོན་ཞོར་ལ་འཕྲོད་ཀྱིན་ཡོད་པས། པར་ལེན་པ་ཞེས་པ་འདི། ང་ལ་དེ་འདྲའི་རྒྱུས་མེད་ཅིག་ཀྱང་མིན་ཚོད་དོ། །

ཕྱེད་གདངས་ཕྱེད་བཙུམས་ཀྱི་མིག་གིས་དང་། པུས་མོ་ས་རུ་འཛུགས་པའམ་མི་འཛུགས་པ་སོགས་ཀྱིས་རིང་ལེན་དང་ཐུང་ལེན། རྒྱང་ལེན་དང་ཉེ་ལེན། ངོས་གཅིག་ལ་ཟུར་དུ་མ་ནས་དང་ཟུར་མང་པོ་ཞིག་ངོས་གཅིག་ལ་འཐེན་ཤེས་པའི་ལག་རྩལ་གསར་བྱུང་རིགས་ནི། ངས་ཞིབ་ཏུ་སྦྱངས་མྱོང་མེད་མོད། གསར་ཐོན་པར་ཆས་ཡག་ཤོས་རིགས་ཀྱི་ཚོང་རྟགས་དང་དེའི་གྲས་ལ་ཁ་སྣོན་བྱུང་ཡོད་པའི་ནུས་གསར་སྐོར་ལའང་གསལ་ཆ་ཅུང་ཟད་ཡོད་པས་ན། གཞི་རྩ་ནས་བཤད་ན། ང་རང་པར་རྨོངས་པ་ཞིག་ཀྱང་མིན་ལས་ཆེའོ། །

གཞུང་ལུགས་ཀྱི་དབང་དུ་བྱས་ན། པར་ལེན་པ་ནི་ནམ་ཟླའི་འགྱུར་བ་དང་གནམ་གཤིས་ཀྱི་དྭངས་འཐིབ་ལའང་རག་ལས་ཡོད་ཅིང་། ཉི་འོད་དང་། ཟླ་འོད། སྐར་འོད། གློག་འོད་སོགས་སྣང་བར་བྱེད་པ་ཡོད་རྒུ་དང་། སྨུག་པ་དང་། ན་བུན། གྲིབ་མ་སོགས་སྒྲིབ་པར་བྱེད་པ་ཐམས་ཅད་ཀྱི་སྡེབ་སྒྲིལ་དང་། སྙོམས་སྒྲིག སྡུར་ཚད་སོགས་ལའང་ཧ་ཅང་ལྟོས་པའོ། ། དེ་ལས་ཀྱང་པར་ལེན་པ་པོ་རང་གི་ནང་སེམས་ཀྱི་གསལ་དྭངས་དང་། གྲིམ་ལྷོད། བཙན་གཉོམ་སོགས་ལ་ཐད་ཀར་གྱི་འབྲེལ་བ་ཡོད་པའོ། །

ང་ཡང་པར་ལེན་མཁན་སྤྱི་དང་འདྲ་བར་མཐའ་ཡས་པའི་རྒྱ་མཚོ་དང་། དེའི་རླབས་ཀྱི་ལངས་འཇགས། དག་གཙང་གི་ས་གཞི་དང་། དེའི་ཁོད་ཀྱི་ཡངས་ཆ། འཆར་ཀ་དང་ཐུན་མཚམས་ཀྱི་སེར་ཧང་ཧང་དང་དམར་ལམ་ལམ་བཅས་ལ་ཧ་ཅང་དགའ་མོད། རང་ཁོ་ནའི་ཨུ་ཚུགས་ལ་གཏོགས་པའི་དགའ་ཕྱོགས་ཀྱང་ཡོད་དེ། དཔེར་ན། གཞོན་ནུ་མའི་ལྷམ་དང་ཁེར་རྐྱང་གི་རྒྱབ་གཟུགས། སྟོན་ལོས་གཡོགས་པའི་རྒྱ་ལམ་དང་། ས་སེར་དང་འདམ་ཁུའི་ཀློང་གི་མོ་ཊ་སོགས་སོ། །

དེ་ལོར་གངས་ཕྲུག་དོན་གྲུབ་ལགས་ཕྲན་སར་ཆེད་བཅར་གྱིས་པར་གྱི་ཐད་ལ་ལམ་སྟོན་ཞིག་གནང་རོགས་ཞེས་གསུངས་དུས་ཀྱང་། ཁོང་གི་གུས་ཞབས་ཀྱི་ངོ་བཟློགས་མ་ཤེས་པར་མགོ་མེད་མཇུག་རྡུམ་གྱི་བསམ་ཚུལ་མང་པོ་ཞིག་བརྗོད་མྱོང་བ་ཡིན། ཉིན་དེར་ཁ་བ་ཅུང་ཟད་འབབ་ལ། རླུང་ཡང་ཕྲན་ཙམ་ལྡང་ངོ་། ། ཟི་ལིང་གི་ནམ་མཁའ་ཧྲིལ་པོ་སྐྱ་སེང་སེང་དང་ནག་ངམ་ངམ་བྱེད། དེ་བས་ངས་མཁའ་དབུགས་དང་པར་ལེན་པ་ཞེས་པའི་སྒང་ནས་ཀྱང་བཤད་པ་ཡིན། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་ནི། ངས་སྐབས་དེར་བཤད་པ་རུ་པར་གྱི་ལོ་རྒྱུས་དང་པར་ལེན་སྒྱུ་རྩལ་གཉིས་བསྲེས་པ་ལྟ་བུའི་རྩིང་སྐྱོན་རེ་ཟུང་མཆིས་པ་མ་གཏོགས། ཡོངས་སུ་རྩིས་མེད་དུ་གཏོང་དགོས་པའི་བཤད་ནོར་འདྲ་ཅང་མེད་པའོ། །

ཉེ་ཆར་ང་རང་ནང་ལོགས་ཀྱི་པར་ལེན་མཁན་པོར་འབོད་འོས་པ་དང་བརྙན་ལེན་མཁས་པར་བཀུར་ཆོག་པ་དུ་མར་ཕྲད་སོང་། ཁོང་རྣམ་པ་དང་ཁ་བརྡ་བྱེད་ཀྱིན་བྱེད་ཀྱིན་དུ་ངས་པར་དང་བརྙན་ལ་བཟུང་བའི་ལྟ་ཚུལ་སྐོར་ཞིག་ཁ་ཇེ་གསལ་དུ་སོང་ལ། རྩོམ་རིག་སྒྱུ་རྩལ་དང་པར་གྱི་བར་ནའང་སྦྲེལ་ཆོག་པ་མང་པོ་ཡོད་པ་ཤེས་སོང་། དེ་ཡང་པར་ལེན་སྟངས་ལའང་རྣམ་གཞག་གཙོ་བོ་སྐོར་ཞིག་ཡོད་ཅིང་། བརྙན་ལ་དེ་ལས་ཀྱང་ཡོད་པའོ། །

ཡིན་ནའང་རྣམ་གཞག་ཁོ་ན་ཤེས་པས་མི་ཆོག་པར། པར་ལེན་པ་ལ་གཉུག་མ་ཡི་བཀྲག་མདངས་ཀྱང་དགོས། འགྱུར་སྐད་ཀྱིས་བཤད་ན་མི་སྒེར་པའི་མཐོང་སྣེ་ཡང་ཆད་མི་རུང་ལ། ཐུན་མོང་གི་ཆ་ཞིག་འོས་འཚམས་ཀྱིས་སྟོན་པ་ལའང་བྱང་ཞིང་གོམས་ཀྱང་དགོས་པའོ། ། དེ་རིང་ངས་དེ་དག་ལ་བསམ་བློ་གཏོང་ཞོར་དུ་སྤྱིར་བཏང་གི་སྲང་ལམ་ཞིག་ལ་ཕྱིན་ནས་ཆེས་སྤྱིར་བཏང་གི་རྒྱབ་གཟུགས་ཤིག་པར་དུ་བླངས་པ་ཡིན། ཕྱིར་དྲན་གྱིས་ཡོངས་སུ་ཟིན་པའི་སྐྲ་ལོ་རིང་པོ། ངས་ཁྱོད་རང་ངོ་ཤེས་པ་འདྲ། ཕྱིར་དྲན་གྱིས་ཟིན་ཐབས་བྲལ་བའི་ཕྲག་པ་དང་སྒལ་གཞུང་། ངས་ཁྱོད་རང་ངོ་མི་ཤེས་པའང་འདྲའོ། །

མཚམས་དེར། གློ་བུར་དུ་སྐད་འཕྲིན་གྱི་སྒྲ་ཞིག་གྲགས་བྱུང་བས། ཁ་པར་ལ་མ་བལྟས་ཐབས་མེད་བྱུང་། དེ་ལ་དྲ་གྲོགས་ཤིག་གིས་པི་ཝང་གི་པར་ཞིག་བསྐུར་འདུག ཅུང་ཟད་དམར་བའི་གཞི་མདོག་དང་། སེར་ཆ་ཡང་འདྲེས་པའི་རང་མདངས་སོགས་ཀྱིས་དར་ཅིག་རིང་མིག་གི་དབང་པོ་དྲངས་སོང་། ད་དུང་སྐུད་པ་འགའི་ཐོག་ནས་སེམས་ཀྱི་འགྱུ་བ་མ་ལུས་མཚོན་ཆོག་པའི་ཅ་ལག་འདི་ཤ་ཚ་པོ་མི་འདུག་གམ་ཡང་སྙམ་སོང་། པི་ཝང་གི་པར་དང་འབྲེལ་ཏེ་བདུད་བྷེ་ཡི་པར་ཞིག་དྲན་སོང་ལ། དེ་དང་འབྲེལ་ཏེ་ལྷ་མོ་དབྱངས་ཅན་མའི་ཐང་ཀ་ཞིག་ཀྱང་དྲན་སོང་།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།